བློ་བཟང་གྲགས་པ། ཁམས་པའི་གར་སྟེགས་ནས་མི་ཚེའི་སྟངས་སྟབས་བསྒྱུར།(2)

བཀྲ་ཤིས།        2012-03-01

ཕོ་ཟད་མོ་ལ་ཐུག་ཀྱང་ངོ་རྒོལ་བྱས་པའི་ལོ་རྒྱུས་མངོན་པར་མཚོན་པའི་ཞབས་བྲོ་ཁྲག་གིས་བསྒྱུར་བའི་རྒྱལ་རྩེ་ཞེས་པ་དེས་སི་ཁྲོན་ཞིང་ཆེན་སྐབས་གཉིས་པའི་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་ཐོག་ཁྱད་དུ་འཕགས་པའི་བྱ་དགའ་བླངས།རྒྱལ་རོང་ཡུལ་གྱི་སྐོར་བྲོ་དང་བུ་མོ་རྣམས་ཀྱི་རྒྱན་ཆ།དུས་རབས་གསར་པའི་ནང་ལ་མི་རབས་གསར་པ་རྣམས་ཀྱི་རེ་ཞིང་སྨོན་པའི་འཚོ་བ་གསར་པ་བཅས་ཞབས་བྲོའི་ཐབས་ལམ་ལ་བརྟེན་ནས་མཚོན་པར་བྱས་པའི་རྒྱལ་རོང་གི་བུ་མོ་ཞེས་པ་ཡིས་སི་ཁྲོན་ཞིང་ཆེན་སྐབས་དང་པོའི་མི་རིགས་སྒྱུ་རྩལ་དུས་ཆེན་དུ་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ་བླངས།  བོད་ཀྱི་ཤིང་བཟོས་འདྲ་གཟུགས་ཀྱི་འཁྲབ་སྟོན་རྒྱུན་ཆད་ལ་ཉེ་བའི་སྐབས་ཁོང་གིས་བསྔོག་འདོན་དང་བསྡུ་སྒྲིག གསར་གཏོད་ཀྱིས་པི་ཝང་སྒྱུ་རྩལ་པའི་གླུ་ཞེས་གསར་རྩོམ་མཛད་དེ་དམངས་ཁྲོད་སྒྱུ་རྩལ་པ་ཞིག་གི་མངར་སྐྱུར་ལྷན་འདུས་ཀྱི་འཚོ་བ་དང་མ་འོངས་པའི་རེ་བ་བཅས་ལྟད་མོ་བ་རྣམས་ལ་གཟུགས་ཅན་བཞིན་དུ་བཀྲམ་པས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྒྱུ་རྩལ་གྱི་ཐེབས་རྩ་ཚོགས་པའི་མཆོག་ཏུ་གྱུར་བའི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།
༢༠༠༠ལོ་ནས༢༠༠༥ལོའི་བར་ལ་ཁོང་གིས་སྤྱིའི་ཇུས་འགོད་དང་འཁྲབ་ཁྲིད་གནང་བའི་དར་མདོའི་མཛའ་གཞས་ཀྱི་ཕ་ཡུལ་དང་གངས་ལྗོངས་ཀྱི་སྟག་ཤར་གླིང་གེ་སར། ཁ་དར་དམར་པོ་བཅས་གླུ་བྲོ་ཟློས་གར་ཆེས་གྲས་གསུམ་པོ་ལས་དར་མདོའི་མཛའ་གཞས་ཀྱི་ཕ་ཡུལ་ཞེས་པ་ལ་ཧན་གོ་འཛམ་གླིང་རིག་གནས་འཕེལ་རྒྱས་ཚོགས་ཆེན་དུ་འཛམ་གླིང་ཞི་བདེའི་བྱ་དགའ་ཐོབ་སྟེ་མི་རིགས་ཀྱི་རིག་གནས་ཁྱབ་སྤེལ་དང་དཀར་མཛེས་ཁུལ་གྱི་སྙན་གྲགས་རྒྱས་པར་ཕན་ནུས་ཆེན་པོ་ཐོབ་སོང་། ཡུན་རིང་དུ་འཁྲབ་སྟོན་གྱི་སྒྱུ་རྩལ་ལ་འཚོལ་ཞིབ་དང་ཁམས་པའི་རིག་གནས་ལ་རྒྱུས་ལོན་དང་བསམ་གཞིག་བྱས་པས་བོད་རང་གི་གླུ་གར་དང་འཁྲབ་སྟོན་བྱེད་ཐབས།གསར་རྩོམ་གྱི་མཚོན་ཐབས།རང་ཡུལ་གྱི་བོད་མིའི་སེམས་ཁམས་བཅས་ལ་གཞན་དང་མི་འདྲ་བའི་སྒྱུ་རྩལ་གྱི་ཚོར་སྣང་སྐྱེན་པོ་ཞིག་ཡོད་པས་ལུས་སེམས་གཉིས་སུ་གཞན་དྲིང་འཇོག་མི་དགོས་པའི་འཁྲབ་ཁྲིད་པ་དང་མཆོག་ཏུ་གྱུར་པའི་འཁྲབ་སྟོན་པ་ཞིག་གི་གཤིས་ཀ་མངོན།༢༠༠༧ལོར་དག་ཞིང་གི་རེ་སྒུག་ཅེས་པའི་གློག་བརྙན་དུ་རྒྱལ་པོའི་ཕྱག་མཛོད་མི་སྣ་བཀྲ་ཤིས་རྡོ་རྗེ་ཞེས་པ་འཁྲབ་སྟོན་མཛད་པས་ངོ་ཤེས་མིན་ཀུན་གྱིས་བློ་གྲགས་ཀྱིས་བྲོ་ཡག་པོ་འཁྲབ་པ་པ་མ་ཚད་གློག་བརྙན་འཁྲབ་སྟོན་ཡང་ཡག་པོ་བྱེད་གིན་འདུག་ཅེས་ཁ་ཞེ་གཉིས་མེད་ཀྱིས་བསྟོད་པ་བྱས།
