མཚོ་བོད་མཐོ་སྒང་གི་སྔོ་སྨན་རྐོ་འཐུ་མཛད་མཁན་ཚོར་ཞུ་བ།

སྨིན་དབུས་པོ།    གཉན་པོ་གཡུ་རྩེ།    2011-05-31

མཚོ་བོད་མཐོ་སྒང་གི་སྔོ་སྨན་རྐོ་འཐུ་མཛད་མཁན་ཚོར་ཞུ་བ།མཚོ་བོད་མཐོ་སྒང་གི་སྔོ་སྨན་རྐོ་འཐུ་མཛད་མཁན་ཚོར་ཞུ་བ།
བོད་མདོ་དབུས་ཁམས་གསུམ་གྱི་གསོ་བྱེད་པའི་སྡེ་དཔུང་ལ་ཞུ་བ་འདི་ཡོད་པས་ཚང་མའི་ཐུགས་ལ་འཛིན་དགོས་རྒྱུ་ཞིག་ལ།  རང་རེ་གངས་ཅན་བོད་ཡུལ་ལ་སཱ་ལའི་སྨན་ལྗོངས་ཞེས་པའི་མིང་ཞིག་ཡོད་པ་ནི། ངོ་མ་དོན་ལ་གནས་པའི་མིང་ཕུལ་དུ་བྱུང་བ་ཞིག་ཡིན་པ་གསལ་བཤད་ཅི་ལ་དགོས་ཏེ། སྔོན་རབས་མེས་པོ་ཚོའི་ངག་རྒྱུན་དང་ཞལ་གསུང་ལ། དུས་བཞིའི་རང་མདངས་གསལ་བར་མངོན་ནུས་པའི་ས་གཤིས་ཀྱི་རང་བཞིན་ཕུན་སུམ་ཚོགས་པའི་རང་རེ་བོད་ཀྱི་གངས་རྫ་གཡའ་སྤང༌།  ནགས་ཚལ་མཛེས་ལྗོངས་དག་ལ་ཆ་མཚོན་ན།  དབྱར་ཟླ་བཞི་བ་ནས་བཟུང་སྟོན་ཐ་ཆུང་གི་བར་དུ་ས་ཕྱོགས་གང་ཞིག་ནས་མི་ཞིག་ལ་གློ་བུར་གྱི་ནད་གདོན་ནམ།  མཚོན་ཆ་སོགས་ཀྱིས་་རྨས་ཕོག་རྒྱུའི་དབང་དུ་བྱས་ན།  མི་དེའི་རང་གི་ལུས་ཀྱིས་ཁེབ་པའི་འོག་ན་རང་ཉིད་ཀྱི་སྲོག་འཚོ་ཐུབ་པའི་སྨན་རྩྭ་རེ་ངེས་པར་ཡོད་སྲིད་ཟེར་བའི་བཤད་རྒྱུན་ཡོད་པ་དང༌།  ཡང་ལ་ལས་བཤད་ན། དབྱར་དུས་རྩི་ཤིང་མེ་ཏོག་རྒྱས་ཚད་རྫོགས་ཡོད་པའི་དུས་ཤིག་ལ་མཚོན་ན། མི་ཞིག་གི་ལུས་བོངས་ཀྱིས་ཁེབས་པའི་ཚད་ཙམ་གྱི་ས་ཁྱོན་ལ་རིགས་མི་གཅིག་པའི་སྨན་རྩྭ་མེ་ཏོག་གི་རིགས་སུམ་བརྒྱ་ནས་དྲུག་བརྒྱ་ཙམ་སྐྱེས་ཡོད་སྲིད་ཟེར་བའི་བཤད་སྲོལ་ཡོད་པ་ནང་བཞིན། རང་རེ་རི་མཐོ་ས་གཙང་གངས་ཅན་བོད་ཀྱི་ཡུལ་འདིར་འཛམ་གླིང་ན་དཀོན་པའི་སྨན་རྩྭ་མེ་ཏོག་རོ་ནུས་བསམ་མི་ཁྱབ་པའི་རང་བྱུང་སྐྱེ་དངོས་ཀྱི་བང་མཛོད་ལྟ་བུ་ཞིག་ཡིན་མོད། དུས་རབས་ཉི་ཤུ་བའི་མགོ་ཙམ་ནས་བཟུང་ཁོར་ཡུག་གི་མིའི་གཤིས་སྤྱོད་དང༌། རང་བྱུང་གནོད་འཚེ་སོགས་གནས་ཚུལ་རབ་དང་རིམ་པའི་འོག་ནས་རང་བྱུང་ཁམས་ཀྱི་སྐྱེ་དངོས་རིགས་ཇེ་དཀོན་དང་ཇེ་ཉུང་དུ་སོང་ཡོད་པ་དང༌། དེ་ལས་ཀྱང་དུས་རབས་ཉེར་གཅིག་པའི་མགོ་ཚུགས་པའི་སྐབས་ཡས་མས་ཤིག་ནས་ཁོར་ཡུག་གི་མི་རིགས་གཞན་གྱི་ཁེ་ལས་པ་དག་གིས་རང་རེའི་སྨན་ལྗོངས་ཀྱི་སྐྱེ་དངོས་ལ་འདོད་ཧམ་མེ་ལྟར་འབར་ནས་ལག་པ་འགུལ་མགོ་བརྩམས་ཏེ། དཔེར་ན།  ལྕུམ་དང༌། ཀྱི་ལྕེ་དཀར་ནག<ཤེལ་ཏིང་>  སྙི་བ<པེས་མོ>། སྔོ་ད་བྱིད<དབྱར་རྩྭ་དགུན་འབུ>། རྫ་རི་ཟིལ་བ།<གངས་རྒྱན་པདྨ་འམ་བྱ་རྒོད་སུག་པམཚོ་བོད་མཐོ་སྒང་གི་སྔོ་སྨན་རྐོ་འཐུ་མཛད་མཁན་ཚོར་ཞུ་བ།

ཀ་ཀོ་ལ་སོགས་ཀྱིས་མཚོན་བརྩད་པ་ནས་རྐོ་དགོས་རིགས་ཀྱི་སྐྱེ་རྒྱུན་ལ་གནོད་སྐྱོན་ཚབས་ཆེན་ཕོག་པའི་ལམ་ཆེན་གྱི་སྒོ་ཕྱེས་པ་དང་ལྷན་རང་རེ་རོང་འབྲོག་མང་ཚོགས་ཡོངས་ཀྱིས་སྔ་འདང་དང་ཕྱི་འདང་མེད་པར་རུབ་རྒྱབ་ནས་གོང་གི་སྨན་དངོས་དེ་རིགས་ཀྱིས་མཚོན་ཆེས་དཀོན་པའི་སྐྱེ་དངོས་མི་ཉུང་བ་ཞིག་ད་ལྟ་རྙེད་དཀའ་བའི་གནས་སུ་སྐྱལ་ཚར་བཞིན་ཡོད་པ་དང༌།  དེ་ལས་ཀྱང་ཕྲན་གྱི་ཕ་ཡུལ་ཏེ། ཨ་མདོ་མགོ་ལོག་ཕྱོགས་གཙོ་བོ་ཡིན་པའི་ཁོར་ཡུག་ནས་གོ་ཐོས་བྱུང་བའི་གནས་ཚུལ་ལྟར་ན། དེང་སྐབས་བོད་ཀྱི་གསོ་བ་རིག་པའི་ཁ་དཔལ་དབྱོར་ཅན་ལ་ཕྱོགས་པའི་གནས་ཚུལ་དང༌། ཁུལ་དང་རྫོང་ཚུལ་ཚོ་སོགས་ན་གཞུང་སྒེར་གྱི་སྨན་ལས་གཉེར་བའི་ལས་ཁུངས་ཅུང་མང་པོ་ཞིག་ཚུགས་དང་ཚུགས་བཞིན་ཡོད་པ་དང༌། དེ་རིགས་ཀྱི་ཁྲོད་དུ་གསོ་བྱེད་རྒྱུད་བཞིའི་དགོངས་དོན་མཐོང་བ་རྒྱུད་པའི་ཕྱག་བཞེས་ཇི་མ་ཇི་བཞིན་ལག་བསྟར་དུ་འདེབས་དང་མི་འདེབས་ཅི་རིགས་ཤིག་ཡོད་པར་ངེས་པ་དང༌། འགའ་ཞིག་ཕྱིའི་རྣམ་པའི་ཆ་ནས་སྨན་རྫས་སྨན་རྫས་སུ་གྱུར་ཀྱང་རུང་ལ་མ་གྱུར་ཀྱང་ཆོག