བློ་བཟང་གྲགས་པ། ཁམས་པའི་གར་སྟེགས་ནས་མི་ཚེའི་སྟངས་སྟབས་བསྒྱུར།

བཀྲ་ཤིས།        2012-03-01

ལོ་དུ་མའི་སྔོན་ལ་དར་མདོའི་ཟློས་གར་ཁང་གི་གར་སྟེགས་ཐོག་ནས་བཀྲ་ཤིས་བཤད་པ།གངས་ལྗོངས་ཀྱི་བླ་སྲོག་དང་རྒྱལ་རོང་བུ་མོ།པི་པི་ཝང་སྒྱུ་རྩལ་པའི་གླུ་ཞེས་པའི་བྲོ་གར་མཐོང་མྱོང་།བརྗིད་ཅིང་ཆགས་ལ་ཟིལ་ཤུགས་ཆེ་བའི་རོལ་མོ་དང་ཉམས་དགུས་ཕྱུག་ཅིང་དམར་ཆུང་སྙིང་ཡང་འཕར་བར་བྱས་པའི་གར་གྱི་སྟངས་སྟབས་ཀྱིས་ང་ཚོའི་ཡིད་ཀྱི་དྭངས་བ་འདྲེན་ཞིང་དགའ་སྐྱོ་ཆགས་སྡང་མཚོ་ཡི་རྦ་རླབས་ལྟར་གཅིག་འཇགས་གཉིས་ལངས་ཀྱིས་འཕྱུར་བར་བྱས་མྱོང་།མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ལ་དུས་རབས་ཀྱི་ངར་ཤུགས་དགུང་དུ་འཕྱོ་བའི་སྒྱུ་རྩལ་བརྩམས་ཆོས་དེ་དག་གི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་ནི་དཀར་མཛེས་ཁུལ་གླུ་གར་ཚོགས་པའི་ཞབས་བྲོ་པ་གྲགས་ཅན་བློ་གྲགས་ཡིན་ཞེས་མདོ་འཛིན་པས་ངོ་སྤྲོད་བྱས་པས་སྒྱུ་རྩལ་པ་ཁོང་ལ་ཆ་རྒྱུས་མེད་ཀྱང་ཕུལ་བྱུང་གི་བརྩམས་ཆོས་དང་བཅས་པ་ལ་རང་དབང་མེད་པར་ཡིད་སྨོན་ཤོར་སོང་།ཁམས་པའི་འཛུམ་མདངས་ཞེས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་བྱེད་ཀྱི་ས་ཞིང་གཤིན་པོ་ཞིག་ཡོད་པའི་དྲིན་དང་ཁམས་པའི་ཕུལ་བྱུང་མི་སྣ་རྣམས་ཀྱང་ཕྱི་ནང་གི་མི་རྣམས་ལ་ཁྱབ་བསྒྲགས་བྱེད་པའི་ཀུན་སློང་བཟང་པོ་ལ་བརྟེན་ནས་ཉི་ཟེར་ཚ་རླབས་ལྟར་འཕྱུར་བའི་ཉིན་ཞིག་ལ་རྦ་རླབས་མཁའ་ལ་འཐོར་བའི་གངས་ཆུ་སྒེག་མོའི་འགྲམ་དུ་སྒྱུ་རྩལ་པ་ཁོང་དང་མཉམ་དུ་གླུ་གར་གྱི་འཇིག་རྟེན་དུ་ཐེངས་གཅིག་བགྲོད་པའི་སྐལ་བ་ཐོབ་སོང་།

