འབའ་གཞས་ཀྱི་བྱུང་འཕེལ་དང་རིགས་དབྱེ།སྒྱུ་རྩལ་བཅས་ལ་རགས་ཙམ་དཔྱད་པ།(2)

ཟི་ལིང་།དབང་ཕྱུག་ཚེ་རིང་།    མང་ཚོགས་སྒྱུ་རྩལ་ལས་དྲངས།    2011-06-07


བཀྲ་ལ་ཤེས་པའི་གཞས་རེད།
གཡང་ལ་ཆགས་པའི་གཞས་རེད།
སྐྱིད་པོ་ཕ་ཡུལ་ལུང་བ།
འགྱུར་བ་མེད་པའི་གཞས་རེད།
ལྟ་བུ་དང་ཡང་ན།
བྱམས་པོའི་ཕ་མར་ཁ་ཏ།
དྲིན་ཆེན་སློབ་དཔོན་བསླབ་བྱ།
ཚེ་རོགས་བཟང་བའི་སྙིང་གཏམ།
དེ་གསུམ་བསླུ་བ་མེད་པ།
ས་ཨེ་ཕྱོགས་བསོད་ནམས་ཆེ་བའི་ས།
བཀྲ་ཤིས་པའི་ས་བོན་ས་ལ་བཏབ།
གཡང་འཁོར་བའི་ལྗང་ཆུང་ཞིང་ལ་སྐྱེས།
ཕ་ཨ་ཁུའི་ལོ་ཡག་དང་པོ་རེད།
བསྟོད་གཞས་འདི་གསུམ་ནི་གཙོ་བོ་རང་གི་ཕ་ཡུལ་དང་ཕ་མ།དགེ་རྒན།ཚེ་གྲོགས།ཞིང་ལས་ངལ་རྩོལ་གྱི་འབྲས་བུ་བཅས་ལ་བསྟོད་བསྔགས་བྱེད་པའི་གླུ་ཡིན།
༢སྐྱོ་གཞས།སྐྱོ་གཞས་ནི་ཡིད་སྐྱོ་བའི་གཞས་ཏེ།གྲངས་ཉུང་མི་རིགས་ནང་ཁུལ་དུ་སྤྱི་ཚོགས་འཕེལ་རྒྱས་དོ་མི་མཉམ་པ་དང་མི་རིགས་སོ་སོ་ལ་གོང་རིམ་དབང་བསྒྱུར་བའི་གནོན་ཤུགས་དང་བཤུ་གཞོག་བྱས་ཏེ།མི་རྣམས་རྟ་ཟོག་ལས་སྡུག་པའི་འཚོ་བ་སྐྱེལ་ཡོད་པར་བརྟེན།ངལ་རྩོལ་མི་དམངས་ཀྱིས་ཡིད་ཕམ་པ་དང་ཞེ་སྐྱོ་བའི་དབང་གིས་སྐྱོ་གླུ་བླངས་ནས་སེམས་ནང་གི་སྐྱོ་སྡུག་ཕྱིར་འབུད་ཐབས་བྱེད་པའི་ཐབས་ལམ་ཞིག་རེད།
དཔེར་ན།
རང་ཡུལ་རྒྱ་ཤོར་ཁྲ་མོ།
ཡུན་རིང་སྡོད་ལུང་མ་བྱུང་།
མི་ཡུལ་དང་ལེན་མ་བྱས།
མི་ཚེ་སྐྱེལ་དགོས་བྱུང་སོང་།
ཕོ་བྲང་གསར་བོ་བརྒྱབ་བྱུང་།
ཆི་སེར་འུ་ལག་དེད་ཐལ།
སྒལ་བའི་རྔུལ་ཆུ་མ་སྐམ།
རྟ་ལྕགས་ཁྱེར་མཁན་སླེབས་བྱུང་།ཞེས་པ་ལྟ་བུའོ།།
དཔེ་འདི་གཉིས་ཀྱི་དང་པོ་ནི་རང་གི་ཕ་ཡུལ་དང་བྲལ་ནས་གཞན་ཡུལ་འགྲིམ་པའི་སྐབས་ཀྱི་སྐྱོ་སྡུག་དང་།གཉིས་པའི་ནང་དུ་ངལ་རྩོལ་གྱི་བབ་ཆགས་ཐབས་རྡུག་དང་འུ་ཐུག་ཉམ་ཆུང་གི་འཚོ་བ་མཚོན་ཡོད།
༣ཆང་གཞས།ཆང་གཞས་ནི་ཆང་ལ་རོལ་བའི་དགྱེས་སྐྱེམས་སྟོན་མོའི་སྐབས་སུ་གཏོང་བའི་གཞས་ཤིག་དང་དགའ་སྟོན་རྟེན་འབྲེལ་མཚོན་པའི་གཞས་ཤིག་སྟེ།ཁྱིམ་ཚང་དེས་ཕ་མ་བུ་ཕྲུག་བཅས་ལ་བསྟོད་པ།གནས་ཁང་ལ་བསྟོད་པ།ཆང་འདེགས་མཁན་དང་འཐུང་མཁན་ལ་བསྔགས་པ།ཆང་གི་ཡོན་ཏན་ལ་བསྔགས་པ་བཅས་ཀྱི་ཡོན་ཏན་ལྡན་ཏེ།དཔེར་ན།
