2014-09-23
གཟུགས་གཞིའི་ཁྱད་ཆོས།
གཙོད་ཀྱི་གཟུགས་གཞིའི་རིང་ཚད་ལ་ལིས་སྨིས130དང་ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ50ཡས་མས་ཡོད། ཕོ་གཙོད་ཀྱི་མཆུ་གདོང་སྦོམ་ཞིང་ཆེ་བ་དང་། ཕྲ་ཞིང་ཀེར་ལང་བྱས་ཡོད་པའི་རྭ་ཅོའི་རིང་ཚད་ལ་ལིས་སྨིས60ནས་ལིས་སྨིས70ཡོད། ལོགས་ཟུར་ནས་ཧ་ཅང་དོ་མཉམ་པའི་རྭ་ཅོར་བལྟས་ན་རྭ་ཅོ་གཅིག་ལས་སྐྱེས་མེད་པ་དང་འདྲ་བས་ན། མི་རྣམས་ཀྱིས“གཙོད་བོ་རྭ་གཅིག”ཅེས་འབོད་པ་རེད། རྭ་རྟིང་ཅུང་ལེབ་རིལ་ཡིན་ལ། རྭ་རྟིང་ནས་ཡར་སུམ་ཆའི་གཉིས་ཀྱི་མདུན་ངོས་ན་ཐེམ་ཤུར་ཡོད། མོ་གཙོད་ལ་རྭ་ཅོ་མེད། ཁུལ་རྟིང་མཐུག་ཅིང་འཇམ་པོ་ཡིན། རྒྱབ་གཞུང་ནག་སེར་དང་གསུས་ངོས་དཀར་བོ་ཡིན། གདོང་མདོག་ཅུང་ནག་སེར་ཡིན་ལ། རྔ་མའི་གཡས་གཡོན་དང་རྔ་རྩེ་དཀར་བོ་ཡིན། བརླ་ཤའི་ནང་ངོས་དང་གསུས་ཁུགས་སུ་སྤུ་སྐྱེས་མེད་པར་དམར་རྗེན་དུ་མངོན་འདུག
ཁྱབ་ཡུལ།
མདོ་དབུས་མཐོ་སྒང་གི་ཐང་ཡངས་ན་གནས་འདུག
འཚོ་བའི་གོམས་གཤིས་དང་འཚོ་བའི་ཁོར་ཡུག
གཙོད་གནས་སའི་ས་ཆའི་མཐོ་ཚད་ནི་མཚོ་ངོས་ལས་སྨིས4000ནས་སྨིས5500ཡི་བར་ཡིན། གཙོད་ནི་མདོ་དབུས་མཐོ་སྒང་གི་མྱ་ངམ་ཐང་དང་སྤང་ཐང་ན་གནས་ནའང་ཐང་ཡངས་ཡིན་ཞིང་རྩྭ་ཆུ་འཛོམས་ས་ན་ཅུང་མང་། གཙོད་ནི་བརྒྱུགས་ན་ཧ་ཅང་མགྱོགས་པའི་རི་དྭགས་ཤིག་ཡིན་པས། བོད་ལྗོངས་བྱང་ཐང་དུ་བརྒྱུགས་ན་ཆུ་ཚོད་རེར་སྤྱི་ལེ་བརྒྱད་ཅུ་ལ་བརྒྱུག་ཐུབ་པ་རེད། དགུན་ཐོག་དང་དཔྱིད་ཀར་བྱང་ཐང་གི་ལྷོ་རྒྱུད་ནས་འཁྲིག་པ་སྤྱོད་པ་ཡིན། དུས་རྒྱུན་དུ་མཐོང་བ་ནི་གཙོད་གཅིག་རེ་གཉིས་རེའམ་གཙོད་བཅུ་ཐམ་པ་ལྷག་ཁྱུ་བྱས་ནས་འགྲོ་བ་དེ་ཡིན་ལ། སྟོན་ཁ་དང་དཔྱིད་ཀར་གཙོད་བཅུ་ཕྲག་འགའ་དང་ཡང་ན་གཙོད་ཆིག་སྟོང་ཡན་ཁྱུ་བྱས་ནས་འགྲོ་བཞིན་ཡོད་པའང་མཐོང་རྒྱུ་ཡོད། གཙོད་ལ་གཏན་ཁེལ་གྱི་གནས་ཤིག་མེད་པར་དུས་ཚིགས་དང་རྩྭ་ཆུའི་འགྱུར་ལྡོག་ལ་བསྟུན་ནས་གནས་སྤོ་བཞིན་འདུག ཁ་ཟས་གཙོ་བོ་ནི་སྤང་རྩྭ་དང་ན་རྩྭ་ཡིན། སྤྱིར་ནངས་དགོང་ལ་རྩྭ་ཆུ་བསྙེག་ཅིང་ཉིན་གུང་དང་མཚན་མོར་ཁུགས་གཞོང་དུ་ཉལ་ནས་ངལ་གསོ་བྱེད་པ་ཡིན། གཙོད་ཀྱི་མངལ་སྦྲུམ་ཡུན་ཟླ་ངོ6ཡིན་ལ། དབྱར་ཐོག་ཕྲུ་གུ་བཙའ་བ་དང་ཕྲུ་གུ་བཙའ་ཐེངས་རེར1རེ་བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
གཙོད་རྭ་སྨན་དུ་འགྲོ་བ་དང་གཙོད་ལྤགས་ཀྱི་རིན་ཐང་ཆེ་བར་མ་ཟད། གཙོད་ནི་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པས། ཚན་རིག་ཞིབ་འཇུག་བྱེད་པར་རིན་ཐང་གལ་ཆེན་ལྡན་ནོ།།
ད་ཡོད་གནས་བབ།
འགྲོ་བ་མིའི་རིགས་ཀྱིས་ས་བརྐོ་རྡོ་སློག་དང་གཙོད་བསད་དྲགས་པའི་དབང་གིས་གཙོད་ཀྱི་ཁྱབ་རྒྱ་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་འདུག གཙོད་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོར་གྱུར་ཡོད།
རྩོམ་གསར། 10