བོད་ལུགས་གསོ་རིག་ལས་མདོ་ཁམས་སྡེ་དགེའི་བོད་སྨན་བརྒྱུད་རིམ་དང་སྡེ་དགེ་བོད་སྨན་ཁང་གི་ལོ་རྒྱུས་ཉུང་ངུ་བརྗོད་པ་བེེཌྰུའི་རྒྱུད་མང་།

བྱང་དགའ།        2011-12-08

བེེཌྰུར་ལྷུན་པོའི་མདངས་ཁུས་མཚན་དཔེས་སྤྲས་པའི་སྐུ།ལྷ་དབང་རྔ་སྒྲའི་སྙེམས་པ་རབ་འཕྲོག་ཚངས་དབྱངས་གསུངས།ལྷ་ལམ་དོག་པོར་བྱེད་པའི་མཁྱེན་པའི་ཡེ་ཤེས་ཐུགས།འཚོ་མཛད་སྨན་གྱི་བླ་མའི་གསང་གསུམ་དཔལ་ལ་བསྟོད།འཁོར་འདས་ཆོས་ཀྱི་གནས་ལུགས་ཉམས་སྣང་ངོར།ལྟ་ན་སྡུག་ཞིང་དག་སྣང་འབྱམས་ཀླས་ཤིང་།དཔལ་ལྡན་རྒྱུད་བཞིའི་ཕྲིན་ལས་སྤེལ་བའི་མགོན།སྨན་རྒྱལ་གཉིས་པ་གུ་ཎ་ནྰ་ཐར་འདུད།གང་སྐུ་ཀུན་གསལ་མཁར་ཡངས་སྙིང་རྗེའི་ཆུ་འཛིན་འཁྲིགས།བཞི་བརྒྱའི་བྲོ་ནད་ཀྱིས་གཟེར་ཉམ་ཐག་འཛིན་མའི་གཞིར།ཚེ་རིག་སྨན་ཆར་ལེགས་སྩོལ་དུག་གསུམ་འཇོམས་མཛད་ཅིང་།སྲོག་འཚོའི་འབྲས་བཟང་སྨིན་མཛད་གཡུ་ཐོག་གསར་མར་འདུད།གངས་ལྗོངས་མཁས་དབང་ལེགས་བཤད་གངྒའི་རྒྱུན།རྣམ་དཔྱོད་ཛ་ཧུའི་གསེར་ལྡན་ལྟོ་བའི་མཚོར།གང་འདོད་སྐྱུག་མཛད་སྔོན་མེད་དྲང་སྲོང་ཆེ།རྣམ་རྒྱལ་གྲགས་བཟང་ཞེས་པས་སྲིད་འདིར་སྙན།དཔལ་ལྡན་རྒྱུད་ཆེན་ཆུ་གཏེར་ལེགས་བསྲུབས་ཅིང་།འཆས་རྩོད་རྩོམ་པའི་ཀེ་ཏ་ཀས་བགྲུང་ཏེ།མཐའ་ཀླས་གྲངས་མེད་འགྲོ་བའི་ཁུར་འཛིན་པའི།མན་ངག་གནད་ལ་ཁྱད་འཕགས་ཟུར་མཁར་བ།བཟོ་གསོའི་སྐུ་ལ་སྒྲ་ཚད་མཆེ་སྡེར་ངོམས།སྐར་རྩིས་ཟློས་གར་གཡུ་རལ་སྟུག་པོས་མཛེས།མངོན་བརྗོད་སྙན་ངག་གད་རྒྱངས་ལྡིར་མཛད་པའི།ཆོས་འབྱུང་ལ་སོགས་མཁས་དབང་གཙུག་ན་མཆོད། དེ་ཡང་བོད་ཀྱི་གསོ་བ་རིག་པ་ནི་གསོ་རིག་ཀུན་གྱི་ཡ་གྱལ་ཡིན་ལ་གནའ་རབས་ཀྱི་ཚན་རྩལ་རང་བཞིན་ལྡན་ལ་འཛམ་གླིང་ན་ཆེས་རྩ་དཀོན་གྱི་རིག་གཞུང་ཡང་རྒྱ་ཆེ་གྲངས་མང་བ་ཡོད་པ་མ་ཟད་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་སྟེ།མཁས་དབང་དག་གི་བོད་ཀྱི་རིག་གནས་ལོ་རྒྱུ་ས་སྐོར་འགའ་ཞིག་དུ་བོད་མི་རིགས་ནི་གོ་ལ་ཟླུམ་པོའི་རྩེ་ན་ཆགས་སྔ་བའི་གྲས་ཀྱི་མི་རིགས་ཞིག་ཡིན་གསུངས་པ་ལྟར་དེང་དུས་གནའ་རྫས་རྡོ་ཆས་རིགས་སོགས་ལ་ཞིབ་འཇུག་དང་རྟོག་ཞིབ་གནང་བར་མི་ལོ་ལྔ་སྟོང་དང་ཁྲི་ཕྲག་གཅིག་ཡར་མར་བྱུང་བ་བཤད་པ་མ་ཟད།ཁྱད་པར་དུ་བོད་ལུགས་གསོ་རིག་འདི་ཉིད་གསོ་རིག་ནང་ནས་ཆེས་སྔ་བ་དེ་ཇི་བཞིན་བྱུང་བ་བརྗོད་པ་ལ་རིས་སུ་མ་ཆད་པ་བརྗོད་ན།འུ་ཅག་ཁ་བའི་ལྗོངས་ལ་འཚོ་བ་སྤྱོད་ཅིང་གནས་པའི་བོད་རང་ཉིད་ཀྱི་གནམ་གཤིས་དྲོ་གྲང་སོགས་བརྟག་དཔྱད་བྱུང་བ་དེའི་དུས་ཀྱི་ཚན་རིག་རང་བཞིན་ཅན་གྱི་བོད་ལུགས་གསོ་རིག་དར་བ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པའི་སྤྱི་ལོ་སྔོན་གྱི་1917ལོ་སྐུ་བལྟམས་པའི་གཡུང་དྲུང་བོན་གྱི་བསྟན་པ་གཤེན་རབ་མི་བོ་ཆེས་མཛད་པ་གྲགས་པའི་གསོ་རིག་འབུམ་བཞི་ཞེས་པ་བོན་གྱི་བཀའ་འགྱུར་པོ་71-72-73བར་བཞུགས་པས་མ་མཐར་ལོ་སུམ་སྟོང་དགུ་བརྒྱ་ལྷག་གི་ལོ་རྒྱུས་གསལ།སྤྱི་ལོ617ལོ་འཁྲུངས་པའི་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་དུས་འཛམ་གླིང་ན་སྔོན་ཐོན་ཅན་གྱི་ཡིད་བོད་ཡིག་བཟོ་བཅོས་མཛད་པ་དང་ཁྱད་པར་སྨན་རྩིས་རིག་པ་ལ་མཐོང་ཆེན་མཛད་དེ་རྒྱ་དཀར་ནག་སོགས་ཕྱོགས་ཀུན་གྱི་ལེགས་བཤད་དང་ཉམས་མྱོང་བསྡུས་ཏེ་འཕེལ་རྒྱས་ཆེ།སྤྱི་ལོ708ཡར་མར་ཁྲི་སྲོང་གི་སྐུ་དུས་ཕྱོགས་ཀྱི་སྨན་པ་དགུ་སོགས་གདན་དྲངས་ནས་རིག་གཞུང་བགྲོ་གླེང་དང་ཉམས་མྱོང་བརྗེ་རེས་ཀྱིས་གསོ་རིག་སྤེལ་བ་མ་ཟད།གཡུ་ཐོག་རྙིང་མ་བླ་སྨན་བཀུར་བེ་རོས་བསྒྱུར་བར་གྲགས་པའི་རྒྱུད་བཞིའི་འཕྲོ་གཞི་དང་སྔར་གྱི་གསོ་རིག་རིག་གཞུང་དག་གི་སྙིང་བཅུད་ཕྱུང་བའི་དཔལ་རྒྱུད་བཞི་བརྩམས་པ་འདི་དེ་ནས་བཟུང་བོད་ལུགས་གསོ་རིག་གི་སྤྱི་ཁྱབ་བཞི་འཛིན་སར་ཆགས།
