བོད་ཡུལ་རྩྭ་ཐང་གི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ།(2)

    མཚོ་སྔོན་པོ་དྲ་བ།    2013-12-20


རང་རེའི་རྒྱལ་ཁབ་ཀྱི་རྩྭ་སར་མཚོན་ན་འཛམ་གླིང་སྟེང་ཨང་གསུམ་པར་གྲགས་ཡོད་པ་དང་།  1980 ལོར། རྒྱལ་ཡོངས་ཀྱི་རྩྭ་སའི་ཐོན་ཁུངས་བརྟག་དཔྱད་བྱས་པ་ལྟར་ན།  རང་རྒྱལ་གྱི་རྩྭ་སའི་རྒྱ་ཁྱོན་ལ་ཧ་ལམ་སྤྱི་ཆིན་དུང་ཕྱུར 4 ཡོད་ལ ། ཧ་ལམ་རྒྱལ་ཁབ་ཀྱི་སྐམ་སའི་མངའ་ཁོངས་ཀྱི 40% ཡན་ཆད་བཟུང་ཡོད ། རང་རྒྱལ་གྱི་རྩྭ་ས་ལ་ཁག་ཆེན་པོ་གསུམ་དུ་བགོས་ཡོད་དེ །    བྱང་གི་དྲོད་ཁུལ་རྩྭ་ཐང་དང་ ། མདོ་དབུས་མཐོ་སྒང་གི་འཁྱག་ཁུལ་རྩྭ་ས། ལྷོ་ཡི་ཚ་ཁུལ--ཚ་འབྲིང་ཁུལ་རྩྭ་ས་བཅས་གསུམ་ཡོད།དེའི་ནང་མདོ་དབུས་མཐོ་སྒང་གི་འཁྱག་ཁུལ་རྩྭ་ས་ཞེས་པ་ནི་རང་རེའི་བོད་ཀྱི་ས་ཁུལ་དུ་གཏོགས་པ་ཡིན་ཏེ ། རང་རྒྱལ་གྱི་ནུབ་ལྷོ་ས་ཁུལ་གྱི་མཚོ་སྔོན་དང་། བོད་ལྗོངས ། ཀན་སུའུའི་ནུབ་ལྷོ ། སི་ཁྲོན ། ཡུན་ནན་གྱི་ནུབ་བྱང་ས་ཁུལ་བཅས་ལ་ས་ཁམས་རིག་པའི་ཐོག་མདོ་དབུས་མཐོ་སྒང་དུ་འབོད་པ་ཡིན །
  ཡངས་ཞིང་རྒྱ་ཆེ་བའི་རྩྭ་ཐང་དུ་ད་དུང་རིགས་མི་འདྲ་བའི་སྲོག་ཆགས་མང་པོ་ཞིག་ཡོད་དེ ། དཔེར་ན ། འཛམ་གླིང་དུ་མཆོངས་རྒྱུག་གི་མགྱོགས་ཚད་ཆེས་མྱུར་བ་གངས་གཟིག་དང་ ། འཛམ་གླིང་སྟེང་ཆེས་ཆེ་བའི་སྐམ་སའི་སྲོག་ཆགས་གླང་པོ་ཆེ །  འཛམ་གླིང་སྟེང་ཆེས་མཐོ་བའི་སྐམ་སའི་སྲོག་ཆགས་ཤ་བོ་སྐེ་རིང་སོགས་ཡོད །
  རྩྭ་ཐང་གི་ཁོར་ཡུག་ནི་མིའི་རིགས་ཀྱི་ཕྱུགས་ལས་ཀྱི་རྟེན་གཞི་ཡིན་པ་དང་།  དེས་མིའི་རིགས་ལ་འཛད་མཐའ་མེད་པའི་ཕྱུགས་ལས་ཐོན་རྫས་མང་པོ་མཁོ་སྤྲོད་བྱེད་བཞིན་ཡོད་པས་སའི་གོ་ལའི་ཁོར་ཡུག་དང་དེའི་སྟེང་གི་སྐྱེ་དངོས་ཡོངས་ལ་ཕན་ནུས་གལ་ཆེན་འདོན་བཞིན་ཡོད་པ་ཡིན །
