བོད་ཀྱི་སྨན་གཞུང་ནང་ཟས་ཚོད་རན་པའི་སྐོར་གྱི་རྣམ་བཤད་ལ་བརྟག་པ།

        2011-09-23

ཟས་ཚོད་ཟིན་པའི་རྒྱུ་མཚན་ནམ་དགོས་པ།
ནད་མེད་ཅིང་བདེ་བར་གནས་འདོད་པའི་སྐྱེ་བོ་བློ་དང་ལྡན་པ་རྣམས་ཀྱིས་དུས་དང་ཀུན་ཏུ་ཁ་ཟས་རན་པ་བཟའ་བ་བྱ་ཞིང་། ཟས་རིགས་གྱི་ནུས་པ་ལྕི་ཡང་སོགས་ལ་གསལ་པོ་དཔགས་དགོས།
   སྐམ་སར་གནས་པའི་རི་དྭགས་སོགས་ཀྱི་ཤ་བཙོས་པ་དང་། ས་དེར་སྐྱེས་པའི་ནས་སོགས་བརྔོས་པ་ལས་བྱུང་བའི་རྩམ་པ་རྣམས་པ་ཡང་ཞིང་དྲོད་བའི་རིགས་ཡིན་པས་ལྟོ་བར་འགྲངས་པ་བཟོས་ཚེ་འཇུ་སླ་བ་ཡིན་པའི་ཕྱིར་དང་། གཞན་ཟས་རིགས་ཀྱི་ནུས་པ་ལྕི་ཞིང་བསིལ་བའི་རིགས་རྣམས་འཇུ་དཀའ་བའི་ཕྱིར་ལྟོ་བ་ཕྱེད་འགྲངས་ཙམ་བསྟེན་དགོས་པ་ཡིན་ཏེ། རྒྱུ་མཚན་ནི་ཕོ་བའི་མེ་དྲོད་དང་གཙོ་འཁོར་མེ་དྲོད་སོགས་བསྐྱེད་ཅིང་དེ་རྣམས་སྟོབས་དང་ལྡན་ཚེ་གཅོང་ནད་ཐམས་ཅད་ཀྱི་རྒྱུ་གཙོ་བོ་མ་ཞུ་པའི་ནད་སོགས་མི་འབྱུང་པ་དང་ལུས་ཀྱི་སྟོབས་ཀྱང་འཕེལ་བ་བྱེད་ངེས་པ་རེད།
ཟས་ཚོད་མ་ཟིན་པའི་སྐྱོན།
ཁ་ཟས་ཀྱི་ཚོད་མ་ཟིན་པ་ཚད་ལས་ཆུང་བའམ་ཉུང་ཙམ་ལས་མ་བསྟེན་པ་སྟེ་ཆུང་བས་ན་ལུས་ཀྱི་སྟོབས་དང་གཟི་མདངས་སོགས་འཕེལ་མི་འགྱུར་ལ་ལུས་ཟུངས་འཕེལ་ཞིང་རྒྱས་པར་ཡང་མི་འགྱུར་བ་དང་། རླུང་ལས་གྱུར་པའི་ནད་ཐམས་ཅད་འབྱུང་བར་བྱེད་དོ། །དེ་བཞིན་དུ་ཁ་ཟས་ཀྱི་ཚོད་མ་ཟིན་པར་ཧ་ཅང་མང་དྲགས་པའམ་ཚད་ལས་ཐལ་བར་གྱུར་ན། དེར་མ་ཞུ་བའི་སྟབས་ཀྱིས་ཕོ་བའི་བད་ཀན་བེ་སྣབས་བསྐྱེད་དེ། དེས་མེ་དང་མཉམ་པའི་རྒྱུ་བའི་ལམ་གྱི་རྩ་རྣམས་བཀག་སྟེ་མེ་འབར་བའི་རྒྱུན་ཆད་པ་ལ་བརྟེན་ནས་ཕོ་བའི་མེ་དྲོད་ཉམས་པ་དང་། ཙམ་ཞུ་བའི་ནད། བད་ཀན་སྨུག་པོའི་ནད། གཅོང་ནད་ཐམས་ཅད་འབྱུང་བ་འགྱུར་ངེས་པ་རེད།
ཟས་ཚོད་བཟུང་བའི་ཚད།
ཁ་ཟས་ཀྱི་ནུས་པ་ལྕི་ཡང་དང་ཕོ་བའི་མེ་དྲོད་ཀྱི་སྟོབས་ཆེ་ཆུང་། ལྟོ་བ་འགྲངས་ཚད་ལ་གཞིགས་ཏེ་ཟས་ཀྱི་ཚད་ཇི་དགོས་པ་ཕན་ཚུན་སྦྱར་ཏེ་ལོངས་སུ་སྤྱོད་པར་བྱའོ། ། སྤྱིར་ཟས་ཚོད་དེ་ཡང་ཕོ་བ་ཆ་བཞིར་བགོས་པའི་ཆ་གཉིས་ཟས་རིགས་ཀྱིས་གང་བར་བྱེད་ལ། ཆ་གཅིག་སྐོམ་སྟེ་བཏུང་བའི་རིགས་ཀྱིས་གང་བ་དང་ཐ་མའི་ཅ་གཅིག་པོ་ནི་རླུང་རྒྱུའི་གནས་སུ་བཞག་ནས་བཟའ་བཏུང་གིས་མི་གང་བར་བྱ། ཡིན་ན་ཡང་སྐྱེས་བུ་དར་མ་དང་ཕོ་བའི་མེ་དྲོད་ཀྱི་སྟོབས་ཆེ་ཞིང་ལུས་བྲེལ་ཆེ་བ་སོགས་ལ་དེ་ལྟར་མ་ཡིན་པར་ཅུང་ཟས་འགྲངས་པ་གྱིས་ཤིག    བློ་ལྡན་རྣམ་པས་རང་རང་གི་ཁམས་དང་མཐུན་པར་ཡང་ཡང་དཔྱད་པར་འཚལ།
