དབྱར་རྩྭ་རྐོ་བ་དང་འབྲེལ་བའི་དྲན་སྐུལ་དང་རེ་ཞུ།

མགོ་ལོག་རིག་དར།        2016-04-26

ཆོལ་གསུམ་བོད་ཀྱི་གྲོགས་པོ་རྣམ་པ་ལགས།  ཀུན་གྱིས་ཤེས་གསལ་ལྟར་མི་འགྱང་བར་དབྱར་རྩྭ་བརྐོ་བའི་དུས་ལ་སླེབ་པ་རེད། དབྱར་རྩྭ་ནི་ང་ཚོའི་ཞིང་འབྲོག་གི་ས་ཁུལ་མི་ཉུང་བ་ཞིག་གི་མང་ཚོགས་ཀྱི་ཐོན་སྐྱེད་འབྱུང་ཁུངས་ཆེ་ཤོས་ཡིན།དེའི་ཕྱིར་ད་ནས་བཟུང་རང་རང་གིས་བརྐོ་རྒྱུ་དང་། གཞན་ལ་གླ་རྒྱུ་སོགས་ཀྱི་གྲ་སྒྲིག་མང་པོ་བྱེད་བཞིན་ཡོད་པ་རེད། འོན་ཀྱང་ང་ཚོས་ནམ་ཡང་བརྗེད་མི་རུང་བ་ཞིག་ནི། དབྱར་རྩྭ་བརྐོ་སྐབས། ཕུ་ནུ་ཕན་ཚུན་ནང་དམེ་བྱེད་པ། བཅོས་མེད་ནད་རིགས་ལུས་ལ་འགོ་བ། རང་རིགས་ཁྲག་རྒྱུན་བསྲེ་བསླད་ཞུགས་པ། ཁོར་ཡུག་གང་སར་གཏོར་བརླག་ཐེབས་པ་སོགས་ཞོར་སྐྱོན་མང་པོ་ཞིག་བྱུང་དང་འབྱུང་མུས་སུ་ཡོད་པས་དེ་རིགས་ལ་རང་རང་གི་ས་ནས་དོགས་ཟབ་དང་དོ་སྣང་ནན་མོ་བྱེད་རྒྱུ་གལ་ཆེ། ཁྱད་པར་དུ་ཡང་འབྱུང་ཉེ་བ། བྱུང་ན་ཚབ་ཆེ་ཤོས་ནི་ནང་དམེ་བྱེད་པ་འདི་རེད། འདིའི་འབྱུང་རྐྱེན་གཙོ་བོ་ནི། གཞན་གྱི་ས་ཐོག་ཏུ་བདག་པོས་མ་གནང་ལ་རིན་ཡང་མ་སྤྲད་བཞིན་དུ་མངོན་དུ་འཕྲོག་ཅིང་ལྐོག་ནས་རྐུ་བའི་སྒོ་ནས་དབྱར་རྩྭ་བརྐོ་བ་དང་། རང་གཞན་སུའི་ཡིན་རྩོད་གཞི་ཅན་གྱི་ས་ཐོག་ནས་རྐོ་བ། རང་གི་ས་གཞན་ལ་གླས་ཟིན་ཡང་གོང་ཚད་མཐོན་པོ་སྟེར་མཁན་དང་འཕྲད་ཚེ་སྔ་མའི་ཁ་ཆད་སྣང་མེད་བྱས་ནས་ཡང་བསྐྱར་གཞན་ལ་གླ་བ་སོགས་ཀྱི་སྤྱོད་ངན་བྱུང་། དེས་ན་ད་ཕྱིན་ང་ཚོའི་ཡོང་འབབ་འདི་མཐུན་འབྲེལ་གྱི་དཀྲུགས་ཤིང་ཞིག་ཏུ་མི་འགྱུར་བར་འཚོ་བ་གསར་བ་དང་སྐྱིད་པོ་ཞིག་གི་རྨང་གཞིར་འགྱུར་ཆེད། མཆོག་དམན་ཀུན་གྱིས་ཆོས་དང་འཇིག་རྟེན་གཉིས་ཀ་དང་མི་མཐུན་པའི་བསམ་སྤྱོད་དེ་དག་སྤངས་ནས། ཚུལ་མཐུན་ལུགས་ཡོད་ཅིག་བྱེད་པར་སྙིང་ནས་རེ་ཞུ་དང་། གལ་ཏེ་རེད་དང་མ་རེད་རེ་བྱུང་ན་ཡང་། རང་རེ་ཆོས་དང་དམ་ཚིག་གཅིག་ཅིང