བོད་ཡུལ་གྱི་ཆུའི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོང་།(3)

རྩེ་གཞུང་སྐལ་བཟང་འབུམ།        2012-04-24


རི་མཐོ་ཞིང་ས་གཙང་བའི་བོད་ཀྱི་ཡུལ་གྲུ་འདི་རུ་གངས་ཀྱི་རི་བོ་དང་སྐད་གྲགས་ཆེ་བའི་ཆུ་ཆེན་པོ་དང་།མཚོ་དང་མཚེའུ།ཆུ་ཚན་བགྲང་གིས་མི་ལངས་པ་ཡོད།
ཆུ་ལས་སྨུག་པ་དང་སྤྲིན་དཀར།ཆར་བ།ཟིལ་བ།སེར་བ།ཁ་བ།བད་སོགས་བྱུང་བ་ཡིན་པས་ཆུ་ནི་རླུང་ཁམས་ཆེན་པོའི་གྲུབ་ཆ་གཙོ་བོ་ཡིན།ཆུ་ནི་ཚེ་སྲོག་གི་འབྱུང་རྩ་དང་སྐྱེ་འགྲོ་ཡོངས་ཀྱི་ཟུངས་ཁྲག་ལྟ་བུ་ཡིན་ཏེ།རང་བྱུང་ཁམས་ཀྱི་རྩི་ཤིང་ནགས་ཚལ་དང་རི་དྭགས་གཅན་གཟན་སོགས་སྐྱེ་དངོས་གང་ཞིག་ཡིན་ནའང་ཆུ་མེད་ན་འཚོ་ཐབས་མེད་ལ་གསོན་ཐབས་བྲལ་བ་ཡིན།ང་ཚོ་མི་རྣམས་ཀྱིས་ཟ་མ་མ་ཟོས་ཀྱང་ཉིན་མང་པོར་འཚོ་ཐུབ་མོད།འོན་ཀྱང་ཆུ་མ་བཏུངས་ན་ཉིན་ཁ་ཤས་ཙམ་ལའང་འཚོ་མི་ཐུབ་པར་ཤི་འགྲོ་བ་ཡིན། ང་ཚོ་མི་རྣམས་ཀྱིས་ཆུ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་དེ།དཔེར་ན།སྡོང་འཛུགས་ནགས་སྐྲུན་བྱེད་པ།ཕྱུགས་ལས་འཚོ་སྐྱོང་བྱེད་པ།ཞིང་ལས་འབྲུ་རིགས་འདེབས་པ།ཉ་གསོ་བ།རྣོ་ལྕགས་བཞུ་བཟོ་བྱེད་པ།ཆུ་གློག་འཛུགས་པ།བཟོ་ལས་འཛུགས་སྐྲུན་བྱེད་པ།ཤོག་བུ་བཟོ་བ།ཐ་ན་ཁྱིམ་ཚང་གི་ཟས་གཡོ་སྐོལ་དང་།ཁ་ངོ་འཁྲུད་པ།གོན་པ་འཁྲུད་པ།ལུས་རྩལ་སྦྱོང་བརྡར་བྱེད་པ་སོགས་ལའང་ཆུ་ནི་མེད་དུ་མི་རུང་བ་ཞིག་ཡིན་ནོ།།
མདོ་དབུས་མཐོ་སྒང་གི་ཆུའི་ཁོར་ཡུག་ཏུ་འཚོ་བཞིན་པའི་སྐྱེ་དངོས་ཧ་ཅང་མང་པོ་ཞིག་ཡོད་དེ།དཔེར་ན།ཤིང་སྡོང་དང་འབྲས་ཤིང་གི་རིགས།རྩི་ཏོག་དང་སྨན་རྩྭའི་རིགས་སོགས་ཆུ་མེད་པར་ལང་ཚོའི་ལྗང་མྱུག་འབུས་མི་ཐུབ་ལ།གངས་སྦལ་དང་སྦལ་བ།ཆུ་སྦྲུལ།ཉ་ཕྱིས།མགྲོན་བུ།རྩངས་པ་སོགས་སྐམ་ཆུ་གཉིས་གནས་དང་ལྟོ་འགྲོ་སྲོག་ཆགས་ཀྱི་རིགས།ཕག་རིའི་ཉ་དང་གཙང་ཉ།མཚོ་སྔོན་པོའི་གསེར་ཉ་སོགས་ནི་ཐད་ཀར་ཆུ་རུ་གནས་པའམ་ཆུ་དང་འབྲལ་མི་རུང་།གཞན་ཡང་བོད་ཡུལ་གྱི་ཆུ་ཀླུང་ཆེ་ཆུང་དང་