   ཁོང་ལ་ཡོངས་གྲགས་སུ་བློ་གྲགས་ཞེས་འབོད།དཀར་མཛེས་ཁུལ་གླུ་གར་ཚོགས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་འཁྲིད་པ་ཞེས་པའི་ཆོ་ལོ་ཐོབ་ནས་མཚན་སྙན་པོ་ཀུན་གྱི་ངག་ལ་རླུང་ལྟར་གྲགས་ལ་དོན་དུའང་དེ་ལྟར་ལགས་ཏེ།བྱ་ཁྲུང་ཁྲུང་གི་དུངས་སེམས་འཁོར་བའི་ཁམས་ལི་ཐང་དུ་དྲིན་ཕ་མའི་པང་ནས་འཇིག་རྟེན་དཀར་པོ་མཐོང་བ་ནས་བཟུང་སྦྲང་དཀར་རྩམ་པས་ལུས་ཕུང་གསོས་ལ་དཀར་འཇམ་འོ་མས་རིག་པ་རྒྱས་བཞིན་དུ་འབྲི་གཡག་གི་ངུར་སྒྲ་དང་ལུ་གུའི་འབའ་སྒྲ།རྟ་ཕོའི་འཚེར་སྒྲའི་ཁྲོད་དུ་བྱིས་དུས་ཀྱི་འཇིག་རྟེན་ཆུང་ངུ་དེ་བསྐྲུན།སྐབས་དེ་དུས་ཨ་ཁུ་རྟ་རྫི་རྣམས་ཀྱི་མདུན་དུ་བོད་ཀྱི་གནའ་བོའི་སྐོར་བྲོ་དང་ཨ་ནེ་ལུག་རྫི་དག་གི་ཞལ་ལས་བོད་མིའི་ལ་གཞས་མང་པོ་ཞིག་མིག་མཐོང་རྣ་ཐོས་སུ་གྱུར་བས་ལྷན་སྐྱེས་ཀྱི་གླུ་གར་གྱི་བག་ཆགས་དེ་སད་རོགས་བྱས།ཏག་ཏག་རྟ་ཕོའི་སྒལ་གཞོང་ནས་ནོར་ལུག་གི་གྲངས་ཀ་བགྲང་བཞིན་འུར་ཆ་མགོ་རུ་སྐོར་བའི་དུས་དེ་ལ་ཁུལ་གླུ་གར་ཚོགས་པས་ཁོང་གི་བདེ་ལྕག་འཁྱུག་པོའི་ལུས་པོ་དང་མགྲིན་ངག་བདེ་བའི་ཁྱད་ཆོས་གཟིགས་ཏེ་ཚོད་ལྟའི་ཚུལ་གྱིས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ཞིག་ཏུ་བསྡུས་ཏེ་མདོ་གྲོང་ལ་སླེབས།ལོ་དེར་ཁོང་དགུང་ལོ་བཅུ་གཉིས་ལས་སོན་མེད་པས་ཕ་མ་དྲན་པའི་གདུང་བ་དང་འཚོ་བ་ལ་མ་གོམས་པའི་དཀའ་ངལ་གང་མང་འཕྲད་ཀྱང་རང་ཉིད་འགྲོ་ཁར་ཕ་མ་གཉིས་ཀྱི་གདོང་ལས་བཞུར་བའི་སྤྱན་ཆུ་དང་ཞལ་ནས་གསུངས་པའི་གདམས་ངག་དྲན་པའི་མོད་ལ་ད་ནས་རང་ཉིད་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་བྱ་རྒྱུའི་གོ་སྐབས་མ་ནོར་བ་འདི་དམ་འཛིན་བྱ་དགོས་བསམས་ཏེ་ཉིན་ཐོག་ཟླ་དང་ཟླ་ཐོག་ལོ་བརྩེགས་ནས་རྒན་རབས་པ་རྣམས་ཀྱི་དྲུང་ནས་ཆེད་སྦྱོང་གི་ཤེས་བྱ་དང་གྲོགས་པོ་དག་དང་མཉམ་དུ་གླུ་གར་གྱི་སྐོར་ལ་རྟོག་མྱུལ་བྱས་པས་རྒན་གཞོན་ཕོ་མོ་ཀུན་གྱིས་ཁོང་ལ་ཆུ་རྒྱུན་ལྟ་བུའི་རོགས་རམ་དང་གངས་རི་ནང་བཞིན་གྱི་རྒྱབ་རྟེན་གནང་བས