སྐོམ་འཐུང་སྟངས།
དེ་ལྟར་གོང་དུ་ལྟོ་བའི་ཆ་གཉིས་ཟས་རིགས་ཀྱིས་གང་བར་ཟོས་པའི་རྗེས་སུ་སྐོམ་གྱི་རིགས་དང་ཡང་རུང་བ་ཞིག་འཐུང་བའི་ཐབས་ལ། ཟས་ཀྱི་རྗེས་སུ་སྐོམ་བཏུང་ན་དེས་ཁ་ངོམས་ཤིང་ཚིམ་པ་དང་། ཟས་སྐོམ་རྣམ་ཕོ་བ་སུ་ཁྱབ་པར་གྱུར་ཅིང་། ཟས་ཀྱི་གོང་བུའི་ཆ་ཤས་རྣམས་བཤིག་ཅིང་འབྲུལ་བར་བྱེད་པའི་བདེ་བླག་ཏུ་འཇུ་ལ་ལུས་སྟོབས་ཀྱང་བརྟན་ཆེས་ཆེར་འཕེལ་བར་བྱེད་པ་ཡིན་ནོ། ། གཞན་སྐད་འགག་པ་དང་། གློ་རྡོལ་གྱི་ནད། ལུད་པ་འཕེལ་བའི་ནད། ཆམ་པའི་ནད་སོགས་མདོར་ན་ནང་ཚོང་ཡན་ཆད་དམ་སྟོད་ནད་ཅན་རྣམས་ལ་ཟས་ཟོས་རྗེས་སུ་སྐོམ་བཏུང་ན་མི་འཕྲོད་ཅིང་གནོད་པ་ཡིན་ལ་ཕོ་བའི་མེ་དྲོད་ཆུང་ཞིང་ཞན་པའི་རིགས་ཀྱིས་ལུག་ཤ་སོགས་ཤའི་རིགས་ཟོས་ཤིང་ཆང་ཡང་རན་པར་བཏུང་པས་མེ་དྲོད་སྐྱེད་པ་དང་། ཡང་ཟས་ཟོས་པའི་རྗེས་ལ་ཟས་མི་འཇུ་ཞིང་ལྟོ་བ་སྦོས་པའི་རྣམ་པ་འབྱུང་བ་རྣམས་ལ་ཟས་ཀྱི་རྗེས་སུ་རྒྱུ་ཚྭ་ཅུང་ཟས་བཏུབ་པའི་ཆུ་སྐོལ་བཏུང་བས་ཟས་འཇུ་ཞིང་སྦོས་པ་ཞི་པར་འགྱུར་རོ། །ཞོ་བཏུང་རྗེས་དང་ཆང་བཏུང་རྗེས། དུག་གིས་སྦགས་པའི་ཟས་ཟོས་པའི་རྗེས་སུ་མི་བདེ་བ་བྱུང་ཚེ་ཆུ་བསིལ་ཏེ་ཆར་ཆུ་དང་གངས་ཆུ་སོགས་གྲང་མོའི་རིགས་བཏུང་ན་ཕན་ཞིང་བདེ་བར་འགྱུར་ངེས་སོ། །
ཟས་ཚོད་ཟིན་པའི་ཡོན་ཏན།
ཟས་སྐོམ་གྱི་ཚོད་ཟོན་པའི་ཡོན་ཏན་ནི་རླུང་ལ་སོགས་པའི་ཉེས་པ་རྣམས་དང་རང་གི་ལས་མ་ཡིན་པའི་གཞན་གནས་སུ་མི་འགྲོ་ཞིང་། ཕོ་བའི་མེ་དྲོད་སོགས་ལུས་ཀྱི་རྩ་འཁོར་གྱི་མེ་དྲོད་ཐམས་ཅད་ཀྱི་སྟོབས་འབར་བ་དང་། ལུས་ཤ་འཕེལ་བ། ཟས་སྐོམ་གང་ཡང་ལེན་པ། དང་ག་བདེ་བ། མིག་ལ་སོགས་པའི་དབང་པོ་རྣམས་གསལ་ཞིང་ལོངས་སྤྱོད་པ། ཤེས་སྟོབས་ཆེ་ཞིང་བཤང་བ་དང་གཅིན་པ། འོག་རླུང་དང་བཅས་པ་གནོད་མེད་བདེ་བར་རྒྱུ་བ། གཞན་ཕོ་བའི་མེ་དྲོད་ཉམས་པ་དང་མ་ཞུ་བའི་ནད། ཕོ་ཚད་ཀྱི་ནད། འདུས་པ་སྨུག་པོའི་ནད། རྒྱུ་འགག་གི་ནད། རྒྱུ་ཚད་ཀྱི་ནད་སོགས་སྔོན་འགོག་ལེགས་པོ་བྱེད་པ་སོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལྡན། ། (རྩོམ་སྒྲིག་པ་ཨོ་རྒྱན་དོན་གྲུབ། )
 
 
  • ལེ་ཚན་སྔོན་མ།:མཆིན་ནད་ལྡེམ་བུའི་གསོ་བཅོས།
  • ལེ་ཚན་རྗེས་མ།:བོད་ལུགས་གསོ་རིག་ལས་མདོ་ཁམས་སྡེ་དགེའི་བོད་སྨན་བརྒྱུད་རིམ་དང་སྡེ་དགེ་བོད་སྨན་ཁང་གི་ལོ་རྒྱུས་ཉུང་ངུ་བར
  • དོ་སྣང་ཆེ་བའི་རྩོམ།