དོན་གྱི་ཆ་ནས་སྨན་རྫས་ལ་ཚོང་དངོས་ཀྱི་སྲོག་རྩ་དང་ནུས་པ་སྦོམ་པོ་ཞིག་ཡོད་པ་ནི་སྨྲོས་མེད་ཡིན་སྙམ་པའི་འདུ་ཤེས་ཅན་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་བ་ནི་དངོས་མཐོང་གི་གནས་ཡིན་པ་དང༌།  ཉེ་ལམ་ཕྲན་གྱིས་ཕ་ཡུལ་རྫོང་གཅིག་གི་མངའ་ཁོངས་ཀྱི་སྔོ་སྨན་གཉེར་བའི་གནས་ཚུལ་ཕྲན་ཙམ་རྒྱུས་ལོན་བྱས་པ་ལྟར་ན། དབྱར་གྱི་དུས་སྟོན་ཤར་བ་དང་ལྷན་ཕྱོགས་སོ་སོ་ནས་སྔོ་སྨན་མེ་ཏོག་ལྡུམ་རིགས་རྐོ་མཁན་དང༌།  རྡོ་སྨན་གྱི་རིགས་སྔོག་འདོན་བྱེད་མཁན་གྱི་མཐོ་གངས་རྫ་རི་གསུམ་གྱི་བརྩེ་ནས། དམའ་ཆུ་མཚོ་མཚེ་གསུམ་གྱི་འགྲམ་ངོགས་ཡན་ཆོད་དུ་རི་སྤྱང་ཟན་ལ་འདུར་བ་བཞིན་ཉུལ་བཞིན་ཡོད་པ་དང༌།  ཁོ་ཚོའི་ཁྲོད་ཀྱི་སྨན་པ་ག་གེ་མོ་དང༌། སྨན་ཁང་ག་གེ་མོའི་སྨན་འཐུ་ལ་ལས་ནི་སྨན་
 
རིགས་གང་དང་གང་ཞིག་འཚོལ་སྐབས་མ་འོངས་པའི་དགོས་མཁོ་དང་རང་བྱུང་ཁམས་ཀྱི་བདེ་ཐང་སོགས་ལ་བསམ་བློ་སྤུ་ཙམ་ཡང་མི་གཏོང་བར། རང་སྒེར་གྱི་ད་ལོའི་ཡོང་བབ་དང་སང་ལོའི་མ་རྩ་ཁོ་ན་སྙིང་དབུས་སུ་སྒོམ་ནས། ཉེ་ཁོར་ཙམ་མ་ཟད་འཛམ་གླིང་ན་དཀོན་པའི་སྨན་རྩྭ་མེ་ཏོག་གི་རིགས་གང་ཞིག  གནས་གང་ཞིག་ནས་རྙེད་ཚེ་དེ་གཅེས་སྐྱོང་གི་འདུ་ཤེས་དང༌།  སྲོང་སྐྱོང་གི་བསམ་བློ། ཕངས་སེམས་སེར་སྣ་གཏན་ནས་མེད་པར་དབུགས་ཐེངས་གཅིག་གིས་སྐྱེ་དངོས་དེའི་གཞུང་རྟ་འམ། ལོ་མ། མེ་ཏོག  ཡང་ན་འབྲས་བུ་ཙམ་ལས་རྩད་པ་བཀོལ་མི་དགོས་པའི་རིགས་ཤིག་ཡིན་ན་ཡང༌།  