སེང་གེ་ངོ་སྤྲོད།

        2014-09-11

སེང་གེ་ནི་འོ་འཐུང་དང༌། ཤ་གཟན། སྡེར་མོ་ཅན་གྱི་ཁོངས་སུ་གཏོགས། ཁྱབ་ཡུལ་གྱི་གནས་ནི་ལྷོ་ཨ་ཧཕི་རི་ཁའི་ཡུལ་དུ་གཙོ་བོ་འཚོ་གནས་བྱེད་ཅིང༌། དཀྱིལ་ཤར་ཡུལ་གྲུ་དང༌། རྒྱ་གར་སོགས་ནང་འགའ་ཤས་མཐོང་རྒྱུ་ཡོད། སྔོན་ཆད་ཡོ་རོབ་ས་ཁུལ་དུ་སྲོག་ཆགས་འདི་རིགས་འཚོ་གནས་བྱེད་བཞིན་ཡོད་ཅིང༌། ལོ་ཉིས་བརྒྱའི་གོང་ནས་རྩ་སྟོངས་སུ་གྱུར་ཡོད་པར་བཤད།
     དེ་བཞིན་ལྷོ་ཨ་ཧཕི་རི་ཁའི་བྱང་ཕྱོགས་དང༌། ཨེ་ཤི་ཡ་ལྷོ་ནུབ་ཁུལ་དུ་ལོ ༡༥༠སྔོན་ནས་རྩ་སྟོངས་སུ་ཕྱིན་ཡོད། དཀྱིལ་ཤར་ཡུལ་གྲུ་སི་རི་ཡ་ལའང་དེང་སང་དེ་ཙམ་མང་པོ་མེད་ལ། ད་ལྟའི་ཆར་ལྷོ་ཨ་ཧཕི་རི་ཁའི་ལྷོ་ཕྱོགས་དང༌། ཡུལ་དེའི་རང་བྱུང་སྲུང་སྐྱོབ་ཁུལ་འགའ་ཤས་ནང་གྲངས་འབོར་མང་ཙམ་འཚོ་གནས་བྱེད་ཅིང༌། རྩ་སྟོངས་སུ་འགྲོ་བའི་ཉེན་ཁ་དེ་ཙམ་མེད་ལ། ལྷོ་ཨ་ཧྥི་རི་ཁའི་ནུབ་དང་དབུས་ཁུལ་དུ་སེང་གེ་གྲངས་འབོར་ཉུང་བས་རྩ་སྟོངས་སུ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད། སེང་གེ་ནི་གཟུགས་སྟོབས་ཆེ་ཞིང་མགོ་བོ་ཆེ། རི་དྭགས་ཀྱི་རྒྱལ་པོ་ཞེས་འབོད་ཀྱི་ཡོད།
     ང་ཚོ་བོད་པའི་ངག་རྒྱུན་དུ་བོད་ཀྱི་སྲིད་པའི་གངས་རི་འགའ་ཤས་ནང་གངས་སེང་གཡུ་རལ་ཅན་ལུས་དཀར་པོ་ཡིན་པ་འཚོ་གནས་བྱེད་ཀྱི་ཡོད་པ་བཤད་པ་མ་ཟད། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་ནང་གངས་སེང་ཞིག་ཁོང་གིས་དངོས་སུ་མཐོང་ཡོད་པ་གསུངས་ཡོད། ད་བར་རྒྱལ་སྤྱིའི་གཅིག་གྱུར་གྱི་ངོས་འཛིན་ཐུབ་པའི་བདེན་དཔང་དངབཙལ་རྙེད་གང་ཡང་བྱུང་མེད་ལ། ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པའི་སེང་གེ་འདི་ལ་འདམ་སེང་ཟེར་ཞིང༌། ཕོའི་གཟུགས་པོའི་རིང་ཚད་ལ་མི་ཊར༡་༧ནས༢་༥བར་དང༌། རྔ་མ་ལ་སན་ཊི་མི་ཊར༩༠ནས༡༠༥བར་ཡོད། གཟུགས་པོའི་མཐོ་ཚད་ལ་མི་ཊར༡་༢༣ཙམ་ཡོད། སྲོག་ཆགས་འདིའི་ལྗིད་ཚད་ལ་སྤྱི་རྒྱ༡༥༠ནས༢༥༠བར་ཡོང་གི་ཡོད།