རྒྱུད་འདི་ལ་བཤད་པར་བཀའ་དང་བསྟན་བཅོས་དང་བན་བོན་གྱི་རྒྱུད་ཡིན་མིན་བཞེད་ཚུལ་མང་ཡང་།མདོར་བསྡུས་ན་ཕྱི་ལྟར་རྒྱལ་པའི་བཀའ་དང་།ནང་བལྟ་ན་གཏེར་མའི་རྒྱུན།གསང་བ་ལྟར་བཤད་ན་བོད་ཀྱི་བསྟན་བཅོས་ཡིན་པ་རྒྱུ་མཚན་དང་བཅས་མཁས་ཤིང་བློ་གཟུར་པོ་གནས་པའི་དམ་པ་རྣམས་ཀྱིས་གསུངས།དེ་ནས་གཡུ་ཐོག་གསར་མའི་དུས་སུ་སྔོན་གྱི་རྒྱུད་བཞི་ལ་ཁ་སྐོང་དང་ཆ་ལག་བཅས་མཛད།སྨན་ལུང་དུ་སྨན་གྱི་སློབ་གླིང་བཙུགས་ནས་སློབ་རྒྱུད་རྒྱུན་མི་ཆད་པ་སྐྱོང་བས་རིམ་པར་བྱང་ཟུར་སོགས་ཀྱིས་གསོ་རིག་གཙོར་བྱས་གནས་ལྔའི་རིག་པ་ལ་མངའ་དབང་འབྱོར་བ་ཤ་སྟག་བྱུང་ལ།འཆད་རྩོད་རྩོམ་པའི་མཛད་ཕྲིན་གྱིས་འཛམ་གླིང་ན་གསོ་རིག་ཁག་བཅུ་གཉིས་ཀྱི་ཡ་གྱལ་དང་མེས་རྒྱལ་གསོ་རིག་ཁག་བཞིའི་ཡང་རྩེར་སོན།མཐོང་བ་བརྒྱུད་པའི་ལག་ལེན་དུ་བཅོས་དཀའི་ནད་ཕོ་མཆིན་དང་གཅིན་སྙི་དྲེག་གྲུམ་སོགས་ནད་རིགས་ལ་ཕན་འབྲས་བྱུང་བར་རྒྱལ་ཕྱི་ནང་གྱི་རང་བྱུང་གི་བོད་སྨན་ལ་གཅེས་ནོར་དུ་བརྩི་བ་དེ་ལྟར་བྱུང་བ་སེམས།  དེ་ལས་འཕྲོས་པའི་མདོ་ཁམས་སྡེ་དགེའི་བོད་སྨན་ནམ་འཕེལ་རྒྱས་ཇི་ལྟར་བྱུང་ཞེ་ན།
བྱང་ཟུར་སོགས་སྔོན་བྱོན་གསོ་རིག་མཁས་དབང་དག་གི་ཕྲིན་ལས་ལས་བྱུང་མདོ་ཁམས་འདིར་ཟུར་ལུགས་གཙོ་བོར་གྱུར་པའི་གསོ་རིག་གཞུང་ལུགས་ལག་ལེན་མན་ངག་བཅས་བསིལ་ལྗོངས་འདིར་ཁྱད་པར་བ་ཞིག་བྱུང་ལ་འཚོ་བའི་བརྒྱུད་རིམ་དུའང་འགྲོ་བ་ནད་པ་དང་བཅས་ལ་ཕན་འབྲས་གཡུལ་དུ་སྨིན་པའི་ལྷོ་ལུགས་སམ་ཟུར་ལུགས་ཅེས་པ་བྱུང་བ།བར་སྐབས་སུ་ཤར་ཀ ཐོག་བའི་ཀ་དམ་པ་སློབ་རྒྱུད་བཅས་ཀྱིས་ལྔ་རིག་གི་བཤད་གྲྭ་དང་དེ་རྗེས་སི་ཏུ་པན་ཆེན་དང་མི་ཕམ་པས་ཤར་དཔལ་སྤུངས་སུ་སྨན་གྲྭ་བཙུགས།དེ་ལྟ་བུའི་བསྟན་འཛིན་གྱི་སྐྱེས་བུ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་སི་ཏུ་ཆོས་འབྱུང་།འཇམ་དབྱངས་མཁྱེན་བརྩེ་དབང་པོ།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།དིལ་དམའ་བསྟན་འཛིན་ཕུན་ཚོགས།མི་ཕམ་རྣམ་རྒྱལ་རྒྱ་མཚོ།དབེན་ཀརྨ་བསྟན་འཛིན་ཕྲིན་ལས་རབ་རྒྱས།ཀ་རྨ་ངེས་ལེགས།བླ་སྨན་རིན་ཆེན་འོད་ཟེར།གླིང་སྨན་བཀྲ་འབུམ།ཀ་སི་ཏུ་ཆོས་ཀྱི་རྒྱ་མཚོ།དགེ་བརྩེ་ཚེ་དབང་ནོར་བུ།དྲུང་འཚོ་གུ་རུ་འཕེལ།ཆོས་རྒྱལ་བསྟན་ཚེ་རིང་།འཇམ་དབྱངས་ཆོསཀྱི་བློ་གྲོས།འཚོ་བྱེད་ཚེ་དབང་རབ་བརྟན་ཀེ་སྲེབ་ཨ་ཚང་།དྲུང་མཚོ་བསོད་ནམས།འཚོ་བྱེད་ཀར་དགའ།གྲྭ་མང་ལྷ་རྗེ་འཇམ་དབྱངས་བཟང་པོ།ཁྲོ་རུ་མཁན་ཆེན་ཚེ་རྣམ།མཁན་བློ་བཟང་སྙན་གྲགས།སོགས་བར་སྐབས་སུ་གསོ་རིག་གི་བསྟན་པ་འདི་ནས་གོས་ལ་ལག་ལེན་དུ་ཞི་བྱེད་ཀུན་གྱི་ལོག་གནོན།བདུད་རྩི་བཅུད་ཀྱི་རྒྱལ་པོ་སྦྱང་པས་བཅུད་ལེན་དུ་གྲུབ་པ་རིང་པོར་འཚོ་བའི་སྨན་སྦྱོར་ཐམས་ཅད་ཀྱི་མཆོག་གམ་རིན་ཆེན་གྲང་སྦྱོར་སོགས་ཀྱི་གཞི་འམ་རྩ་པར་གྱུར་པ་སྨན་རྒྱལ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ།རཏྣ་བསམ་འཕེལ་སོགས་རིན་ཆེན་ཁག་བསྡུ་སྒྲུབ་ལག་ལེན་མཐོང་བརྒྱུད་ལྡན་ཞིང་གྲངས་མང་བ་ཞིག་ཆགས་སྟེ།༡༧༦༧ལོ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་མཛད་ནས་སི་ཏུ་ཆོས་འབྱུང་གི་སློབ་དཔོན་གནང་སློབ་མའི་གཙོ་བོ་གུ་རུ་འཕེལ་བྱས་ཏེ་དངུལ་བཙོ་དང་རིལམ་ནག་ཆེན་མོ་སོགས་སྦྱར།སྤྱི་ལོ༡༧༩༥ལོ་ཆོས་རྒྱལ་ཚེ་དབང་རྡོ་རྗེ་རིག་འཛིན་གྱིས་ཡོན་སྦྱོར་གནང་ནས་ཀརྨ་ངེས་དོན་བསྟན་འཛིན་དང་ཚེ་དབང་རབ་བརྟན་གྱིས་ལྕག་རང་རིན་ཆེན་གྲང་སྦྱོར་སོགས་སྦྱར།སྤྱི་ལོ་༡༧༩༦ལོ་ཆོས་རྒྱལ་ཚེ་དབང་རྡོ་རྗེ་རིག་འཛིན་དང་ལྷ་ལྕམ་སྒ་རྗེ་ཚེ་དབང་ལྷ་མོས་ཡོན་སྦྱོར་གནང་ནས།ཀརྨ་ངེས་དོན་བསྟན་འཛིན་ཕྲིན་ལས་ཀྱིས་ལྕགས་རར་དབང་རིལ་ཤེལ་དཀར་མཆོད་རྟེན་སོགས་སྦྱར་སྐབས་སློབ་བུའི་གཙོ་བོ་དྲུང་མཚོ་བསོད་ནམས་སོགས་སྐྱོང་།སྤྱི་ལོ༡༨༢༠ལོ༡༨༢༡ལོ་བར་ཆོས་རྒྱལ་དམ་ཚིག་རྡོ་རྗེས་ཡོན་སྦྱོར་གནང་ནས་སྡེ་དགེའི་ཛམ་ཐོག་ནོར་བུ་རྩེའི་ཕོ་བྲང་དུ་དྲུང