མཚེ་ཆེ་ཆུང་གི་ཁོ་ར་ཁོར་ཡུག་ཏུ་བག་ཡངས་སུ་རྩེན་པའི་འདབ་ཆགས་བྱ་ཡི་རིགས་ལ་ཁྲུང་ཁྲུང་སྐེ་ནག་དང་ཆུ་སྐྱར་ཆེན་མོ།ངང་ཁྲུང་མགོ་ཁྲ།སོ་བྱ་སོགས་བྱའི་ཁ་གྲངས་ཁྲི་ཕག་མང་པོ་ལ་སླེབས་ཡོད་པའི་རྩ་བ་ནི་ཆུ་ལ་ཐུག་ཡོད་ཅིང་ཆུ་མེད་ན་སྐྱེ་དངོས་དེ་དག་གཅིག་ཀྱང་མ་ལུས་པར་འཚོ་ཐབས་མེད་པས་ཆུ་ཡི་རིན་ཐང་ནི་བླ་ན་མེད་པ་ཞིག་ཡིན་པ་ཚང་མས་ཤེས་དགོས་སོ།།
གསུམ་པ།ཆུ་ལ་འབག་བཙོག་ཐེབས་པ་དང་ཆུ་ཇེ་ཉུང་དུ་འགྲོ་བ་ཅིའི་ཕྱིར་ཡིན།
སྤྱིར་མདོ་དབུས་མཐོ་སྒང་ལ་ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡོད་ན་ཡང་ད་ལྟ་རིམ་པ་བཞིན་ཁོར་ཡུག་གི་གནས་ཚུལ་ཇེ་སྡུག་ཏུ་སོང་ནས་གཙང་པོའི་ཡན་ལག་གི་འབབ་རྒྱུན་ཇེ་ཉུང་དུ་འགྲོ་བ།ཆུ་རྒྱུན་ཆད་པ།མཚོ་དང་མཚེའུ་སྐམ་པ།མྱ་ངམ་ཐང་མང་བ།ཆུ་ལ་འབག་བཙོག་ཐེབས་པ་སོགས་ཉིན་རེ་ནས་ཉིན་རེར་ཚབས་ཆེན་དུ་སོང་ཡོད།
༡ཆུ་ལ་འབག་བཙོག་ཐེབས་པ་དང་ཆུ་ཇེ་ཉུང་དུ་འགྲོ་བའི་རྒྱུ་མཚན་གང་ལ་ཐུགས་ཡོད་ཅེ་ན།
གཅིག་ནས་ང་ཚོའི་མིའི་རིགས་ཀྱིས་ས་རྐོ་བ་དང་།རྡོ་སློག་པ།ཤིང་སྡོང་གཅོད་པ།གཏེར་ཁ་སྔོག་པ་སོགས་ཚུལ་མིན་གྱི་ལས་རིགས་སྣ་ཚོགས་བྱས་དྲགས་པས་སའི་གོ་ལའི་ས་ཆུའི་བཅུད་ཤོར་ནས་ཆུའི་འཁོར་སྐྱོད་ལ་གནོད་པ་ཐེབས་པས་ཡིན།
གཉིས་ནས་བཟོ་གྲྭ་ཆེ་ཆུང་གིས་བཟོ་ལས་བྱེད་པའི་ཁྲོད་ཀྱི་བཙོག་ཆུ་དང་དུག་ཅན་གྱི་ཆུ་སྣ་ཚོགས་ཀྱིས་ཆུ་གཙང་མར་འབག་བཙོག་ཐེབས་པ་ཡིན།
གསུམ་ནས་ཞིང་ལས་ས་ཁུལ་གྱི་ལུད་རྫས་དང་སྨན་རྫས་སྣ་ཚོགས་ཆུ་དང་འདྲེས་ནས་ཞིང་ས་དང་།ས་ངོས།ས་འོག་བརྒྱུད་དེ་ཆུ་ལ་གནོད་པ་ཐེབས་པས་ཡིན། བཞི་ནས་ཁྱིམ་ཚང་གི་འཚོ་བའི་ཁྲོད་བཀོལ་སྤྱོད་བྱས་ཟིན་པའི་ཆུ་མི་གཙང་བ་སྣ་ཚོགས་ཀྱིས་ཀྱང་ཆུའི་ཁོར་ཡུག་ལ་གནོད་པ་ཆེན་པོ་ཐེབས་བཞིན་ཡོད།
  • ལེ་ཚན་སྔོན་མ།:གཟི་རྩ་སྡེ་དགུ།
  • ལེ་ཚན་རྗེས་མ།:བོད་ཡུལ་གྱི་བརླན་སའི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ །
  • དོ་སྣང་ཆེ་བའི་རྩོམ།