རྡོ་རྗེ་ཚེ་བརྟན། མཚོ་སྔོན་བོད་ཡིག་གསར་འགྱུར། 2013-05-09
དོན་ཚན་གཉིས་པ། བརྗོད་དོན་མདོར་བསྡུས། སུམ་པ་པཎྜིཏ་ཡེ་ཤེས་དཔལ་འབྱོར་ལགས་ཀྱི་གསོ་རིག་བརྩམས་ཆོས་འདིའང་དཔལ་ལྡན་རྒྱུད་བཞི་ཡི་བརྗོད་དོན་གཞིར་བཟུང་ནས་གསོ་རིག་མན་ངག་དང་སྨན་རྫས་སྦྱོར་བ། སྨན་གྱི་ངོས་འཛིན། སྨན་གྱི་མངོན་བརྗོད། སྨན་གྱི་ཕན་ཡོན། གསོ་དཔྱད་ལག་ལེན་སོགས་ལ་ཞིབ་ཆ་ལྡན་པའི་སྒོ་ནས་བརྟག་དཔྱད་བཏང་ཡོད། ཁྱད་པར་དུ་མདོ་སྨད་ཀྱི་ཡུལ་ཕྱོགས་སུ་སྐྱེས་པའི་སྔོ་རིགས་སྨན་རྫས་སྣ་ཚོགས་ལ་ངོས་འཛིན་དང་ཞིབ་འཇུག་བྱས་པའི་གྲུབ་འབྲས་སྤྱི་སྡོམ་གང་ལེགས་མཛད་ཡོད། དེར་མ་ཟད་ད་དུང་རྒྱ་ནག་ཀྲུང་ལུགས་གསོ་རིག་སྐོར་གྱི་ཉམས་མྱོང་བསྡུ་ལེན་གང་ཐུབ་བྱས་ཡོད་པའི་གསོ་རིག་བསྟན་བཅོས་འགངས་ཆེན་ཞིག་རེད།
དང་པོ། གསོ་བྱ་ཡི་སྡེ། གཅིག གསོ་བྱ་ལུས་ཀྱི་སྐོར། སུམ་པ་མཁན་ཆེན་ལགས་ཀྱིས་ཤིན་ཏུ་མདོར་བསྡུས་སྒོས་ལུས་ཀྱི་ཆགས་ཚུལ་དང་གནས་ལུགས་གཉིས་གཙོར་བཟུང་ནས་བྲིས་ཡོད་དེ། གསོ་བྱ་ལུས་ཀྱི་ས་བཅད་ལས་ལུས་ཟུངས་ཀྱི་ལྡང་ཚད་རྒྱུ་ལམ་བུ་ག་དང་འབྲེལ་བ་རྩ་ཡི་གནས་ལུགས་རྣམས་བསྡུས་པའི་ལམ་ནས་བསྟན་ཡོད་དོ། །
གཉིས། གསོ་བྱ་ནད་ཀྱི་སྐོར།གསོ་རིག་བསྟན་བཅོས་འདིའི་ནང་རྣམ་པར་གྱུར་པའི་ནད་ཀྱི་རང་བཞིན་ལ་དཔྱད་བརྗོད་མཛད་ཡོད་པ་ཕལ་ཆེ་བ་རྒྱུད་བཞིའི་དགོངས་དོན་དང་དབྱེ་བ་ཆེན་པོ་མེད་ལ། འདིའི་ནང་གཙོ་བོ་ནད་སློང་བའི་རྒྱུ་དང་རྐྱེན་ལུས་ཟུངས་འཕེལ་ཟད་འཁྲུགས་གསུམ་གྱིས་ནུས་པར་བརྟེན་ནས་ནད་འཕེལ་བའི་རྟགས། གཞན་ཡང་ནད་ཀྱི་དབྱེ་བ་སོགས་བརྗོད་ཡོད།
གཉིས་པ། གསོ་བྱེད།བོད་ཀྱི་གསོ་རིག་གཞུང་ལས་ནད་གསོ་བར་བྱེད་པའི་གཉེན་པོ་ལ་བཞི་སྟེ། བྱ་བ་སྤྱོད་ལམ་གྱི་གནས། འཚོ་བ་ཟས་ཀྱི་གནས། སྦྱོར་བ་སྨན་གྱི་གནས། ཆ་བྱད་དཔྱད་ཀྱི་གནས་བཅས་སྤྱིར་བསྟན་ཡོད་ལ། དེ་ཡང་སྐབས་བབ་ཀྱི་བརྗོད་བྱ་སུམ་པ་ཡེ་ཤེས་དཔལ་འབྱོར་ལགས་ཀྱིས་བརྩམས་པའི་གསོ་རིག་གསུང་རྩོམ་ལས་ཀྱང་འདི་ལྟར་བྲིས་ཡོད་དེ། གསོ་བྱེད་ཟས་སྤྱོད་སྨན་དཔྱད་བཞི་རྒྱས་པར།། དབྱེ་ན་སྟོང་ལག་ཡོད་ཀྱང་བརྒྱད་དུ་འདུས་ཞེས་བརྗོད་ཡོད།འདིར་ཅུང་ཟད་ཞིབ་པར་དབྱེ་ན། གཅིག འཚོ་བྱེད་ཟས་ཀྱི་རིགས། འཚོ་བྱེད་ཟས་རིགས་ལ་འཕྲོད་པའི་རིགས་དང་མི་འཕྲོད་པའི་རིགས་གཉིས་སུ་ཕྱེས་ཡོད་དེ། གཅིག འཕྲོད་པའི་རིགས་ལའང་། འབྲུ་ཡི་སྡེ་དང་ཤ་རིགས་ཀྱི་སྡེ།སྔོ་ངད་ཀྱི་སྡེ། གཉིས། དུག་ལྡན་མི་འཕྲོད་འདོར་དགོས་པའི་བཟའ་བཏུང་རིགས།མི་འཕྲོད་པའི་ཟས་རིགས་ནི། ཆང་གསར་དང་ཞོ་མ་ལངས་པ། ཉ་ཤ་དང་འོ་མ། ཤིང་ཏོག་དང་འོ་མ། བྱ་སྒོང་དང་ཉ་ཤ་གཉིས། སྲན་ཚོད། བུ་རམ་དང་ཞོ་གསུམ། ཤ་མོ། ཡུངས་དཀར། མར་བརྔོས་དང་བྱ་ཤ་ཞོ་མཉམ་དུ་སྤྱོད་པ། འབྲུ་མར་དང་སྦྲང་རྩི། ཆང་སྐྱུར་དང་འོ་མ་བཅས་མཉམ་དུ་སྤྱད་ན་མི་འཕྲོད་པར་གྱུར་ནས་འབྱུང་བཞི་འཁྲུགས་པར་བྱས་ཏེ་ནད་སློང་སྲིད་པ་དང་། མར་གསར་འཁར་ཟངས་སྣོད་དུ་བཅུག་ནས་ཞག་བཅུ་འགོར་བ། སྐྱེར་མ་དང་ཤ་ངན་བསྲེགས་ནས་ཟོས་པའི་རྗེས་ལ་ཆུ་གྲང་མོ་འཐུང་བ། ཅོང་ཞི་ཟོས་པའི་རྗེས་ལ་ཤ་མོ་དང་ཁུར་ཟ་བ། ཤ་རློན་ཟས་པའི་རྗེས་ལ་ཞོ་དང་འོ་མ་ཆང་སོགས་སྐྱུར་བའི་ཟས་རིགས་བཟའ་བ། ཤ་བཙོས་ནས་རླངས་པ་ཕྱིར་མ་བཏོན་པར་ཞག་བདུན་འགོར་བའི་ཟས་བཅས་མདོར་ན་སྔ་མ་མ་ཞུ་ཕྱི་མ་ཟས་ན་དུག་ཏུ་འགྱུར་ཞེས་བསྟན་ཡོད་དོ། །
གཉིས་པ། བྱ་བ་སྤྱོད་ལམ་གྱི་སྐོར། བྱ་བ་སྤྱོད་ལམ་ལ་རྒྱུན་སྤྱོད་དུས་སྤྱོད་གནས་སྐབས་སྤྱོད་བཅས་རིགས་གསུམ་དུ་བགོས་ཡོད་ལ།འདིར་སྐབས་སུ་བབས་པའི་བརྗོད་བྱ་དུས་རྒྱུན་གྱི་སྤྱོད་ལམ་ལ་སུམ་པ་མཁན་ཆེན་ཚང་གི་གསོ་རིག་གཞུང་དོན་དང་བསྟུན་ན་འདི་ལྟ་སྟེ།