  དང་པོ།      མདོ་དབུས་མཐོ་སྒང་གི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག
  མདོ་དབུས་མཐོ་སྒང་གི་རྩྭ་ཐང་ལ་སྤང་ངོས་ཀྱི་རྩྭ་ས་དང་རྩྭ་ཐང་གི་རྩྭ་ས ། རི་སྒང་གི་རྩྭ་ས ། ན་འདམ་གྱི་རྩྭ་ས ། ཐང་རྒོད་ཀྱི་རྩྭ་ས ། ནགས་ཚལ་གྱི་རྩྭ་ས་བཅས་རིགས་འགའ་ཡོད །    རྩྭ་ཐང་མང་ཆེ་བར་སྐྱེ་སྟོབས་ལྡན་ཞིང་འཚོ་བཅུད་ཆེ་བས་བོད་མིའི་སྒོ་ཕྱུགས་རྟ་ནོར་ལུག་གསུམ་དང་ར་མ ། རྔ་མོང་།  བོང་བུ ། དྲེལ་སོགས་འཚོ་སྐྱོང་བྱེད་པར་འཚམ་པ་དང་རི་སྐྱེས་སྲོག་ཆགས་གང་མང་གིས་ཅི་འདོད་སྒོས་ལོངས་སྤྱོད་ཆོག་ལ་དེ་དག་གི་རང་རྒྱུད་སྤེལ་སའི་གནས་ཕུན་སུམ་ཚོགས་པ་ཞིག་ཡིན །
  སྤྱིར་མདོ་དབུས་མཐོ་སྒང་ནི་རྒྱ་མཚོའི་ངོས་ལས་ཆེས་མཐོ་བ་སྟེ་ཆ་སྙོམས་ཀྱིས་སྨིད3500—5000 ཡོད་པ་དང་ ། ས་གཞིའི་རྒྱ་ཁྱོན་ཆེས་ཆེ་བ །    མཐོ་སྒང་གི་ཆགས་ཚུལ་ཆེས་གསར་བ་ཞིག་ཡིན་པ་བཅས་ཁྱད་ཆོས་ཆེན་པོ་གསུམ་ལྡན་ཞིང་། དེའི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་མཚོན་ན་ཆར་ཆུ་ཉུང་ཞིང་སྐམ་ཤས་ཅུང་ཆེ་བ །  རྩྭ་རིགས་རྩི་ཤིང་མང་བ ། རྐྱང་དང་གཙོད་སོགས་རྒྱུག་རྩལ་ལྡན་པའི་རི་དྭགས་མང་བ ། ནགས་ཚལ་དང་བསྡུར་ན་རྩི་ཤིང་དང་སྲོག་ཆགས་ཀྱི་རིགས་ཉུང་སྟེ །ལྷག་པར་དུ་ཤིང་སྡོང་མཐོན་པོ་དང་ཆུ་སྐྱེས་སྲོག་ཆགས །  སྐམ་ཆུ་གཉིས་གནས་ཀྱི་སྲོག་ཆགས་སོགས་ཅུང་དཀོན་པ་ཞིག་ཡིན །
  གཉིས་པ།   མདོ་དབུས་མཐོ་སྒང་གི་རི་ལུང་རྩྭ་ཐང་དང་སྐྱེ་དངོས་སྣ་ཚོགས །
  1.བོད་མདོ་དབུས་མཐོ་སྒང་ན་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཆེན་པོ་ཡོད་དེ ། བོད་ལྗོངས་བྱང་གི་རྩྭ་ཐང་ཆེན་པོ་ནག་ཆུའི་རྩྭ་ཐང་དང་། སི་ཁྲོན་ས་ཁུལ་གྱི་མཛོད་དགེའི་རྩྭ་ཐང་། རྔ་བའི་རྩྭ་ཐང་། ཀན་སུའུ་གཙོའི་རྩྭ་ཐང་ ། རྨ་ཆུའི་རྩྭ་ཐང་། རྒན་རྒྱའི་རྩྭ་ཐང་། མཚོ་སྔོན་གྱི་མཚོ་སྔོན་པོ་རྩྭ་ཐང་། གསེར་དངུལ་ཐང་།ཡུལ་ཤུལ་རྩྭ་ཐང་། མགོ་ལོག་རྩྭ་ཐང་། འབའ་མང་རའི་རྩྭ་ཐང་། རྩེ་གཞུང་རྩྭ་ཐང་། ཐེམ་ཆེན་རྩྭ་ཐང་སོགས་ཕུན་སུམ་ཚོགས་པའི་གཡང་རྭ་ཕྱུག་མོ་ཧ་ཅང་མང་ལ །  གནས་དེ་དག་ན་འཁྲུངས་པའི་རྩྭ་དང་སྔོ་སྨན་གྱི་རིགས་ལ་རྩྭ་ཀུ་ཤ  སྔོ་དཀར་པོ་ཆིག་ཐུབ ། མཁན་པ། སྤང་སྤོས ། དབྱར་རྩྭ་དགུན་འབུ ། གསོ་མ ། སུར་ནག འཇག་མ ། འདམ་རྩྭ་། ཤུ་དག ། ཟྭ་ཆིག   རམས ། སྤྲ་བ ། དྲེས་མ །  རྩི་རྒོད ། བ་ནུ་མ་སོགས་བགྲང་གིས་མི་ལངས་སོ ། ལྷག་པར་དུ་དབྱར་ཟླ་དྲུག་པ་ནས་བརྒྱད་པའི་ནང་རི་ལུང་དང་སྤང་ཐང་ཐམས་ཅད་སྔོ་ལྗང་ངེར་ཡོད་པ་དང་ ། ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་མང་པོ་བཞད་ཡོད་པ་སྟེ །  མེ་ཏོག་སེར་པོའི་རིགས་ལ་མེ་ཏོག་སེར་ཆེན་སེར་ཆུང་དང་མཁན་པ་གསེར་ལོ །མེ་ཏོག་སྔོན་པོའི་རིགས་ལ་མེ་ཏོག་ཨུཏྤལ་དང་ཧོང་ལེན ། མེ་ཏོག་དཀར་པོའི་རིགས་ལ་མེ་ཏོག་གངས་ལྷ་དང་བ་ལི །  མེ་ཏོག་དམར་པོའི་རིགས་ལ་ལུག་རུ་མེ་ཏོག་དང་།  སྤྱང་ཚེར་སོགས་ཡོད ། ད་དུང་མེ་ཏོག་དམར་སྨུག་དང་དམར་སྐྱ ། ཁྲ་བོ ། མཆིན་ཁ ། གློ་ཁ་སོགས་ཁ་དོག་སྣ་ཚོགས་གིས་བརྒྱན་པ །ལྟ་བ་མིག་གིས་མི་བཟོད་ལ་བསམ་པ་བརྗོད་ཀྱིས་མི་ལངས་བ་ཞིག་ཡིན །   རྩྭ་ཐང་གི་མེ་ཏོག་ནི་འདེབས་མི་དགོས་པའི་རང་སྐྱེས་མེ་ཏོག་ཡིན་པ་དང་། ཚོས་རྒྱག་མི་དགོས་པའི་ཁ་དོག་སྣ་ཚོགས་ཡོད་པ །  བྱུག་མི་དགོས་བའི་ལྷན་སྐྱེས་དྲི་བསུང་ཡོད །   སྣ་མི་གཅིག་པའི་མེ་ཏོག་གྲངས་མེད་ཀྱིས་ཡངས་བའི་རྩྭ་ཐང་གི་ཁྱོན་ཡོངས་སུ་ཁེབས་ནས་སའི་གོ་ལའི་སྐམ་སའི་ཐོག་གི་ཁྱད་དུ་འཕགས་པའི་མཛེས་རྒྱན་དུ་གྱུར་ཡོད །
  2.བོད་མདོ་དབུས་མཐོ་སྒང་ན་བརྗིད་ཆགས་ལྟ་ན་སྡུག་པའི་རི་དང་གངས་རི་མང་པོ་ཡོད་དེ ། རི་རྒྱུད་ཆེན་པོ་ཧི་མ་ལ་ཡ་དང་རི་བོ་ཁུ་ནུ །  རི་བོ་གདང་ལ ། གངས་རི་ཆེན་པོ་ཏི་སེ ། ཇོ་མོ་གངས་དཀར ། ཉང་སྟོད་ཧ་བོའི་གངས ། འབྲོག་ལ་ཕྱིའི་གངས ། ཙ་རི་ཏྲ །    བསམ་གཏན་གངས་བཟང་ ། གཉན་ཆེན་ཐང་ལྷ ། གཉན་པོ་གཡུ་རྩེ ། གནས་མཆོག་ཁ་བ་དཀར་པོ ། རྨ་ཆེན་གངས་རི ། བ་ཡན་ཧ་རི ། མདོ་ལ་རིང་མོ ། རི་བོ་ཉི་ཟླ ། རྩེད་ཐང་མགོན་པོ་རི །  གངས་དཀར་ཕྱོགས་ལས་རྣམ་རྒྱལ་སོགས་ཡོད་ལ་མང་ཆེ་བའི་མཐོ་ཚད་ནི་མཚོ་ངོས་ལས་སྨིད་དྲུག་སྟོང་ཡན་གྱི་རི་བོ་ཡིན། རི་བོ་དེ་དག་གི་རི་མགོ་གངས་རི་དང་རི་སྐེད་ནགས་རི ། རི་འདབས་རྩྭ་ཐང་དང་ཞིང་ས་ཡིན་པས་བོད་མི་རིགས་ཀྱིས་མི་རབས་ནས་མི་རབས་བར་འཚོ་བ་རོལ་བའི་ཡུལ་ལྗོངས་ཆེས་ལྷད་མེད་པ་ཞིག་ཡིན ། ལྷག་པར་དུ་གནས་དེ་རུ་གཏེར་རྫས་རིན་པོ་ཆེ་གསེར་དང་། དངུལ ། ཟངས ། ལྕགས ། ཧ་ཡང་། ཞ་ཉེ ། དངུལ་ཆུ ། རྡོ་ཁབ་ལེན ། རྡོ་སོལ ། གཡང་ཊི ། རྡོ་ཀ་མ་རུ ། མཆོང་ ། མུ་ཟི ། ཚ་ལ ། ཆུ་ཤེལ །ཚྭ་སོགས་ཀྱི་ཐོན་ཁུངས་ཤིན་ཏུ་མོད་པས་འཛམ་གླིང་གི་རང་བྱུང་གཏེར་རྫས་སྣ་ཚོགས་ཀྱི་བང་མཛོད་ལྟ་བུར་གྱུར་ཡོད །
  3.བོད་མདོ་དབུས་མཐོ་སྒང་གི་རྩྭ་ཐང་ན་རྩི་ཤིང་དང་སྲོག་ཆགས་སྣ་ཚོགས་བགྲང་གིས་མི་ལངས་བ་ཡོད་དེ ། དེའི་ནང་རི་དྭགས་དང་གཅན་གཟན་སྲོག་ཆགས་སུག་བཞིའི་རིགས་ལ་སྟག ། གཟིག རྐྱང་དང་། གཙོད ། ཁ་ཤ ། གྲུམ་པ། དགོ་བ ། གླ་བ ། ཤ་བ ། གཉན ། ཏེ་ལོ །   རྣ ། སྤྱང་ཀི ། ཝ   གཡི །ཨ་བྲ ། འབྲོང་ །  རི་བོང་། སྲེ་མོང་། སྤྲེལ་སོགས་ཧ་ཅང་མང་ངོ་ ། 
  རྩྭ་ཐང་དུ་བོད་མིའི་རང་ཁྱིམ་ན་གསོ་བའི་སྒོ་ཕྱུགས་ཀྱི་རིགས་ལ་རྟ་དང་། དྲེལ ། བོང་བུ ། འབྲི ། གཡག  བ་གླང་། མཛོ ། མཛོ་མོ ། ར་མ ། ལུག ། རྔ་མོང་། བ་མོ་སོགས་ཡོད །