བརྩད་པ་ནས་བཀོག་ཏེ་ཕྱིན་ཆོད་གནས་དེར་སྐྱེ་དངོས་དེ་སླར་མི་འབྱུང་བའི་སྐྱེ་རྒྱུན་གཏན་གཅོད་བྱེད་མཁན་མི་ཉུང་བ་རེ་ཡོད་པ་དང༌། ཡང་སྨན་ཁང་ལ་ལ་ཞིག་གིས་ཅོང་ཞི་དང༌། ཅི་གང་ཕྲན་ཙམ་ཡོད་པའི་གཏེར་ཁུངས་ལ་དེང་རབས་དུག་གྲུབ་དངོས་པོ་འགད་རྫས་བཀོལ་ཏེ་འགས་གཏོར་གྱིས་ཁོར་ཡུག་དང་རང་བྱུང་སྨན་དངོས་ཐོན་ཁུངས་ལ་གནོད་སྐྱོན་དཔེ་མི་སྲིད་པ་བཟོས་ཏེ་སྨན་དངོས་གཉེར་བཞིན་པའི་གནས་ཚུལ་ཡང་འདུག་པ་དང༌། སྟར་བུ་སོགས་འབྲས་བུ་ཅན་གྱི་སྨན་ཤིང་འགའ་ཞིག་གི་འབྲས་བུའི་ཆེད་དུ་ཤིང་རྩ་གཅོད་བྱེད་པར་མ་ཟད་ཁོ་ཚོ་ད་དུང་སྔོན་བྱོན་གྱི་སྨན་བླ་དངོས་བྱོན་ག་གེ་མོའི་སློབ་རྒྱུད་དང་རྗེས་འཇུག་ཡིན་ཞེས་རྒྱུད་མཁྲེགས་ཤིང༌། དཔལ་འབྱོར་ཅན་དང་གོ་གནས་ཅན་གྱི་མི་ཕུད་པའི་སྐྱེ་བོ་རང་ག་བ་ནད་ཀྱིས་གཟིར་ཏེ་ཇི་ལྟར་གཟིར་ཡང་ཁ་ཡ་ཡག་པོ་མི་བྱེད་པའི་གནས་ཚུལ་དང༌། གོང་གི་སྨན་རྩྭ་མེ་ཏོག་རྐོ་འཐུའི་ཐད་ནས་སྨན་པ་མིག་རྒྱང་ཅན་དང་སྐྱེ་བོ་ཁོར་ཡུག་ལ་སེམས་ཁུར་དང་དོ་སྣང་བྱེད་སེམས་ཅན་རེ་གཉིས་ཀྱི་བསམ་འཆར་བཏོན་པ་ལ།  མི་རང་རང་གི་ཚེ་སྲོག་གིས་འདང་ན་ས་ཐོག་གི་རྩྭ་ལྡུམ་ལ་སེར་སྣ་སྐྱེ་དགོས་དོན་ཡོད་པ་མ་རེད་ཟེར་ནས་གཤེ་གཤེ་གཏོང་བའི་གནས་ཚུལ་ཕྲན་ལྟ་བུའི་སྐྱེ་བོ་རང་ཀ་བ་ཞིག་གིས་མཐོང་ན་ཡང་སེམས་ནས་བཟོད་དཀའ་བའི་གནས་སུ་འདུག  འདི་ལྟར་ལོ་ངོ་གཉིས་གསུམ་ལ་ཁོ་ཚོའི་ཁ་ཕྱོགས་རྒྱུན་མཐུད་རྒྱུའི་དབང་དུ་བྱས་ན། རང་རེ་བོད་ཡུལ་གྱི་གསོ་རིག་པའི་གཤིས་སྤྱོད་ལ་ལྟ་ཚུལ་མི་ལེགས་པ་འབྱུང་སྲིད་པ་དང༌། དེ་ལས་ཀྱང་རང་བྱུང་སྨན་དངོས་ཀྱི་རིགས་མང་ཆེ་བ་གཏན་མེད་འགྲོ་བ་ཐེ་ཚོམ་སྤུ་ཙམ་མི་དགོས་པའི་གནས་སུ་ལྷུང་ཚར་བ་མ་ཡིན་ནམ། རྒྱུ་མཚན་དེ་ལྟ་བུའི་ན་ཟུག་མ་བཟོད་དེ། ཁོར་ཡུག་གི་སྔོ་སྨན་བཀོལ་མཁན་གྱི་གསོ་བྱེད་པའི་སྡེ་ཚོགས་ལ་སྙན་ཞུ་ཅུང་ཙམ་མི་བྱེད་ཐུ་མེད་བྱུང༌།  