     ལོ་ངོ་བཞི་བཅུ་ཙམ་གྱི་རིང་ལ་དཀའ་སྤྱད་སྡུག་རུས་བྱས་པའི་འབྲས་རྟགས་སུ་ཐེངས་མང་པོར་སྔོན་ཐོན་གྱི་མི་སྣར་གདམས་ཤིང་།སྔོན་རྗེས་སུ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐེངས་ལྔ་དང་ཞིང་ཆེན་རིམ་པ་ཐེངས་ཉེར་བརྒྱད།ཁུལ་རིམ་པ་བགྲང་ལས་འདས་པ་ཐོབ་ཡོད་མོད།འགྲམ་ཆུ་ལྡང་དགོས་པའི་གྲུབ་འབྲས་ཀྱི་མདུན་དུ་ཁོང་ལ་ངའོ་སྙམ་པའི་ང་རྒྱལ་དང་གཞན་རྣམས་ཁྱད་དུ་བསད་པའི་ཅོལ་ཆུང་གི་སེམས་པ་མེད་པར་མུ་ནས་མུ་རུ་བོད་ཀྱི་གླུ་གར་གྱི་སྒྱུ་རྩལ་ལ་སྲིང་བལ་གྱིས་ཆུ་འཐེན་པ་ལྟར་འབད་འབུངས་བྱེད་བཞིན་ཡོད་དོ།
      ཁོང་གིས་ཞབས་བྲོ་ལེགས་པོ་ཞིག་གི་བསམ་བློའི་ནང་དོན་ལ་ཡར་སྐུལ་གྱི་ནུས་པ་ཡོད་དགོས་པ་མ་ཚད་ཤུགས་ཆེན་གྱི་མི་རིགས་ཀྱི་ཁྱད་ཆོས་དང་འོད་ཟེར་དཔག་མེད་འཕྲོས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་ལྡན་དགོས་པས་རྗེས་རབས་པ་ཚོས་ཡུལ་དུས་གང་དུའང་གནས་ལུགས་དེ་མི་བརྗེད་པར་འཛམ་གླིང་མིའི་རིགས་ཀྱི་སྒྱུ་རྩལ་གྱི་གྲལ་དུ་འཇོག་ཆོག་པའི་རང་རིགས་ཀྱི་བརྩམས་ཆོས་གང་མང་གསར་རྩོམ་བྱ་དགོས་ཞེས་གསུངས།དེ་ནི་སྒྱུ་རྩལ་པ་ཉམས་མྱོང་རྒན་པོ་ཞིག་གིས་མ་འོངས་པ་ལ་བཅངས་པའི་ལྷག་བསམ་དཀར་པོ་དང་རང་རིགས་ཀྱི་རིག་གནས་ལ་དོ་ཁུར་མཛད་པའི་རླབས་ཆེན་གྱི་བསམ་བློ་ཞིག་ལགས།
     ང་རང་ནི་ཁམས་པའི་རི་ཆུས་གསོས་པ་ཡིན་ལ་ཁམས་པའི་རིག་གནས་ཀྱིས་ངའི་སྒྱུ་རྩལ་ལ་ཉམས་མེད་ཀྱི་ཚེ་སྲོག་གནང་སྟེ་མི་ཚེའང ་དོན་ལྡན་དུ་གྱུར་པས་ཚེ་ཕྱི་མ་ལའང་ཞབས་བྲོའི་ལས་ལ་འཇུག་རྒྱུ་ཡིན་ཞེས་པ་ནི་གཞུང་རྒྱུད་མདའ་ལྟར་དྲང་ལ་བློ་སེམས་གངས་ལྟར་དཀར་ཞིང་ཁོག་རྒྱ་མཁའ་ལྟར་ཡངས་པའི་ཁམས་པའི་ཕོ་རྒོད་ཅིག་གིས་རང་རིགས་ཀྱི་མདུན་དུ་རྡོ་རིང་ཐོག་བརྐོས་པའི་དམ་བཅའ་ཡི་རི་མོ་ཞིག་ལགས་པས་ང་ཚོས་མཉམ་དུ་ཁོང་ལ་ཚེ་བསོད་ཀྱི་རླུང་རྟ་དར་བའི་སྨོན་འདུན་ཞུ་དགོས་པ་མིན་ནམ།
 

  • ལེ་ཚན་སྔོན་མ།:གར་སྟེགས་སྟེང་གི་རྒོད་པོ།
  • ལེ་ཚན་རྗེས་མ།:མི་རིགས་ཟློས་གར་གྱི་སྒྱུ་རྩལ་པ་བློ་བཟང་ཡེ་ཤེས།