ཆང་གཅིག་ཞིམ་མངར་འཛོམས་པ།
གནས་ཚང་ཨ་མའི་ཆང་རེད།
གནས་ཚང་ཨ་མ་མེད་ན།
ཞིམ་མངར་འཛོམས་ས་མ་རེད།
དབུས་ལྷ་སའི་ནས་དཀར་ཆང་དང་གཅིག
རྒྱ་ནག་པོའི་འབྲས་དཀར་ཆང་དང་གཉིས།
ཁམས་ལུང་པའི་སྲན་དཀར་ཆང་དང་གསུམ།
ཆང་ཞིམ་པོ་དཀོན་མཆོག་གསུམ་ལ་འབུལ།ཞེས་པ་ལྟ་བུའོ།
ཆང་གཞས་འདི་ནི་འབའ་ཐང་དུ་དར་ཁྱབ་ཆེ་བའི་གཞས་ཤིག་ཡིན་ཞིང་།དེ་ནི་མགྲོན་པོ་འགྲོ་བའམ་ཡང་ན་བུ་ཚ་བུ་མོ་མཉམ་གཅིག་ཏུ་འཛོམས་པའི་སྐབས་སུ་གནས་ཚང་ཨ་མ་ལ་བཀའ་དྲིན་ཞུ་བ་དང་ལྷ་དཀོན་མཆོག་ལ་འབོད་པའི་གླུ་ཞིག་ཡིན།
༤ཀུན་སྤྱོད་བསླབ་བྱ་མཚོན་པ།གླུ་ཡི་ནང་བོད་མིའི་ཀུན་སྤྱོད་བསླབ་བྱ་སྐོར་ལ་གདམས་པའང་ཤིན་ཏུ་མང་སྟེ།
དཔེར་ན།
རང་མགོ་མ་ཐོན་གོང་ལ།
དྲིན་ཅན་ཕ་མ་གསོས་བྱུང་།
རང་མགོ་ཐོན་པའི་དུས་སུ།
དྲིན་ལ་དྲིན་ལན་འཇལ་ཆོག།
ཆུང་ཆུང་ཨ་མས་གསོ་བ།
ཨ་མ་བཀའ་དྲིན་ཆེ་བྱུང་།
ཆེན་པོ་རང་མགོ་ཐོན་དུས།
ཨ་མ་དྲིན་ལན་མི་བརྗེད།ཅེས་པ་ལྟ་བུ།
༥མཛའ་གཞས།
མཛའ་གཞས་ནི་གཞོན་ནུ་ཕོ་མོའི་སླད་མེད་ཀྱི་བརྩེ་སེམས་དང་རང་དབང་གི་བརྩེ་དུང་ལ་བར་ཆད་བཏང་བའི་སྐྱོ་གདུང་སོགས་མཚོན་པའི་གཞས་ཤིག་རེད།དཔེར་ན།
རྐང་མཐིལ་བརྡོལ་བའི་ལྷམ་གོག།
གོས་ཆེན་ཡིན་ཡང་མི་དགོས།
བློ་ལ་མེད་པའི་བྱམས་པ།
ལྷ་སྲན་ཡིན་ཡང་མི་དགོས།
ཆུང་འདྲིས་ཡིད་མཐུན་བུ་མོ།
ཐུགས་ཕྲད་སྐལ་བ་དཀོན་ཡང་།
གཅིག་སེམས་གཅིག་ལ་ཡོད་ན།
གཉིས་སེམས་ལྡེ་མིག་བརྒྱབ་ཆོག
ཅེས་ཕོ་མོ་གཉེན་སྒྲིག་ལ་ཡང་དག་པའི་ལྟ་སྟངས་འཛིན་དགོས་པའི་དོན་མཚོན་པ་སྟེ།རང་བློ་དང་མཐུན་པའི་གྲོགས་ཤིག་མིན་ཚེ།ཐོབ་གོ་སའི་དབང་ཐང་དང་རྒྱུ་འབྱོར་བའི་ལོངས་སྤྱོད།ཕྱི་ལུས་ཀྱི་མཛེས་པ་གང་གིས་ཀྱང་ཡིད་སེམས་འགུག་དཀའ་བ་དེ་བསྟན་པའོ།
༦འཛོམས་གཞས།དུས་ཆེན་སྟོན་མོ་དང་གཉེན་སྒྲིག་རྟེན་འབྲེལ་གྱི་མཛད་སྒོའི་སྐབས་སུ་ཕ་མ་དང་བུ་ཚ་བུ་མོ་རྣམས་ལྷན་གཅིག་ཏུ་འཛོམས་ནས་དགའ་སྟོན་བྱེད་པའི་སྨོན་ཚིག་སྐོར་དེར་འཛོམས་གཞས་ཟེར་བ་ཡིན།
  • ལེ་ཚན་སྔོན་མ།:དཀར་མཛེས་ཐིག་ཐ་ཞབས་བྲོ་ངོ་སྤྲོད་མདོར་བསྡུས། །
  • ལེ་ཚན་རྗེས་མ།:འབའ་གཞས།