དེས་ན་ཁྱེད་སྔོ་སྨན་བཀོལ་མཁན་ཚོས་རང་རང་གི་ཐད་ནས་རྒྱུད་ཀྱི་སྔོན་འགྲོ་ཕན་སེམས་རླབས་ཆེན་གྱི་སེམས་སྐྱེད་རྒྱ་ཆེན་པོ་དང་ལྡན་པར་བྱས་ཏེ། དམ་པ་གོང་མ་ཚོས་སྨན་རྩྭ་ཇི་ལྟར་བཀོལ་བའི་ཕྱག་ལེན་ལྟར་གནང་རྒྱུ་བཀའ་དྲིན་ཆེ།  ཕྲན་ལ་མཚོན་ན་སྤྱིར་སྐྱེས་སྦྱང་གི་ན་ཆེས་ཆེར་ཕྲ་བ་དང༌། དེ་ལས་ཀྱང་བོད་ཀྱི་བཅུ་ཕྲག་རིག་པའི་ཡང་རྩེ་གསོ་བྱེད་རིག་པའི་ཐད་གོམས་འདྲིས་སྤུ་ཙམ་གྱི་ཉམས་མྱོང་མེད་མོད། མེས་པོའི་ངག་རྒྱུན་ཕྲན་བུ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ནས་མཐོང་བའི་གནས་ཚུལ་འགའ་ཞིག་དྲན་དངོས་ན་ཡོད་པ་ནི། གངས་ལྗོངས་སྤྱི་དང་ཁྱད་པར་ཨ་མདོ་མགོ་ལོག་གི་ཕྱོགས་འདིར་གནའ་སྔ་མོ་བོད་ཀྱི་ལོ་ཙཱ་ཆེན་པོ་པ་གོར་བེ་རོའི་སྐུ་དུས་ཤིག་ནས་གསོ་བྱེད་ཀྱི་བསྟན་པ་རྒྱ་ཆེན་དར་བར་གྲགས་ལ། ཕྲན་གྱི་ཕ་ཡུལ་ཆ་མཚོན་ན་ཡང་ལོ་རྒྱུས་སྟེང་དོན་ལ་གནས་པའི་སྨན་རམས་པ་དང་ཆེད་མཁས་པ་མང་དུ་བྱོན་མྱོང་ལ། ཉེ་བའི་དུས་རབས་བཅུ་དགུ་པ་དང་ཉི་ཤུ་བའི་ནང་ཙམ་ནས་བཟུང་གསོ་རིག་ཆེད་མཁས་པ་སྔོན་བྱོན་དག་གི་ཕྱག་བཞེས་མན་ངག་ཉམས་མྱོང་དང་བཅས་པའི་རྒྱུད་འཛིན་དམ་པ། སྟག་བླ་ནོར་བུ་ཞེས་སེམས་ཅན་ཤི་སོས་ཀྱི་མན་ངག་ལ་མངའ་དབང་འབྱོར་བའི་གསོ་བྱེད་སྨན་པའི་རྒྱལ་པོ་དངོས་དང་མི་གཉིས་པའི་གསུང་དང་མན་ངག་ལས་སྐྱེས་པའི་བུ་སློབ་མི་ཉུང་བ་བྱོན་མྱོང་བ་དང༌།  ལྷག་པར་དུས་རབས་འདིའི་མགོ་ཟིན་ལ་ཉེ་བར་བཞུགས་མྱོང་བའི་རྒྱ་རོང་སྨན་པ་བསམ་གྲུབ་རྡོ་རྗེ་ཚང་དང༌། ཁམས་གཙང་སྨན་བླ་འབྲུག་རྒྱས་རིན་པོ་ཆེ་ལྟ་བུའི་སྨན་རྒན་རྣམ་པས་མཐོང་བ་རྒྱུད་པའི་ཕྱག་བཞེས་ལྟར་ན། ཁོང་རྣམ་པས་སྨན་རྩྭ་རྐོ་འཐུའི་