་བོད་ཀྱི་སྐོར་བྲོ་དང་འབའ་གཞས།དཀར་མཛེས་ཞབས་བྲོ།རས་པ།དམངས་ཁྲོད་ཀྱི་ལ་གཞས་དང་མགུར་གླུ་སོགས་ལ་ཆ་རྒྱུས་ལྡན་ལ་དགའ་ཞེན་ཆེ་བར་གྱུར།གང་ཞིག་གསེར་གྱི་རི་ལ་གནས་བཅས་ན།དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་གྱུར་ཞེས་པ་ལྟར་རྒྱ་ཆེ་ཞིང་གཏིང་ཟབ་ལ་སྣ་མང་བའི་ཁམས་པའི་རིག་གནས་དང་འགྲོགས་འདྲིས་བྱས་མཐར་ལུས་ངག་ཡིད་གསུམ་ལ་ཆུ་མིག་ས་ནས་བརྡོལ་བ་ནང་བཞིན་གྱི་སྤོབས་པ་ཞིག་རྒྱས་ཏེ་ཞབས་བྲོའི་ལམ་བུར་ཅི་ཞིག་འཇོག་དགོས་པའི་དམ་བཅའ་བཞག་སྟེ་ཕྱི་རོལ་ཡུལ་གྱི་ཆེད་སྦྱོང་སློབ་གྲྭ་ལ་ལོ་ཕྱེད་ཙམ་གྱིས་སློབ་སྦྱོང་བྱས།དེ་ནས་ཞབས་བྲོའི་སྒྱུ་རྩལ་ལ་གོ་བ་མཐིལ་ཕྱིན་པ་ཞིག་བླངས་ཤིང་ཁམས་པའི་རིག་གནས་ལ་འགོག་ཏུ་མེད་པའི་བརྩེ་དུང་ཞིག་ཆགས།དེ་ཡང་སྒྱུ་རྩལ་གྱི་འབྱུང་ཁུངས་ནི་འཚོ་བ་ཡིན་པས་འཚོ་བ་བཏང་སྙོམས་སུ་བཞག་པའི་སྒྱུ་རྩལ་ནི་ལྟག་ཆུ་ཆད་པའི་རྫིང་བུ་དང་རྩ་བ་རུལ་པའི་ལྗོན་ཤིང་དང་འདྲ་ལ་སྒྱུ་རྩལ་གྱི་ཚེ་སྲོག་ནི་གསར་གཏོད་ཡིན་ལ་གསར་གཏོད་མེད་པར་ལད་མོ་དང་གཞན་རྗེས་འབྲངས་པ་ཁོ་ནས་སྒྱུ་རྩལ་གྱི་ཡང་རྩེར་སོན་མི་ཐུབ་ལ་སྒྱུ་རྩལ་པ་ཞེས་པའང་མིང་སྐམ་པོ་ཙམ་དུ་ཟད།དེས་ན་ཁོང་གིས་ཞིང་འབྲོག་ས་ཁུལ་དུ་འཁྲབ་སྟོན་དུ་འགྲོ་བའི་གོ་སྐབས་དང་བསྟུན་ནས་དམངས་ཁྲོད་ཀྱི་གླུ་དང་གར།སྒྲུང་དང་བཤད་པ།ཡུལ་སྲོལ་གོམས་གཤིས་སོགས་འཚོ་བའི་རྒྱུ་ཆ་གསོག་འཇོག་བྱས་ཏེ་རིག་པའི་བང་མཛོད་ཕྱུག་བུར་གཏམས།
     སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དོན་དྲུག་ལོར་ཁོ་རང་སྤོབས་པ་ལྡབ་འགྱུར་དང་ཡིད་ཆེས་བརྒྱ་ལྡན་གྱིས་ཞབས་བྲོ་འཁྲབ་ཁྲིད་པའི་སྒོ་ཆེན་དུ་འཛུལ།ཁབ་གསོག་འབུག་དང་འབུག་གསོག་གྲི་ཞེས་པ་ལྟར་དུས་རྒྱུན་དུ་འཚོ་བ་ལ་ཟབ་ཞུགས་དང་ཁམས་པའི་རིག་གནས་ལ་བསམ་གཞིག་མཛད་པའི་དྲིན་གྱིས་སྔ་རྗེས་སུ་བཀྲ་ཤིས་བཤད་པ་དང་།ཁམས་པའི་ཡུལ་དུ་དཔྱིད་ཤར་བ།གངས་ལྗོངས་ཀྱི་བླ་སྲོག  