  རྩྭ་ཐང་དུ་ཡོད་པའི་འདབ་ཆགས་བྱ་ཡི་རིགས་ལ་རྒོད་དང་གོ་བོ ། ཁྲ ། ཁྲུང་ཁྲུང་། ཁུ་བྱུག ལྕུང་ཀ རྫ་རིའི་གོང་མོ ། མཐིང་རིལ ། ངང་བ ། སོ་བྱ།  ནེ་ཙོ ། ཤིང་རྟ་མོ །  དེ་ཕོ ། འུག་པ །  ཁྭ་ཏ །  པུ་ཤུད། ངུར་བ ། སྐྱར་མོ ། ཁུག་རྟ་སོགས་མང་པོ་ཡོད །
  རྩྭ་ཐང་གི་སྐམ་ཆུ་གཉིས་གནས་དང་ལྟོ་འགྲོ་སྲོག་ཆགས་ཀྱི་རིགས་ལའང་གངས་སྦལ་དང་སྦལ་བ། ཆུ་སྦྲུལ།  ཉ་ཕྱིས།   མགྲོན་བུ ། རྨིགས་པ། རྩངས་པ། སྡིག་སྲིན་སོགས་ཡོད་ལ་ཆུར་གནས་ཉ་ཡི་རིགས་ལ་ཕག་རིའི་ཉ་དང་གཙང་ཉ ། མཚོ་སྔོན་པོའི་གསེར་ཉ་སོགས་ཡོད །
  རྩྭ་ཐང་གི་འབུ་སྲིན་གྱི་རིགས་ལ ། བྱེ་སྟག་ཁྲ་བོ་དང་བྱེ་མ་ལེབ་སེར་ཁྲ །   བྱང་ཁྲ །  ཆ་ག་བ ། ས་སྲིན་ཏ་ལ ། སྦྲང་མ ། གྲོག་མ ། སྡོམ་སོགས་མང་ངོ་།
  རྩྭ་ཐང་དུ་རྩྭ་དང་སྔོ་སྨན་གྱི་རིགས་ལ་ཀུ་ཤ་དང་མཁན་པ ། ག་དུར ། གྲོ་ལོ་ས་འཛིན ། དབྱར་རྩྭ་དགུན་འབུ ། སྟག་ཤ་སོགས་བགྲང་གིས་མི་ལངས་ལ ། མེ་ཏོག་གི་རིགས་ལ་ཨུ་ཏྤལ་སྔོན་པོ ། རྒྱ་སེ། པདྨ ། གུར་གུམ ། བྱ་རྒོད་སུག་པ །མེ་ཏོག་སེར་ཆེན། ཨུག་ཆོས ། ཨར་སྐྱ ། ལྕམ་པ ། སྲོ་ལོ་དམར་པོ ། སེ་གཡུང་། ལུག་རྩི་དོ་བོ ། སྤྱང་ཚེར་སོགས་བགྲང་གིས་མི་ལངས་བ་ཡོད་དོ །
  གསུམ་པ།    རྩྭ་ཐང་གི་ས་བཅུད་ཤོར་བ་དང་ས་ནག་བྱེ་ཐང་དུ་འགྲོ་བའི་རྒྱུ་རྐྱེན།
  ནམ་མཁའ་སྔོ་ཞིང་བསངས་པ ། ཆུ་བོ་དྭངས་ཞིང་གཙང་བ ། ས་གཞི་ལྗང་ཞིང་སྣུམ་པ །   རྩྭ་ཐང་ནི་རི་སྐྱེས་སྲོག་ཆགས་དང་འདབ་ཆགས་བྱ་ཡི་རིགས་བག་ཡངས་སུ་རྒྱུ་གནས་དང་འབྲོག་པ་མང་ཚོགས་ཀྱིས་ཕྱུགས་འཚོ་སྐྱོང་བྱེད་པའི་ལྟེ་གནས་གཙོ་བོ་ཞིག་ཀྱང་ཡིན ། རྩྭ་ཐང་གི་ས་བཅུད་ཤོར་བ་དང་ས་ནག་བྱེ་ཐང་དུ་སོང་ནས་རྩྭ་ཐང་ལ་གནོད་འཚེ་ཐེབས་པ་དེ་ནི་ཕྱོགས་གཅིག་ནས་དེང་སྐབས་འཛམ་གླིང་ཡོངས་ཀྱི་གནམ་གཤིས་ཇེ་དྲོ་རུ་སོང་ནས་ཐན་པ་བྱུང་བ་དང་ །    ས་འགུལ་ཆེན་པོ་བྱུང་ནས་ས་གཤིས་ལ་གནོད་པ་ཐེབས་པ། ཆུ་ལོག་ཆེ་ཆུང་གི་གནོད་པ་དང་རི་ལུང་མེ་རུ་ཤོར་བ ། ད་དུང་ཨ་བྲ་དང་བྱི་ལོང་།  འབུ་ཆ་ག་བ་སོགས་ཀྱིས་རྩྭ་ཐང་ལ་གནོད་པ་ཆེན་པོ་བཏང་ནས་སྔོ་ལྗང་གི་རྩྭ་ཐང་མང་པོ་ཞིག་ས་ནག་དུ་གྱུར་བ་ཡིན་ཞིང་། གནོད་འཚེ་དེ་དག་ནི་མིའི་རིགས་ཀྱིས་འགོག་ཐབས་མེད་པའི་རང་བྱུང་ཁམས་ཀྱི་འགྱུར་ལྡོག་དང་གནོད་འཚེ་ལས་བྱུང་བ་ཡིན ། ཕྱོགས་གཉིས་ནས་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བ་ནས་བཟུང་ཏེ་མི་རྣམས་ཀྱིས་ས་རྒོད་སློག་ནས་ཞིང་སར་བསྒྱུར་བ ། ནགས་ཚལ་བཅད་ནས་འཛུགས་སྐྲུན་བྱེད་པ ། གཏེར་ཁ་སློག་ནས་དཔལ་འབྱོར་གོང་དུ་སྤེལ་བ ། དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་མང་པོ་གང་བྱུང་དུ་བརྐོས་ནས་ཚོང་རྭར་འགྲིམས་པ།   སྤང་ཤུན་བཀོག་པ །  རི་སྐྱེས་སྲོག་ཆགས་བསད་ནས་ཤ་ཁྲག་པགས་གསུམ་བཀོལ་བ །  གང་ས་གང་དུ་ཁང་པ་ཕུབ་པ་དང་བཟོ་གྲྭ་འཛུགས་པ་སོགས་རྩྭ་ཐང་ལ་གནོད་པའི་ལས་ཚད་མེད་དང་བག་མེད་པ་མང་པོ་བྱས་པས་ཐན་སྐམ་དང་ཆུ་ལོག་གི་གནོད་པ་ཐེབས་པ་དང་ ། འདབ་ཆགས་བྱ་ཡི་གསུང་སྙན་མི་གོ་བ །   རི་དྭགས་རྩ་ཆེ་བ་མིག་གིས་མཐོང་སར་མེད་པ ། ས་ཆ་ཀུན་ཏུ་ནད་ཡམས་འགོས་པ་མང་བ །  ས་ཆུའི་དགེ་བཅུད་ཤོར་ནས་ཕྱུགས་རྩྭ་མི་སྐྱེ་བ ། སྐྱེས་ཀྱང་རྩྭ་བཅུད་ཤོར་བས་ཕྱུགས་ཟོག་གིས་མི་ཟ་བ་སོགས་རིམ་བཞིན་མཛེས་སྡུག་གི་རྩྭ་ཐང་དང་རི་ལུང་ཐམས་ཅད་ས་ནག་དང་བྱེ་མ་ཅན་དུ་གྱུར་བ་ཡིན །
  • ལེ་ཚན་སྔོན་མ།:དབྱར་རྩྭ་དགུན་འབུ་དང་ཁོར་ཡུག་སྲུང་སྐྱོབ།
  • ལེ་ཚན་རྗེས་མ།:བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་ལས་ཁོར་ཡུག་སྲུང་སྐྱོབ་གླེང་བ་མེས་པོའི་ཞལ་ལུང་།
  • དོ་སྣང་ཆེ་བའི་རྩོམ།