་། སྐྱིད་སྡུག་དང་ལས་དབང་གཅིག་པའི་ཕུ་ནུ་མིང་སྲིང་ཡིན་པ་ལ་བསམ་བློ་བཏང་ནས། ཕན་ཚུན་བར་གུ་ཡངས་བཟོད་སེམས་བསྐྱེད་ནས་གྲོས་མོལ་བྱས་ཏེ་འགྲིག་མཐུན་ལ་བསྐོར་རྒྱུ་གལ་ཧ་ཅང་ཆེ་བས་སེམས་ལ་ནན་མོ་འཛིན་རོགས། གཞན་ཡང་དམ་པའི་ཆོས་ཀྱི་བསམ་བློ་མེད་པ། མི་རིགས་ཀྱི་འདུ་ཤེས་མེད་པ། མ་ཟད་དལ་འབྱོར་གྱི་མི་ལུས་འདི་ཡང་དབྱར་རྩྭ་རྐང་ཐུར་འགའ་རེའི་རིན་ཐང་ཙམ་ཡང་ཡོད་པར་མི་སེམས་པ། སྐྱེས་ན་སྐྱེས་གོ་མ་ཆོད་པ། འཆི་ནའང་དབྱར་རྩྭ་རྐང་ཐུར་འགའ་རེའི་ཆེད་དུ་འཆི་རྒྱུ་ལས་གཞན་མེད་པའི་ཁྲེལ་མེད་མི་ངན་འགའ་རེར། ཇི་ལྟར་གོ་བརྡ་སྤྲད་ཀྱང་མི་འཕྲོད་པ་ཡོད་སྲིད་མོད། སྐབས་དེར་ཡང་། མི་ངན་ཤེས་མེད་དག་གི་ཁ་ལ་ཉན་ནས། ད་ནི་སྐྱིད་སྡུག་མེད། བོས་ཁྲ་རིང་སྐམ་པ་གནན་རྒྱུ་ཡིན།མཚོན་རྣོན་པོའི་ཤུབས་ཁ་སྤར་རྒྱུ་ཡིན་མི་ཟེར་བར། དེ་ཕྱོགས་ཀྱི་སྡེ་དཔོན་དང་ཉེ་མི་སོགས་ལ་ཞུས་ནས་ཅིས་ཀྱང་ཞི་མཐུན་གྱི་ལམ་ནས་ཐག་གཅོད་ཨེ་འོང་བལྟ་དགོས། དེ་བཞིན་རང་རང་གི་ཕྱོགས་ཀྱི་གཞི་རིམ་དང་དཔོན་བློན་སོགས་དབུ་འཛིན་པ་དང་། མཐུན་འབྲེལ་དང་བདེ་འཇགས་ལྟ་རྟོག་པ་རྣམས་ནས་ཀྱང་རྩོད་གླེང་འདི་རིགས་སྔོན་འགོག་ནན་མོ་བྱེད་རྒྱུ་དང་། གནད་དོན་རེ་བྱུང་ན་ཡང་མྱུར་དུ་ཞི་འཇགས་སུ་འགྲོ་ཐབས་ལ་ནུས་པ་རྩལ་འདོན་བྱེད་རྒྱུའི་རེ་བ་ལན་བརྒྱར་ཞུས་ན་རེ་འབྲས་དོན་མེད་དུ་མི་གཏོང་བར་ཞུ། གལ་ཏེ་ཇི་ལྟར་འབད་ཀྱང་ནུས་པ་མ་ཐོན་ནས་གནད་དོན་ཚབས་ཆེན་འབུད་གྲབས་བྱས་ན། ས་གནས་དེ་གའི་རྒྱལ་ཁབ་བདེ་འཇགས་མི་སྣ་ལ་སྙན་གསན་འབུལ་རྒྱུ་དང་། དེ་བཞིན་ངེད་ཞི་མཐུན་འབོད་སྐུལ་པ་དག་ལ་ཡང་འབྲེལ་བ་བྱོས་དང་། ལོ་སྔ་མ་དག་ནང་བཞིན་རང་ནུས་གང་ཡོད་ཀྱིས་རོགས་བྱེད་ངེས་ཡིན་ལགས།། 
  • ལེ་ཚན་སྔོན་མ།:ཁོར་ཡུག་སྲུང་སྐྱོབ་བྱེད་པ་རང་དོན་ཡིན།
  • ལེ་ཚན་རྗེས་མ།:འཛམ་གླིང་ཁོར་ཡུག་གི་ཉིན་མོ།
  • དོ་སྣང་ཆེ་བའི་རྩོམ།