སྤྱོད་ལམ་ལ་ནི་རྒྱུན་དུས་སྐབས་སྤྱོད་གསུམ། ། སྔ་མར་འགྲོ་འདུག་གཉིད་ཉལ་བསྐུ་བྱུག་ཁྲུས།། མིག་སྨན་དུས་གནས་མིན་དོར་ཚུལ་བཞིན་བྱ།། གློ་བུར་ནད་ལྔའི་དགྲ་ལ་བསྐྱེལ་བསྟེན་སོགས།། ཚེ་སྤེལ་ཐབས་འབད་རྐྱང་བའི་སྤྱོད་པ་ཡིན།། ཞེས་ཚེ་རྐྱང་པའི་སྤྱོད་ལམ་བསྟན་ཡོད།འདིར་མིག་ལ་སོཊ་པའི་དབང་པོ་རྣམས་ལ་འགལ་རྐྱེན་མི་འབྱུང་བའི་ཕྱིར་དབང་བོ་སོ་སོའི་ཡུལ་དུས་སྤྱོད་རྒྱུ་ངེས་པར་འཚམ་པོ་ཡོང་བར་བྱ་དགོས་ཤིང་། ལུས་སེམས་གཉིས་ཀར་ངལ་གསོ་བའི་ཕྱིར་གཉིད་བབས་ཚེ་ངེས་པར་གཉིད་པ་དང་། ལྷག་པར་སྟོབས་ཞན་མྱ་ངན་ཅན་དང་། རྩོལ་དུབ་པའི་མི་རྣམས་སོས་ཀ་ཡུལ་རྩུབ་མཚན་ཐུང་གི་དུས་སུ་ཉིན་པར་གཉིད་ཐུན་རེ་ཉལ་ན་འོས་འཚམ་ཡིན་པ་རེད། དེ་བཞིན་འཁྲིག་སྤྱོད་ཀྱི་བྱ་བར་ཡང་ཆོག་ཤེས་དགོས་པར་མ་ཟད་ཉལ་པོ་བྱེད་སའི་ཡུལ་ལ་དོ་སྣང་ཆེན་པོ་བྱ་དགོས་པ་སྟེ། གཞན་གྱི་བདག་པོ་ཅན་དང་། སྦྲུམ་མ། མི་སྡུག་ནད་ཅན། རིགས་མི་མཐུན་པ་བཅས་ལ་སྤྱོད་མི་རུང་བ། ད་དུང་ཁྲུས་དང་བསྐུ་མཉེ་སོགས་བྱས་ན་ནད་སྔོན་འགོག་དང་ལུས་ཀྱི་མདངས་རྒྱས་པ་བཅས་ལ་ཕན་ནུས་ཡོད་ཅེས་པའི་བསྟན་དོན་འདི་སུམ་པ་ཡེ་ཤེས་དཔལ་འབྱོར་ལགས་ཀྱིས་ཤོ་ལོ་ཀ་གཅིག་གིས་བརྗོད་པ་ཡིན་ནོ།། གཞན་ཡང་། ཤེས་རབ་བརྒྱ་བ་ས་སྐྱའི་ལེགས་བཤད་སོགས།། ལྟར་དུ་སྤྱོད་པ་འཇིག་རྟེན་ཡ་རབས་སྤྱོད།། སྡིག་དོར་དགེ་སྒྲུབ་དམ་པའི་སྤྱོད་པའོ།། ཅེས་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་གཉིས་མདོར་བསྡུས་སྒོས་བརྗོད་ཡོད།
གསུམ་པ། གསོ་བྱེད་སྨན་གྱི་སྐོར། བོད་ཀྱི་གསོ་བ་རིག་པའི་སྨན་རྫས་རིག་པའི་ནང་སྨན་ལ་རོ་དང་། ནུས་པ། ཞུ་རྗེས། སྨན་གྱི་སྦྱོར་ཐབས་བཅས་རིགས་བཞིའི་སྒོ་ནས་བགོས་ཡོད་ལ། རོ་ལ་ཡང་དེའི་དབྱེ་བ་དང་ངོ་བོ། སྡེ་ཚན་དང་ལས་སོགས་སུ་ཕྱེས་ཡོད།འདིར་སུམ་པ་ལགས་ཀྱི་སྨན་གཞུང་ལྟར་ན།
གཅིག སྨན་གྱི་རོའི་སྐོར།རོ་མངར་ཞིམ་ཆགས་སྐྱུར་བས་བརྩེ་སྡུད་ཁ་ཆུ་འཁྱིལ།། ལན་ཚྭས་ཚ་སྡུད་ཁ་བས་དྲི་སྦྱོང་ཡི་ག་ལྡོག ། ཚ་བསྲེག་མིག་ཆུ་འཛག་ལ་བསྐ་ཆགས་རྩུབ་སྙམ་བྱེད།། ཁམས་འཚོའི་སྟོབས་ནི་རིམ་པར་སྔ་མ་སྔ་མ་ཆེ།། ཞེས་པ་དང་། རོ་དྲུག་སོ་སོའི་སྨན་གྱི་སྡེ་ཚན་བསྟན་པ་ལ། མངར་བའི་སྡེ་སྨན་དང་།ཚ་བའི་སྡེ་སྨན།ཁ་བའི་སྡེ་སྨན། བསྐ་བའི་སྡེ་སྨན་བཅས་བརྗོད་ཡོད།
རོ་ཡི་ལས་བཤད་པ་ལ། མངར་བས་རླུང་མཁྲིས་སེལ་ལ་ཕལ་ཆེ་བད་ཀན་བསྐྱེད།། སྐྱུར་བས་བད་ཀན་སེལ་ལ་ཕལ་ཆེར་མཁྲིས་པ་བསྐྱེད།། ཚ་བ་ལན་ཚྭས་བད་རླུང་སེལ་ཀྱང་འགས་མཁྲིས་བསྐྱེད།། ཁ་བསྐས་མཁྲིས་སེལ་གཞན་བསྐྱེད་རོ་དྲུག་ཞུ་རྗེས་འགྱུར།། ཞེས་བརྗོད་ཡོད།
གཉིས། སྨན་གྱི་ནུས་པའི་སྐོར། སྨན་གྱི་ནུས་པའི་སྐོར་བཤད་པ་ལ་སུམ་པའི་སྨན་གཞུང་ལས་འདི་ལྟར་གསུངས་བ་སྟེ། ནུས་པ་བརྒྱད་ལས་ཡང་རྩུབ་ཚ་རྣོས་བད་ཀན་སེལ།། སྣུམ་ལྕིས་རླུང་སེལ་བསིལ་རྟུལ་གཉིས་ཀྱིས་མཁྲིས་པ་སེལ།། སྣུམ་ལྕི་བསིལ་རྟུལ་བཞི་ནི་བད་ཀན་ལ་གནོད་བསྐྱེད།། ཡང་རྩུབ་བསིལ་བས་རླུང་བསྐྱེད་ཚ་སྣུམ་རྣོས་མཁྲིས་བསྐྱེད།།ཞེས་སྨན་གྱི་ནུས་པ་བརྒྱད་དེ། ལྕི་བ་དང་། སྣུམ་པ། བསིལ་བ། རྟུལ་བ་སྟེ་རྩ་བའི་ནུས་པ་བཞི་དང་། ཡང་བ་དང་། རྩུབ་པ། ཚ་བ། རྣོ་བ་སྟེ་ལྡོག་པའི་ནུས་པ་བཞི་བཅས་དྲིལ་བས་སྨན་རྫས་ཀྱི་ནུས་པ་བརྒྱད་བསྟན་ཡོད།
བཞི་པ།ཆ་བྱད་དཔྱད། དེ་ལའང་སུམ་པ་མཁན་པོས་གསུངས་པ་ཇི་བཞིན། ཕྱི་ནས་ནད་རྣམས་འབྱིན་བྱེད་དཔྱད་ཡིན་ཏེ།། དེ་ལ་འཇམ་རྩུབ་དྲག་གསུམ་འཇམ་པོ་ལ།། དུགས་ལུམས་བྱུག་གསུམ་རྩུབ་པར་གཏར་བསྲེག་དབུག ། དྲག་པོར་འདྲལ་གཅོད་འདྲུད་འབྱིན་བཞི་ཡོད་ཅིང་།། ཞེས་བརྗོད་པ་ཇི་བཞིན་ཕྱི་ནས་བཅོས་པའི་ཐབས་ལ་དུགས་དང་། ལུམས། བྱུགས། གཏར་ག མེ་བསྲེག་བཅས་ཡོད། ཆ་བྱད་རིགས་ལ། མགོ་རུས་ཆག་བརྟག་པའི་ཁབ་མགོ་དང་ཡན་ལག་ཟུག་རྔུ་བརྟག་པའི་མགོ་ཟླུམ་ལྟ་བུ་སོགས་བསྡོམས་པས་རིགས72ཡོད།
