འབྲོག་ཁུལ་གྱི་སློབ་མར་རྒྱ་ཡིག་གི་སློབ་ཁྲིད་ཇི་ལྟར་བྱེད་ཚུལ་གླེང་བ།

རྨ་ཆེན་རྫོང་བོད་ཡིག་སློབ་འབྲིང་།བསེས་ལོ།        2011-01-05

འབྲོག་ཁུལ་གྱི་སློབ་མར་རྒྱ་ཡིག་གི་སློབ་ཁྲིད་ཇི་ལྟར་བྱེད་ཚུལ་གླེང་བ།

འབྲོག་ཁུལ་གྱི་སློབ་མ་མང་ཆེ་ཤོས་ཤིག་གིས་རྒྱ་ཡིག་ཕར་ཞོག་རྒྱ་སྐད་ཀྱང་མི་ཤེས་པས་རྒྱ་ཡིག་སློབ་པར་ཆེས་ཆེ་བའི་དཀའ་ཁག་ཅིག་བཟོས་ཡོད་པ་རེད།དེའི་ཕྱིར་རྒྱ་ཡིག་དགེ་རྒན་མང་ཆེ་བས་རྒྱ་ཡིག་གི་སློབ་ཁྲིད་ཐ་སྙད་རེ་གཉིས་ཁོ་ཚོར་གསལ་བྱེད་ཐུབ་ཆེད་སྒོ་སམ་སྟེང་དུ་དེ་མཐུན་གྱི་དཔེ་འཇོག་དང་དཔེ་ལེན་རབ་དང་རིམ་པའི་བྱེད་ཐབས་བཀོལ་ཅིང་ཡང་འགྲེལ་དང་སྐྱར་བཤད་རྫོགས་མཐའ་མེད་པ་བྱས་ཀྱང་སློབ་མས་ད་དུང་གོ་བ་གསལ་བོ་བྱུང་བ་མ་ཐུབ་སྟེ།མཐར་དགེ་རྒན་གྱིས་ཤུགས་རིང་ནར་ནར་དང་མགོ་བོ་ལྕོག་ལྕོག་གཡུག་བཞིན་དུ་སློབ་ཁྲིད་སྤེལ་བའི་རེ་བ་ཆད་པ་དང་སློབ་མས་རིམ་བཞིན་རྒྱ་ཡིག་སློབ་མི་འདོད་པར་གྱུར་པ་མ་ཟད།མི་རིགས་ས་ཁུལ་གྱི་སློབ་མར་རྒྱ་ཡིག་སློབ་ཁྲིད་བྱེད་རྒྱུའི་ཁུར་བོ་ཇེ་ཆེར་བཏང་།གནད་དོན་དེ་ལ་དམིགས་ནས་ཅུང་ལེགས་པའི་བྱེད་ཐབས་བཟང་བོ་ཞིག་བཀོལ་ཏེ་འབྲས་བཟང་འཐོབ་ཐུབ་པ་ནི་སྐད་གཉིས་སློབ་ཁྲིད་སྤེལ་རྒྱུའི་དམིགས་ཡུག་ཡིན།དཔེར་ན།རྒྱ་ཡིག་གི་སློབ་ཚན་དྲུག་པའི་《ཉི་གཞོན》ལྟ་བུའི་ཁ་བྱང་དེ་འབྲོག་ཁུལ་གྱི་སློབ་མས་གོ་དཀའ་ཚེ།དགེ་རྒན་གྱིས་མིང་ཚིག་དེ་བོད་ཡིག་ཏུ་བསྒྱུར་ནས་སྒོ་སམ་ཐོག་ཉི་གཞོན་ཞེས་པའི་ཡིག་འབྲུ་གཉིས་བྲིས་ནས་བོད་སྐད་ཀྱིས་ཉི་མའི་དོན་རེད་ཅེས་བཤད་ན་སློབ་མ་ཚང་མས་ཝ་ལེར་གོ་སླ་བ་མ་ཟད།རྒྱ་ཡིག་སློབ་ཁྲིད་ལའང་གསོན་ཤུགས་དང་སྤྲོ་སྣང་ཞིག་རྒྱས་པ་ཡིན།གནད་འདི་ནས་ངས་མྱོང་སྣང་གསར་བ་ཞིག་རྒྱུས་ལོན་ཐོབ་པ་ནི་རྒྱའི་སྐད་ཡིག་གི་སློབ་ཁྲིད་ཁྲོད་ངེས་པར་དུ་རྒྱ་སྐད་ཁོ་ནས་བཤད་དགོས་པའི་ངེས་པ་མེད་དེ།སྐད་གཉིས་སྤྱད་ནས་སློབ་ཁྲིད་བྱས་ཀྱང་ཆོག་ཅེས་པ་དེ་རེད།སྐད་གཉིས་སློབ་ཁྲིད་དེ་ལ་ཡང་ཁོ་རང་གིས་དགེ་མཚན་ཡོད་ལ་མི་འདང་སའང་ཡོད་པར་འདོད་དེ།སློབ་ཁྲིད་སྐབས་དུས་ཚོད་ཀྱི་མི་འདང་བ་སོགས་ཡིན་ཡང་སློབ་མས་གོ་བདེ་ལ་ཤེས་ཐུབ་པ་ཞིག་རེད།གཞན་མི་རིགས་སློབ་གྲྭ་ཡོངས་ཀྱིས་བཀོལ་སྤྱོད་བྱེད་བཞིན་པའི་རྒྱ་ཡིག་སློབ་གཞི་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་གཞི་ཡིན་ཕྱིར་དེས་མཐའ་ཁུལ་མི་རིགས་སློབ་མར་དཀའ་ཁག་ཆེན་པོ་བཟོས་ཡོད།དེ་བཞིན་དུ་རྒྱ་རིགས་སློབ་གྲྭའི་རྒྱ་ཡིག་སློབ་ཁྲིད་ཀྱི་ཚད་གཞི་རེ་བ་ལྟར་བྱས་པས་བོད་རིགས་སློབ་མར་ཁུར་བོ་ཆེན་པོ་ཞིག་དང་མི་རིགས་སློབ་མར་རྒྱ་ཡིག་སློབ་ཁྲིད་ཐད་དཀའ་ཁག་ཆེན་པོ་དང་སྣ་མང་རྙོག་འཛིང་ཅན་དུ་བྱས་མཐར་རྒྱ་ཡིག་སློབ་གྲྭའི་སློབ་ཁྲིད་དམིགས་ཚད་དེ་འགྲུབ་དཀའ་བ་ཞིག་ཏུ་གྱུར་ཡོད།དེས་ན་སློབ་གྲྭས་རང་གི་དོན་དངོས་ལ་དམིགས་ཏེ་སློབ་ཁྲིད་སྒྱུར་བཅོས་དང་རྒྱའི་སྐད་ཡིག་སློབ་གཞི་འདི་བཀོལ་མཁས་བྱེད་དགོས།དཔེར་ན།སློབ་ཆུང་དང་དམའ་འབྲིང་སྐབས་གཙོ་བོ་ཀློག་འདོན་དང་ཐ་སྙད་བློར་འཛིན་པ།དེ་དག་འབྲི་ཤེས་དང་འདོན་ཤེས།བཀོལ་ཤེས་བྱེད་རྒྱུ་ལས་གཞན་ད་དུང་བོད་རིགས་སློབ་མས་རང་ཉིད་ཀྱི་བོད་ཡིག་རྨང་གཞི་བཟང་བའི་དགེ་མཚན་དེར་དམིགས་ནས་ནུས་པ་དེ་སྤྱད་ནས་རྒྱ་ཡིག་བསླབ་ཀྱང་ཆོག གཞན་བོད་རིགས་སློབ་མས་སུམ་རྟགས་དང་དག་ཡིག་སྙན་ངག་སོགས་སྦྱངས་ཟིན་པའི་དུས་སྐབས་ཡིན་ཡང་།རྒྱ་ཡིག་གི་སློབ་ཁྲིད་དེ་ཐ་སྙད་ཀྱི་སློབ་ཁྲིད་གཙོ་གནད་བྱས་ཀྱང་ཆོག དེ་ལྟར་ཕན་ཚུན་མཐུན་ཕྱོགས་བསྡུར་དཔྱད་བྱས་ན་མི་རིགས་སློབ་མའི་རྒྱ་ཡིག་གི་གོ་བ་ཇེ་ལེགས་དང་རྒྱ་ཡིག་སློབ་ཁྲིད་དེ་གཏིང་ཟབ་ཏུ་གཏོང་ཐུབ་ངེས་རེད།།

འབྲོག་ཁུལ་གྱི་སློབ་མར་རྒྱ་ཡིག་གི་སློབ་ཁྲིད་ཇི་ལྟར་བྱེད་ཚུལ་གླེང་བ།

  • ལེ་ཚན་སྔོན་མ།:རྨང་གཞི་ཞན་པའི་སློབ་མར་སློབ་གསོ་གཏོང་བའི་ཐབས་ལམ།
  • ལེ་ཚན་རྗེས་མ།:སློབ་གསོའི་ཞལ་གདམས།
  • དོ་སྣང་ཆེ་བའི་རྩོམ།