     སེང་གེ་ཕོའི་མགོ་དང༌། མཇིང་པ། འགྲམ་པ། སྐེ་བཅས་རལ་པས་སྐོར་ཡོད། ད་དུང་དཔུང་པ་གཡས་གཡོན་གཉིས་ལ་སྤུ་ཚོམ་རེ་ཡོད། རྔ་མའི་རྩེ་ལ་སྤུ་ཚོམ་ཞིག་ཀྱང་ཡོད། ལུས་སྤྱིའི་སྤུ་ཁམ་སེར་དང༌། ཕོའི་ལུས་པོ་ལ་སྤུ་ཆེས་ཐུང་ཞིང་སྤུ་ཐར་ཐོར་མ་གཏོགས་མེད། མོ་ལ་སྤུ་ཕོ་ལས་ཅུང་མང་ཙམ་ཡོད། སེང་གེ་ཕོ་མོ་གཉིས་ཀའི་ཁ་ནང་རྣོ་ངར་ལྡན་པའི་མཆེ་བ་གཉིས་ཡོད་པ་མ་ཟད། ཁ་ཡང་ཆེས་ཆེ། སེང་གེ་ངར་སྐད་རྒྱག་དུས་སྤྱི་ལེ་དགུ་ཙམ་སར་གོ་ཡི་ཡོད་པས། ངར་སྐད་མང་ཆེ་བ་ཉིན་དགུང་རྒྱབ་ནས་རི་དྭགས་རྔོན་རྒྱག་མ་བྱེད་སྔོན་ལ་རྒྱག་གི་ཡོད། དེ་ནས་ཞོགས་པ་སྔ་པོ་ཡང་ངར་སྐད་རྒྱག་གི་ཡོད། ཉིན་རེར་སྤྱི་ལེ༨ཙམ་མ་གཏོགས་འགྲོ་སྐྱོད་བྱེད་ཀྱི་མེད་ལ། ཉིན་མོ་ཁ་ཟས་འཚོལ་བའི་དུས་ཚོད་ནི་ཆུ་ཚོད་གཉིས་ནས་གསུམ་ཙམ་བར་ཡིན།
     སྲོག་ཆགས་འདི་དུས་ཚོད་མང་ཆེ་བར་གཉིད་ཉལ་གྱི་ཡོད་པ་མ་ཟད། ཉིན་ལྟར་རྔོན་རྒྱག་ཀྱང་བྱེད་ཀྱི་མེད་པ་དང༌། གཅན་གཟན་སེང་གེའི་རིགས་མང་ཆེ་བ་རྒྱུན་དུ་འཆམ་མཐུན་དང༌། ཁྱུ་ཚོགས་བྱས་ཏེ་སྡོད་ཀྱི་ཡོད་པས། ཁྱུ་ཚོགས་རེ་རེའི་ནང་སེང་གེ༥ནས༣༠བར་ཡོང་གི་ཡོད་པ་དང༌། དེའི་ནང་མོ༤ནས༡༢བར་དང༌། མང་ཆེ་བ་སེང་ཕྲུག་སོགས་དང༌། དེ་བཞིན་ཕོ༡ནས༦བར་མཉམ་དུ་སྡོད་ཀྱི་ཡོད། ཡིན་ནའང་ཕོ་མང་ཆེ་བ་ཁེར་རྐྱང་དུ་འཚོ་གནས་བྱེད་རྒྱུར་དགའ་པོ་ཡོད་པ་རེད། ཕོ་མོ་ཁྱུ་ཚོགས་ནང་སྡོད་སྐབས་ཕོས་འགོ་ཁྲིད་ཀྱི་ཡོད། ལོ་ཤས་དང་ཡང་ན་ཟླ་ཤས་རྗེས་ཕོ་མོའི་ཁྱུ་ཚོགས་ནས་བུད་དེ་ཁྱུ་ཚོགས་གཞན་གྱི་སྣེ་ཁྲིད་དང་འབྲེལ། གནས་ཡུལ་ས་ཁུལ་ངེས་ཅན་བདག་བཟུང་བྱེད་ཀྱི་ཡོད།
     ཕོས་རྒྱུན་དུ་རང་ཉིད་ཀྱི་ཕྲུ་གུ་བསད་ནས་བཟའ་བཞིན་ཡོད་པས་དེས་སེང་གེའི་གྲངས་འབོར་དང་སྐྱེ་འཕེལ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། རྒྱ་གར་གྱི་སེང་གེ་ཁྱུ་ཚོགས་ནང་སྣེ་ཁྲིད་བྱེད་མཁན་ཕོའི་སྡོད་གནས་ངེས་གཏན་མེད། སྤྱིར་སེང་གེས་ས་ཆར་བདག་བཟུང་བྱེད་པ་དེ་ས་གནས་དེར་ཁ་ཟས་དང་རི་དྭགས་རྔོན་རྒྱག་རྒྱུ་ཡོད་མེད་ལ་བལྟ་ཡི་ཡོད། སེང་གེས་རྒྱུན་དུ་སྲོག་ཆགས་ཆེ་གྲས་རྔོན་བརྒྱབ་སྟེ་བཟའ་ཡི་ཡོད་པ་དང༌། དཔེར་ན་ཤྭ་བ་སྐེ་རིང་དང༌། གླང་ཆེན། བསེ་རུ། རྐྱང་ཁྲ་སོགས་ཡིན། རྔོན་རྒྱག་མང་ཆེ་བ་སེང་གེ་མོས་བྱེད་པ་དང༌། མོས་སྲོག་ཆགས་བསད་ཚར་དུས་གཞི་ནས་སེང་གེ་ཕོ་ཡོང་སྟེ་བཟའ་ཡི་ཡོད་པ་རེད། སེམས་ཅན་གསོད་སྐབས་དང་པོ་གཟབ་གཟབ་བྱེད་ཀྱི་ཡོད་པ་དང༌། སེམས་ཅན་དང་ཐག་ཉེ་པོ་སླེབས་སྐབས་སྤྱི་ལེ༥༠ལྷག་རྗེས་འདེད་གཏོང་དགོས་བྱུང་ཡང་བཏང་སྟེ་གསོད་ཀྱི་ཡོད་ཅིང༌། མང་ཆེ་བ་མིད་པར་འཇུས་ནས་བསད་དེ་ཐེངས་གཅིག་ལ་ཤ་སྤྱི་རྒྱ༤༠ཙམ་བཟའ་བཞིན་ཡོད། ཆགས་འཕེལ་བྱས་རྗེས་མངལ་གྱི་སྦྲུམ་ཡུན་ཉིན་བརྒྱ་དང་བཅུ་ཙམ་ཡིན་ཞིང༌། ཐེངས་རེར་སེང་ཕྲུག༡ནས༤བར་སྐྱེ་འཕེལ་བྱེད་ཀྱི་ཡོད།
     སེང་གེ་སྤྱིའི་ཚེ་ཚད་ལོ༢༠ཙམ་ཡིན་པ་དང༌། སྲོག་ཆགས་འདི་སྟོངས་ལ་ཉེ་བ་ཞིག་ཡིན་པས། གཙོ་བོ་སེང་གེའི་འཚོ་གནས་ཁོར་ཡུག་གི་དཀའ་ངལ་ཡིན་པས། མིས་སེང་གེ་འཚོ་གནས་བྱེད་སའི་ཁོར་ཡུག་བདག་བཟུང་བྱས་པ་དང༌། ལྷག་པར་དུ་སེང་གེའི་ལུས་ཀྱི་ཆ་ཤས་སྨན་དང་ཆང་ཐོན་སྐྱེད་བྱེད་རྒྱུའི་ནང་འགྲོ་བཞིན་ཡོད་པ་སོགས་ཀྱི་རྐྱེན་པས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན། རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་སྲུང་སྐྱོབ་ཀྱི་གྲས་སུ་ཡོད་པ་དང༌། དེ་བཞིན་སེང་གེ་གནས་ཡུལ་རྒྱལ་ཁབ་དང་ས་གནས་སོགས་ནང་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་གཏན་འབེབས་དང་ལས་དོན་བྱེད་བཞིན་ཡོད།།
  • ལེ་ཚན་སྔོན་མ།:མཚོ་བོད་མཐོ་སྒང་གི་སྔོ་སྨན་རྐོ་འཐུ་མཛད་མཁན་ཚོར་ཞུ་བ།
  • ལེ་ཚན་རྗེས་མ།:གཙོད།