གར་སྟེགས་སྟེང་གི་རྒོད་པོ།

        2010-09-02

 གར་སྟེགས་སྟེང་གི་རྒོད་པོ།

  —བོད་ཀྱི་ཞབས་བྲོ་མཁས་ཅན་བློ་བཟང་ཕུན་ཚོགས་ཀྱི་སྐོར་བཀོད་པ། ཟློས་གར་བ་སྐད་གྲགས་ཅན་བློ་བཟང་ཕུན་ཚོགས་ཟེར་བ་དེ་ཕལ་ཆེར་གོ་མྱོང་ཡོད་མོད།ཡིན་ནའང་ཁོང་གི་ལོ་རྒྱུས་ཞིབ་རྒྱས་ཤིག་ཤེས་པའི་ངེས་པ་མེད་པས་འདིར་ཁོ་བོས་སྐུ་ཞབས་ཁོང་གི་གྲོགས་པོ་ཞིག་ཡིན་པའི་ཆ་ནས་ཁོང་གི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་ཞུ་རྒྱུ་ཡིན། བློ་བཟང་ཕུན་ཚོགས་ནི་སྤྱི་ལོ་༡༩༥༥ལོར་མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་དུ་སྐྱེས་ཤིང་།༡༩༧༠ལོར་སྐབས་དེའི་འགྲོ་ཡང་འདུག་བདེ་ཡིན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་དེ་ནས་ལས་ཀར་ཞུགས།ཡིན་ནའང་བློ་བཟང་ཕུན་ཚོགས་ནི་ཆུང་དུས་ནས་བཟུང་རིག་གནས་སྒྱུ་རྩལ་ལ་དགའ་ཞེན་ཆེ་བ་ཞིག་ཡིན་པས་ཁོར་ཡུག་འདི་ཙམ་ལ་ཡིད་གཏན་ནས་མི་ཚིམ་པར།༡༩༧༥ལོར་ཀྲུང་དབང་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་ཚན་ཁག་ཏུ་ཕྱིན་ཏེ་ལྟོགས་པའི་ཟས་དང་སྐོམ་པས་ཆུ་འདོད་པ་ལྟར་ཞབས་བྲོ་ལ་སྦྱངས་བརྩོན་བྱས།དེ་ནས་འགོ་བརྩམས་ཏེ་རྩྭ་ཐང་གི་འབྲོག་ཕྲུག་ཕལ་པ་འདི་ཏང་དང་མི་དམངས་ཀྱིས་གསོ་སྐྱོང་བརྒྱུད་དེ།རིམ་བཞིན་གར་སྟེགས་སྟེང་གི་རྒོད་པོ་མཐུར་མེད་ཅིག་ཏུ་གྱུར། ཀྲུང་གོའི་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་དང་།མཆོ་སྔོན་ཞིང་ཆེན་ཞབས་བྲོ་མཐུན་ཚོགས་ཀྱི་ཚོགས་མི།མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་མི།རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་གསར་རྩོམ་ཁང་གི་ཀྲུའུ་རེན།རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཞབས་བྲོ་བ་བཅས་ཡིན་པའི་བློ་བཟང་ཕུན་ཚོགས་ལ་མཚོན་ན་ཁོང་གི་གྲུབ་འབྲས་འདི་དག་ནི་ལྷན་སྐྱེས་ཀྱི་བག་ཆགས་ཤིག་གློ་བུར་དུ་སད་པ་མིན་པར་གར་གྱི་སྟངས་སྟབས་རེ་རེ་དང་ལུས་ཀྱི་ཉམས་འགྱུར་རེ་རེ་ལ་རྫུལ་ཆུ་གྲངས་མེད་ཀྱི་ལོ་རྒྱུས་བྲིས་ཡོད། དང་ཐོག་ཁོས་ཞབས་བྲོ་རྦུངས་དུས་རྐང་ལག་གི་ལྷུ་ཚིགས་རེ་རེ་ཕལ་ཆེར་ཐོར་བ་ལྟ་རྗའི་ཟུག་གཟེམ་རྒྱབ་ནའང་།ཁོས་ཨམ་གཙིགས་བསྡམས་ཏེ་སྲ་མཁྲེགས་ཀྱི་ལུས་པོ་འདི་ཀོ་བ་ལྟར་མཉེད་དགོས་སྙམ།ཁོས་དེ་ལྟར་མིག་རྒྱང་རིང་པོས་བརྩོན་པ་ཆུ་བོའི་རྒྱུན་ལྟར་བསྟེན་པས་དུས་ཀྱི་འགྲོས་དང་བསྟུན་ཏེ།ཁོ་ལ་ལུས་ཀྱི་རྩལ་དྲུག་རིམ་པར་རྫོགས་ཤིང་སྤྱི་ཚོགས་སྟེང་སྙན་གྲགས་ཀྱང་ཇེ་ཆེར་སོང་།ལྷག་པར་དུ་ཁོས་སྔ་རྗེས་སུ་《ཡར་ལངས་ཞིང་བྲན་སློབ་ཆེན་འགྲིམ་》དང་《དམག་རྟའི་འཚེར་སྐད་ལྷང་ལྷང་།》《གཞུ།》《དུས་སྟོན་རོལ་བ》སོགས་ཞབས་བྲོ་སྣ་ཁ༡༠༠ལྷག་འཁྲབ་སྟོན་བྱས་པར་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཧ་ཅང་ཆེན་པོ་ཐོབ་པ་མ་ཟད།ཧ་ཅང་ལེགས་འགྲུབ་བྱུང་བའི་ངང་《ཁ་བ་བུ་ཡུག་ལ་འཐབ་པ་》ཞེས་པའི་བྲོ་གར་ནང་གི་མི་སྣ་གཙོ་བོ་དཔལ་ལྡན་དང་།པཱ་ལིའི་ཞབས་བྲོ་《མདོག་དམར་སྐྱེས་མའི་དམག་》ནང་གི་མི་སྣ་ཞོ་ལུང་།བོད་ཀྱི་ཟློས་གར་ཆེན་མོ་《རྒྱལ་སྲས་ནོར་བཟང་》ཁྲོད་ཀྱི་ཀླུའི་དུང་སྐྱོང་།《ཡིད་འཕྲོག་ལྷ་མོའི་》ནང་གི་ཨ་མཆོད་ཧ་རི།《གཟུགས་ཀྱི་ཉི་མའི་》ཁྲོད་ཀྱི་རྒྱལ་སྲས་ཟླ་བ་བཟང་པོ།《བཙན་པོའི་ཕོ་ཉའི་》ཁྲོད་ཀྱི་བློན་སྟོང་བཙན་བཅས་དང་།དེང་རབས་བོད་ཀྱི་ཟློས་གར་《གསེར་མདོག་གི་སྐྱ་རེངས་》ཁྲོད་ཀྱི་རྒྱ་གོ་སོགས་མི་སྣ་གཙོ་བོ་ཉི་ཤུ་ལྷག་འཁྲབ་སྟོན་བས་པར།མི་སྣ་དེ་དག་དངོས་སུ་བྱོན་པ་ལྟ་བུའི་རང་རང་གི་དགའ་སྐྱོ་ཆགས་སྡང་དང་ཉམས་འགྱུར་དང་སྒྱུ་རྩལ་རྨད་དུ་བྱུང་བས་ལྟ་མཁན་རྣམས་ཀྱི་ཡིད་སེམས་དབང་མེད་དུ་བཀུག་པ་མ་ཟད།ཆེད་ལས་མཁས་པ་དག་གིས་ཀྱང་“འཁྲབ་སྟོན་སྒྱུ་རྩལ་ཁྱད་པར་ཅན་འདུག་”ཅེས་བསྟོད་བསྔགས་བྱས།ཁོང་ད་དུང་ཞང་ཀང་སོགས་མེས་རྒྱལ་གྱིས་གནས་སོ་སོར་ཐེངས་མང་པོར་སོང་སྟེ་《རང་རང་གི་མདུན་ལམ་སྟེང་དུ་》དང་《ཕ་སེམས་བུ་ཐོགབུ་སེམས་རྡོ་ཐོག་》《རྒྱང་རིང་གི་མགྲོན་པོ་》སོགས་གར་ཆུང་བཅུ་ལྷག་འཁྲབ་སྟོན་བས་པར་རྒྱ་ཚེའི་ལྟད་མོ་བ་རྣམས་ཀྱི་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་བསྒྲགས་པ་དེ་ནི་ཁོ་རང་ཡང་ནས་ཡང་དུ་ཕྱིར་གར་སྟེགས་སྟེང་དུ་འབོད་པ་དང་འདྲ།
      བཟང་པོ་ཞིག་ལ་མང་པོ་འཛོམས་ཞེས་པ་ལྟར།སྐུ་ཞབས་བློ་བཟང་ཕུན་ཚོགས་ནི་གློག་བཪྙན་འཁྲབ་སྟོན་པ་ཕུལ་བྱུང་ཞིག་ཀྱང་ཡིན།ཁོང་གིས་གློག་བཪྙན་《རྒྱ་བཟའ་ཀོང་ཇོ》ཞེས་པའི་ནང་གི་དབང་ཆེན་རྡོ་རྗེ་དང་བཪྙན་འཕྲིན་《སྡུག་སྒོམ་གྱི་གད་མོ་》ཞེས་པའི་ནང་གི་མི་སྣ་གཙོ་བོ་ཀུན་དགའ་སོགས་འཁྲབ་སྟོན་བྱས་པར་མི་སྣ་དེ་དག་གི་ཐུན་མོང་མ་ཡིན་པའི་གཤིས་སྤྱོད་དང་སེམས་ཁམས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པས་འཁྲབ་ཁྲིད་པ་དག་ཡིད་ཚིམ་པར་གྱུར། 

  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:བློ་བཟང་གྲགས་པ། ཁམས་པའི་གར་སྟེགས་ནས་མི་ཚེའི་སྟངས་སྟབས་བསྒྱུར།