སྐོར་བྲོ། རྒྱལ་རོང་གི་བུ་མོ།  ཁྲག་གིས་བསྒྱུར་བའི་རྒྱལ་རྩེ།   པི་ཝང་སྒྱུ་རྩལ་པའི་གླུ་སོགས་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན་ཟུང་དུ་སྦྲེལ་བའི་བརྩམས་ཆོས་ཕུལ་དུ་བྱུང་བ་མང་པོ་གསར་རྩོམ་མཛད་པས་བསྟོད་པའི་མེ་ཏོག་ཁ་བ་བབས་པ་ལྟར་ཁམས་པའི་གར་སྟེགས་སུ་སྤུངས། སྒྱུ་རྩལ་པ་ཞིག་ལ་མཚོན་ན་ཆེས་རིན་ཐང་བྲལ་བའི་རྒྱུ་ནོར་ནི་རང་ཉིད་ཀྱི་བརྩམས་ཆོས་ཡིན་ལ་ཆེས་འཆད་པར་དགའ་བའང་གསར་རྩོམ་གྱི་སྐྱིད་སྡུག་ཡིན་པས་ཁོང་གིས་རང་ཉིད་ཀྱི་བརྩམས་ཆོས་སྐོར་གླེང་སྐབས་མཚམས་རེར་ང་རྒྱལ་ཆེན་པོས་རྐང་འཁྲབ་ལག་གཡུག་གིས་ངོ་སྤྲོད་བྱས་ལ་ལན་རེར་ཡིད་སྐྱོ་སྐྱོ་ཡིས་སྡུག་ཡུས་འདོན་པ་ན་ཁོང་གི་སྒྱུ་རྩལ་གྱི་ལམ་བུ་ནི་ཁེ་ཕམ་ཟུང་དུ་འབྲེལ་བ་ཞིག་དང་གསར་རྩོམ་གྱི་འཚོ་བ་ནི་དགའ་སྐྱོ་ཟུང་གིས་གྲུབ་པ་ཞིག་ལོས་ཡིན་བསམ་བྱུང་།གོང་གསལ་གྱི་བརྩམས་ཆོས་དེ་དག་ལས་ཉམས་གུད་ཀྱི་མདུན་དུ་མགོ་བོ་མི་སྒུར་ཞིང་འཚོ་གཞེས་ཀྱི་ཆེད་དུ་བྱ་རྒོད་ཀྱི་གཤོག་པ་ལྟ་བུའི་ཕྲག་པ་བརྐྱངས་ཏེ་འདུ་ཤེས་གསར་པ་ཡིས་རིག་གནས་གསར་པ་གསར་གཏོད་བྱས་པའི་རང་གཤིས་མངོན་པར་མཚོན་པའི་གངས་ལྗོངས་ཀྱི་བླ་སྲོག་ཅེས་པའི་ཞབས་བྲོ་ཡིས་མི་རྣམས་ལ་མི་རིགས་ཤིག་གངས་རིའི་མདུན་ནས་གོམ་པ་བརྟན་པོ་སྤོས་ནས་འོངས་བཞིན་པའི་གོམ་སྒྲ་ཚོར་དུ་བཅུག  སྤྱི་ལོ༡༩༠༤ལོར་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་བོད་ལ་བཙན་འཛུལ་བྱེད་དུས་བོད་རིགས་མི་དམངས་རྣམས་ཀྱིས་རང་ས་སྲུང་སྐྱོབ་ཀྱི་ཆེད་དུ་ཤ་ཟད་ཁྲག་ལ་ཐུག

  • ལེ་ཚན་སྔོན་མ།:གར་སྟེགས་སྟེང་གི་རྒོད་པོ།
  • ལེ་ཚན་རྗེས་མ།:མི་རིགས་ཟློས་གར་གྱི་སྒྱུ་རྩལ་པ་བློ་བཟང་ཡེ་ཤེས།