་འཚོ་ཀརྨ་ཚེ་དབང་ནས་དངུལ་བཙོ་ཆེན་མོ་དང་རཏ་བསམ་སོགས་སྦྱར་ཞིང་སློབ་བུ་ཀརྨ་ཚེ་དབང་དཔལ་འབྱོར་སོགས་སྐྱོང་།༡༩༨༨ལོ་མཁྱེན་བརྩེ་དབང་པོས་རྫོང་གསར་བཀྲ་ཤིས་ལྷ་རྩེར་དངུལ་བཙོ་ཆེན་མོ་དང་རིན་ཆེན་ཡང་ཟབ་རིལ་བུ་སོགས་སྦྱར་བ་སློབ་མའི་གཙོ་བོ་ཚེ་དབང་བརྟན་དང་པདྨ་འོད་གསལ་མདོ་སྔགས་གླིང་པ་བཞུགས།༡༨༧༣མི་ལོ་ཉག་རི་རྒྱལ་རྫོང་དུ་མཁྱེན་ཀོང་རྣམ་གཉིས་ཀྱིས་དངུལ་བཙོ་ཆེན་མོ་དང་རིན་ཆེན་ཁག་བསྡུ་སྦྱོར་གནང་བར་མི་ཕམ་རིན་པོ་ཆེས་ཕྱག་རོགས་གནང་།རང་བྱུང་བཅོ་ལྔ་པའི་ནང་སྐོར་ཡང་ཀ་ཐོག་ཏུ་ཀ་སི་ཏུ་ཡིས་ཡོན་སྦྱོར་གནང་ནས་དངུལ་བཙོ་ཆེན་མོ་དང་རིལ་ནག་སོགས་བསྡུ་སྦྱོར་གནང་བར་སློབ་པའི་གཙོ་བོ་ཀ་སི་ཏུ་དང་འཇམ་དབྱངས་ཆོས་ཀྱི་བླ་གྲོས་བཞུགས།དེ་རྗེས་ཡང་དཔལ་སྤུངས་སི་ཏུ་ཡིས་ཡོན་སྦྱོར་གནང་ནས་འཇུ་མི་ཕམ་གྱིས་དཔལ་སྤུངས་སུ་དངུལ་བཙོ་ཆེན་མོ་དང་གྲང་སྦྱོར་རིལ་ནག་སོགས་སྦྱར།སློབ་བུའི་གཙོ་བོར་ཀི་སྲིབ་ཨ་ཚང་དང་འཚོ་བྱེད་ཀར་དགའ་སོགས་བཞུགས།༡༩༣༣ལོ་རྫོར་སར་བཀྲ་ཤིས་ལྷ་རྩེར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་སྨན་པ་དང་ཡོན་སྦྱོར་གཅིག་ཏུ་གནང་ནས་ཀི་སྲིབ་ཨ་ཚང་གི་ཕྱག་རོགས་གནང་ནས་དངུལ་བཙོ་ཆེན་མོ་དང་རིལ་ནག་ཆེན་མོ་སོགས་སྦྱར་བས་སློབ་བུའི་གཙོ་བོ་འཚོ་བྱེད་ཚེ་རིང་ཕུན་ཚོགས་སོགས་ཡོད།༡༩༨༠ལོ་བོད་ལྗོངས་སྤོ་བོ་ཁོག་ལས་བཟོའི་སྨན་ཁང་དུ་མཁན་ཚེ་རྣམ་མཆོག་ནས་དངུལ་བཙོ་དང་རིན་ཆེན་སོགས་སྦྱར།༡༩༨༠ལོ་སྡེ་དགེ་བོད་སྨན་ཁང་ནས་ཡོན་སྦྱོར་བྱས་ནས་ཁྲོ་རུ་མཁན་ཆེན་ཚེ་རྣམ་གདན་ཞུས་ལྟར་ཁྲོ་མཎྡལ་ཕུན་ཚོགས་བཀྲ་ཤིས་ཆོས་གླིང་དུ་དངུལ་བཙོ་ཆེན་མོ་དང་རིན་ཆེན་ཁག་བསྡུ་སྒྲུབ་བྱས།དེ་སྐབས་སློབ་བུ་གཙོ་བོ་སྤྲུལ་དབང་རྒྱལ་རྡོ་རྗེ་དང་བློ་གྲོས་ཕུན་ཚོགས་བཟོད་པ་ཚེ་སྐྲུག་འཇམ་ཆུང་སོགས་ཡོད།༡༩༨༤ལོ་སྡེ་དགེ་པར་ཁང་གིས་ཡོན་སྦྱོར་གནང་