ལྔ་པ། ནད་དེ་གཉེན་པོས་ཇི་ལྟར་གསོ་བའི་སྐོར།ནད་དེ་ངོས་བཟུང་རྗེས་གསོ་བའི་ཚུལ་ལ་ནི།སུམ་པའི་གསོ་རིག་བརྩམས་ཆོས་ཀྱི་གསོ་ཚུལ་སྐབས་སུ། ནད་ངོས་བཟུང་རྗེས་གསོ་བའི་ཚུལ་ལ་ནི།། སྤྱི་དང་བྱེ་བྲག་ཁྱད་པར་གསོ་ཚུལ་གསུམ།། ཞེས་པའི་དང་པོ་སྤྱིའི་གསོ་ཚུལ་ལ། དང་པོ་གསོག་དུས་ཞིས་བསལ་ལངས་ནས་སྦྱངས།། སྨན་ཡང་བྱིན་རླབས་ཐོ་རངས་སྔོན་དབུས་མཐའ།། ཟས་སྤེལ་ཟས་མཚམས་ཟས་བཅས་དུས་ངེས་མེད།།ཟས་དབུས་ཉལ་ཁར་གཏོང་བཅུ་འོས་བྱ།། ཀུན་ཀྱང་ཟས་ཞུ་སྨན་ཞུ་ཟེར་བ་ནི།། གད་མོའི་གནས་ཡིན་ཁྱད་པར་ཤེས་པ་གཅེས།། ཐུན་གྱི་ཆེ་ཆུང་སྨན་རྟ་གང་འོས་གཏོང་།། ཞེས་པར་བརྗོད་ཡོད།བྱེ་བྲག་གསོ་ཚུལ། སྔ་མ་སྡུད་སྨིན་དྭངས་སྙིགས་འབྱེད་བྱེད་དང་།། དྲོད་བསྐྱེད་སྨན་གྱིས་རྩེ་བཅིལ་ལམ་ནས་དབྱུང་།། བར་མ་རླུང་ནད་དེ་རྗེས་ལམ་ནས་སྦྱངས།། ཐ་མ་གང་ཆེ་སྔོན་བཅོས་ཆུང་ཡལ་འགྲོ།། ཞེས་པ་དང་།། ཁྱད་པར་གསོ་ཚུལ་དགུ་སྟེ། བྱི་ལ་འཇབ་པ་ལྟ་བུའི་གསོ་ཚུལ་དང་། སྤོ་ལ་དར་འཕར་ལྟ་བུའི་གསོ་ཚུལ།རྟ་རྒོད་དཀྱུས་འཛུད་ལྟ་བའི་གསོ་ཚུལ། སྐྱར་མོ་ཉ་ལེན་ལྟ་བའི་གསོ་ཚུལ། མི་ཤ་འཕྲང་ཕྲད་ལྟ་བའི་གསོ་ཚུལ། སྐས་གདང་མས་འཛེག་ལྟ་བུའི་གསོ་ཚུལ། དམེ་ཤོར་འཁྲུགས་ཟླུམས་ལྟ་བུའི་གསོ་ཚུལ། མཛོ་ཁལ་ལུག་ཁལ་ལྟ་བུའི་གསོ་ཚུལ་བཅས་རེད།
དྲུག་པ། གསོ་བ་པོ་སྨན་པ། དེ་ཡང་སུམ་པས་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་བྱམས་སེམས་མཆོག་ཏུ་དཀར་བ་སོགས་རྣམ་པ་དྲུག་ཚང་དགོས་སོ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10