ཕྱག་ལེན་ལ། སྨན་རྩྭ་མེ་ཏོག་རྩད་པ་བཀོལ་དགོས་པའི་རིགས་གནས་གཅིག་ནས་ཉུང་ཙམ་རེ་ལས་མི་རྐོ་བ་དང༌། རྐོས་ཤུལ་དུ་འབྲུ་རིགས་དང་སྣོད་བཅུད་གསོ་བྱེད་ཀྱི་གཏེར་སྨན་འདེབས་པ། གཞུང་རྟ་འམ་ཡང་ན་ལོ་འབྲས་མེ་ཏོག་ལས་བཀོལ་མི་དགོས་རིགས་གྲི་འཐབ་དང་ཟོར་བ་སོགས་བཀོལ་ཏེ་སྐྱེ་རྒྱུན་ལ་མི་གནོད་པའི་འཐུ་ཐབས་བཀོལ་བ། སྟར་བུ་སོགས་ཤིང་ཏོག་གི་རིགས་ཀྱི་གཞུང་རྟ་དང་ཡལ་ག་ལ་གནོད་སྐྱོན་གཏན་ནས་མི་བྱེད་པའི་ཕྱག་སྲོལ་བཟང་པོ་ཡོད་པར་མ་ཟད།  སྔོན་བྱོན་གསོ་བྱེད་པ་དག་གིས་བླ་རྟོགས་མཐོན་དང་གྲུབ་ཆེན་ནུས་པ་རེ་ཡུལ་ཕྱོགས་སུ་བྱོན་ན། སྨན་རིགས་ཀྱི་ཕྱུག་པའི་རི་ཐང་ཤོད་གསུམ་དང༌།  གནས་རི་དག་བདུད་རྩི་སྨན་སྒྲུབ་ཀྱི་སྒོ་ནས་ས་གཞི་བྱིན་རླབས་དང་རབ་གནས་མཛད་དེ། ཕྱིན་ཆོད་སྔོ་སྨན་གལ་ཆེན་རིགས་གནས་དེ་ལྟ་བུ་ནས་ཚད་བཟུང་དང་སྒྲིག་སྲོལ་ཡོད་པའི་སྒོ་ནས་བཀོལ་སྲིད་པ་དང༌། དེ་ལྟར་མཛད་པའི་ལག་ལེན་གྱི་ཁྲོད་ནས་གཞལ་ཏེ་གནས་དེ་རིགས་ཀྱི་སྐྱེ་དངོས་དང༌། ས་གནས་གཞན་གྱི་སྔོ་སྨན་གྱི་ནུས་པ་ལ་སྤྱོད་བསྡུར་བྱས་ཚེ་གོང་ལྟར་བྱིན་གྱིས་རླབས་པའི་གནས་ཀྱི་སྨན་དངོས་རིགས་ལ་ནུས་པ་ཁྱད་པར་བ་རེ་ཡོད་པའི་ཉམས་མྱོང་དངོས་སུ་ཐོབ་པའི་ཞལ་རྒྱུན་ཡོད་པ། དཔེར་ན་འདིར་སྨིན་ཐང་སྨན་པ་བསོད་ཆེན་གྱི་ངག་ལམ་ནས་ཐོས་པའི་སྨན་པ་གོང་མ་དག་གི་ཞལ་རྒྱུན་རེ་འགའ་ཞིག་ཞུས་ན། སྔོན་བྱོན་གྱི་སྨན་པ་གྲགས་ཆེན། མགོ་ལོག་ཁང་རྒན་ཨ་བཟོད་ཀྱི་ཚ་ཁོ་སྨན་པ་ཟེར་བ་ཞིག་གིས་བསད་པ་གསོ་ཞིང་བསྒྲལ་བ་འདྲེན་ནུས་པའི་རིག་སྔགས་འཛིན་པའི་སྐྱེས་བུ་དམ་པ་གཙང་གྲུབ་ཆེན་བྱམས་པ་ཆོས་འཛིན་གདན་ཞུས་ཏེ། ད་ལྟའི་ཨ་སྐྱོང་ཁང་སར་སྨིན་ཐང་རྨ་ཉིན་གྱི་ས་ཆ་བྲང་རྔ་རྡུང་ངམ་མཁར་ཐང་དུ་གྲགས་པའི་གནས་བདུད་རྩི་ལོ་མ<སྨན་ཆེན>བཏུ་བའི་གནས་སུ་བྱིན་རླབས་དང་རབ་གནས་ཞུས་པ་དང༌། དེ་བཞིན་དུ་ཁང་རྒན་གྱི་ས་བཞོ་མཆར་རི་ལོག་ཅེས་པ། སུམ་ཅུ་ཏིག་ཏ་བཏུ་བའི་གནས་སུ་བྱིན་རླབས་ཞུས་པའི་མཚོན་སྨན་པ་དེའི་སྨན་ལྡུམ་འཐུ་བའི་གནས་མང་པོ་ཞིག་ལ་གཏན་ཁེལ་ཡོད་པར་མ་ཟད་སྨན་ལ་ཡང་དེ་མཚུངས་ཀྱི་ནུས་པ་དང་ཁྱད་ཆོས་ཡོད་པ་ཁོར་ཡུག་མང་ཚོགས་ཀྱི་ངག་ལམ་ན་རྒྱུད་མར་གནས་ཟེར།ཡང་སྨན་བླ་དངོས་བྱོན་སྟག་བླ་ནོར་བུའི་སློབ་རྒྱུད་ཨ་སྐྱོང་ཁང་སར་གྱི་སྒོ་སྤ་སྨན་པ་བསྟན་རྒྱས་ཞེས་པས་ཁོར་ཡུག་ན་སྐྱེ་དཀོན་པ་དང་ཡང་མེད་པའི་སྨན་རྩྭ་མེ་ཏོག་རེ་འགའ།ས་གནས་གཞན་གྱི་རྫ་སྤང་རི་ཐང་ནས་རྐོ་འཐུ་མཛད་དེ།  སྔར་མེད་པའི་རང་གི་ས་ཁོངས་སུ་དྲངས་ཏེ་སྐྱེ་དངོས་དེ་རིགས་སྐྱེ་ཡུལ་མཐོ་ཚད་དང༌།  ཉིན་སྲིབ་དྲོ་གྲང་གི་ས་བབ་སོགས་སྔར་དང་འདྲ་བ་བལྟས་དཔྱད་བྱས་ཏེ་རྨོ་འདེབས་འཛད་པ་ན།གྲུབ་འབྲས་ལེགས་སྨིན་གྱི་ལག་ལེན་དང་ཉམས་མྱོང་ཐོབ་མྱོང་བའི་ངག་རྒྱུན་ཡོད་པ་ལྟ་བུའི་མཚོན་སྔོན་བྱོན་དག་གིས་རང་བྱུང་སྐྱེ་དངོས་ལ་མཐོང་གཟིགས་གྲོན་ཆུང་བྱས་པའི་མཛད་པ་དང་རྣམ་ཐར་ནི།ཅི་འདྲའི་གུས་འདུད་དང་མིག་ལྟོས་བྱེད་འོས་པའི་གནས་ཤིག་རེད་ཨང༌།དེས་ན་ཁྱེད་བོད་ཀྱི་གསོ་བྱེད་རིག་པ་ལ་ཐུགས་སེམས་དཀར་བའི་སྨན་པའི་ལས་བྱེད་མཁན་གྱི་གྲོགས་པོ་རྣམ་པར་ཡང་དོན་འདི་ལ་ཐུགས་གཙིགས་དང་དོ་སྣང་མཛད་རྒྱུའི་སྐུལ་ལྕག་དང་རེ་འབོད་བྱས་པ་ཡིན་པས།རྣམ་པ་ཚོས་ཐུགས་ལ་འཛིན་རྒྱུའི་བཀའ་དྲིན་མི་ཆུང་བར་ཞུ་ཞུ།མཚོ་བོད་མཐོ་སྒང་གི་སྔོ་སྨན་རྐོ་འཐུ་མཛད་མཁན་ཚོར་ཞུ་བ།

 

  • ལེ་ཚན་སྔོན་མ།: ནགས་ཚལ་དང་མིའི་རིགས།
  • ལེ་ཚན་རྗེས་མ།:སེང་གེ་ངོ་སྤྲོད།