ནས་ལྷུན་འགྲུབ་སྟེང་དུ་དངུལ་བཙོ་ཆེན་མོ་དང་རིན་ཆེན་གྲང་སྦྱོར་སོགས་སྦྱར་སྐབས་སྤྲུལ་དབང་རྒྱལ་རྡོ་རྗེ་དང་བློ་གྲོས་ཕུན་ཚོགས་བསྟན་པ་དར་རྒྱས་བཟོད་པ་བཀྲིས་རྡོ་རྗེ་སོགས་བཞུགས།སྤྱི་ལོ༡༩༩༡ལོར་འཇོ་མདའ་ཚེ་འཇོ་བོད་སྨན་ཁང་དུ་མཁན་རིན་པོ་ཆེ་ཚེ་རྣམ་མཆོག་དང་སློབ་བུ་ཁྲོ་སྤྲུལ་ཀླུ་སྒྲུབ་རྒྱ་མཚོ་དང་བསྟན་པ་དར་རྒྱས་ཀྱིས་ཕྱག་རོགས་གནང་ནས་དངུལ་བཙོ་ཆེན་མོ་དང་རིན་ཆེན་དབང་རིལ་རྟ་རི་མ་བཅས་བསྡུ་སྦྱོར་གནང་།སྤྱི་ལོ༡༩༩༦ལོ་སྡེ་དགེ་སྨན་ཁང་གི་ཡོན་ཀྲང་བཟོད་པ་དང་བཀྲ་དོ་ཚེ་སྐྲུག་དུས་སུ་དངུལ་བཙོ་ཆེན་མོ་དང་རིན་ཆེན་ཁག་བསྡུ་སྒྲུབ་ཐེངས་གཉིས་པ་བྱས།གཞན་ཡང་རྒྱ་དཀར་ནག་སོགས་ལ་བཟོད་པ་དང་ཚེ་སྐྲུག་སོགས་ཀྱིས་དངུལ་བཙོ་ཆེན་མོ་དང་རིན་ཆེན་མང་སྦྱོར་སོགས་རིན་ཆེན་བསྡུ་སྦྱོར་གྲངས་མང་བྱས།སྤྱི་ལོ༢༠༠༣ལོར་ཡང་བ་ལྷ་རྗེ་བཟོད་པ་གཙོར་བྱས་བཀྲ་རྡོ་དང་བྱང་དགའ་སོགས་ཀྱི་ལག་རོགས་བྱས་ནས་དངུལ་བཙོ་ཆེན་མོ་དང་རིན་ཆེན་མུ་ཏིག༧༠སོགས་བསྡུ་སྦྱོར་བྱས།མདོར་ན་དབུས་ཁམས་གསུམ་ལ་དངུལ་བཙོ་ཆེན་མོའི་ཕྱག་ལེན་གནང་བ་སོགས་གངས་ལྗོངས་གསོ་བསྟན་ལ་མཛད་རྗེས་མི་དམན་པ་བཞག་པ་ནི་ཕྱི་རབས་པ་རྣམས་ཀྱི་རྗེས་དྲན་གྱི་གནམ་སུ་གྱུར་པ་ཐེ་མི་ཚོམ།དེ་ལས་སྡེ་དགེ་བོད་སྨན་ཁང་ཞེས་པ་འདིནི་སྔར་ནས་སྡེ་དགེའི་ཡུལ་དུ་བདག་གིས་བཟུང་བའི་གླིང་དཔོན་དང་དེ་རྗེས་ས་སྐྱོང་སྡེ་དགེའི་ཆོས་རྒྱལ་རིམ་བྱོན་གྱི་དུས་དང་ཁྱད་པར་དུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྡེ་དགེར་སྤྲུལ་པའི་ཐང་རྒྱལ་གཙུག་ལག་ཁང་བཞེངས་ཤིང་གྲུབ་ཐོབ་རིལ་དཀར་དང་རིལ་དམར་སོགས་སྦྱོར་བ་གནང་ནས་རིམ་པར་ཆོས་རྒྱལ་བསྟན་པ་ཚེ་རིང་ནས་སི་ཏུ་ཆོས་འབྱུང་དབུ་བླར་བཀུར་བ་ནས་རྒྱལ་རབས་རིམ་བྱོན་གྱིས་བླ་སྨན་སི་ཏུ་པན་ཆེན་དང་མི་ཕམ་རྣམ་རྒྱལ་མཚོ་སོགས་ཀྱིས་གསོ་རིག་གི་སྨན་གྲྭ་བཙུགས་ནས་སྡེ་དགེའི་བླ་སྨན་རིམ་བྱོན་གྱི་གྲྭ་མང་སྨན་ཁང་སོགས་ཀྱི་རྨང་གཞིའི་སྟེང་སྤྱི་ལོ༡༩༥༩ལོ་སྡེ་དགེ་རྫོང་སྲིད་གཞུང་གི་བཀོད་སྒྲིག་ལྟར་སྡེ་དགེ་པར་ཁང་དུ་སྔར་བཞུགས་ཀྱི་སྨན་པ་སྡེ་རྒྱལ་བླ་སྨན་པ་གྲྭ་མང་ལྟ་རྗེ་འཇམ་དབྱངས་བཟང་པོ་དང་ཐམ་ཁ་ལྷ་རྗེ་སོགས་གཅིག་ཏུ་བསྡུས་ནས་མཉམ་འབྲེལ་སྨན་ཁང་གི་ཚུལ་དུ་བོད་སྨན་ཁང་ཉམས་གསོ་བྱུང་བ་མ་ཟད་ཁམས་ཕྱོགས་འདིར་གསོ་རིག་བསྟན་པའི་སྒྲོན་མེར་སྦར་ཅིང་གངས་ལྗོངས་རིག་གནས་གཏེར་མཛོད་ཁང་ཆོས་མཛོད་ཆེན་མོའི་རྟེན་དང་བརྟེན་པ་བཅས་སྲུང་སྐྱོང་གི་མཛད་རྗེས་གནང་བ་སོསག་ཕྱི་རབས་པ་རྣམས་ཀྱིས་རྗེས་དྲན་བྱེད་གནས་དམ་པ་ལགས།སྤྱི་ལོ་༡༩༧༨ལོར་སི་ཁྲོན་ཞིང་ཆེན་གྱིས་ཆོག་མཆན་འོག་སྡེ་དགེ་རྫོང་སྲིད་གཞུང་ནས་སྡེ་དགེ་བོད་སྨན་ཁང་ཞེས་པ་མིང་དོན་མཚུངས་པ་གསར་དུ་པར་ཁང་ལས་ལོགས་སུ་སྤོས་ཏེ་སྲིབ་དགོན་རྒྱབ་ཏུ་ས་ཞིང་མོའུ་ཉེར་ལྔའི་རྒྱ་ཁྱོན་དུ་གསོ་རིག་ཟབ་སྦྱོར་སློབ་གླིང་དང་།སྒོ་བསྟེན་སྨན་ཁང་།ནད་པ་སྡོད་ཁང་དང་།སྨན་པའི་སྡོད་ཁང་།སྨན་མཛོད་དང་སྨན་བཟོ་ཁང་སོགས་བོད་ལུགས་སྨན་ཁང་གི་ཁྱད་ཆོས་ལྡན་པའི་སྨན་ཁང་ཞིག་བསྐྲུན་པ་མ་ཟད་གྲོང་གསེབ་དུ་བཞུགས་པའི་ཉམས་མྱོང་ཅན་གྱི་སྨན་གཙོ་བོ་རྣམས་རྫོང་བོད་སྨན་ཁང་དུ་བཀོད་སྒྲིག་བྱས་ནས་དར་རྒྱས་བྱུང་།སྤྱི་ལོ༡༩༨༠ལོ་ཁམས་ཀ་ཐོག་ཁྲོ་རུ་མཁན་པོ་ཚེ་རྣམ་མཆོག་གདན་ཞུས་ལྟར་ཁྲོ་མནྡལ་ཕུན་ཚོགས་བཀྲ་ཤིས་ཆོས་གླིང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་མང་སྦྱོར་ཆེན་མོ་དང་།མུ་ཏིག་མདུན་ཅུ།རིན་ཆེན་བཙོ་བཀྲུ་ཟླ་ཤེལ་ཆེན་མོ་རིན་ཆེན་དབང་རིལ་ཉེར་ལྔ།རིན་ཆེན་བྱུར་དམར་ཉེར་ལྔ།རིན་ཆེན་གཡུ་རྙིང་ཉེར་ལྔ།རིན་ཆེན་མུ་ཏིག་ཉེར་ལྔ།རིན་ཆེན་བྱུང་དམར་ཉེར་ལྔ།རིན་ཆེན་གཡུ་རྙིང་ཉེར་ལྔ།རིན་ཆེན་མུ་ཏིག་ཉེར་ལྔ་སོགས་བསྡུ་སྒྲུབ་དང་།དཔལ་ལྡན་རྒྱུད་བཞི་ཁྲིད་ལུང་དང་ཆ་ལག་བཅོ་བརྒྱད་དང་བཤད་རྒྱུད་སོགས་དཀའ་གནད་ཟབ་ཁྲིད་གནང་བ་མ་ཟད་དངུལ་བཙོ་ཆེན་མོའི་ཟིན་བྲིས་གནང་ནས་བོད་ཀྱི་གསོ་རིག་ལ་མཛད་རྗེས་བླ་ན་མེད་པ་བཞགསྤྱི་ལོ༡༩༨༦ལོར༧པན་ཆེན་སྐུ་ཕྲེང་བཅུ་པ་སྡེ་དགེར་སྐུ་དངོས་བོད་སྨན་ཁང་དུ་ཆེད་དུ་བྱོན་ནས་རབ་གནས་ཀྱི་མཛད་སྒོ་སོགས་གནང་བ་མ་ཟད་སྡེ་དགེ་དཔལ་ལྡན་གསོ་རིག་ཁང་ཞེས་པའི་བསྔགས་བརྗོད་ཀྱི་ཕྱག་བྲིས་གནང་བ་སོགས་བཀའ་དྲིན་ཆེ།སྤྱི་ལོ༡༩༨༧ལོར་སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གི་ཆོག་མཆན་གནང་སི་ཁྲོན་ས་ཆར་ཐེངས་དང་པོ་ཡིན་པས་སྡེ་དགེ་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་དང་དེའི་ཟུར་གཏོགས་བོད་སྨན་ཁང་ཞེས་པའི་མཚན་བྱང་གནང་བའོ།སྤྱི་ལོ༡༩༨༨ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་སྨན་ཁང་ལ་དཔལ་ཡོན་ལྡན་པའི་སྔོན་ཐོན་འཛུགས་སྐྲུན་འཕྲོད་བསྟེན་སྡེ་ཁག་གི་མཚན་སྙན་ཐོབ།སྤྱི་ལོ༡༩༩༠རྒྱལ་ཁབ་རིམ་པའི་གལ་ཆེའི་ཚན་རྩལ་ཞིབ་འཇུག་རྣམ་གྲངས་ཀྱི་དཔེ་དཀོན་བསྡུ་སྒྲིག་དོན་ཆེན་གྲུབ་ནས་ཚན་རྩལ་ཞིབ་འཇུག་སྔོན་ཐོན་ཅན་གྱི་སྡེ་ཁག་གི་མཚན་སྙན་ཐོབ།སྤྱི་ལོ༡༩༩༦ཡོན་ཀྲང་སྨན་པ་བཟོད་པའི་དུས་སུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་ཁག་གི་བསྡུ་སྦྱོར་ཐེངས་གཉིས་པ་ཚད་ལྡན་བསྡུ་སྦྱོར་གནང་བ་དང་སྲིད་གཞུང་དང་ཨ་སྤྲུལ་རོགས་པ་ཚོགས་པ་ལ་རེ་ཞུས་ལྟར་བོད་སྨན་སློབ་གྲྭ་བཙུག་ནས་དགེ་རྒན་སོགས་ཀྱི་མཐུན་རྐྱེན་གནང་བ་དང་།གཞན་ཡང་ལོ་རེ་བཞིན་བོད་སྨན་ཁང་གི་འཛུགས་སྐྲུན་གནང་བར་བོད་སྨན་སྒོ་བསྟེན་སྨན་ཁང་ཐོགས་བརྩེགས་གསུམ་ཅན་དང་གསར་དུ་བཞེངས་ཤིང་།སྔོན་གྱི་སྨན་པའི་སྡོད་ཁང་ཞིག་གསོ་དང་ཕྱིའི་ཁོར་ཡུག་དང་ནང་གི་དཔེ་མཛོད་ཁང་དང་ཤིན་ཏུ་རྙེད་པར་དཀའ་བའི་གསོ་རིག་དཔེ་སྙིང་བསྡུ་སྒྲིག་དང་གསར་དུ་པར་སྐྲུན་གྱི་མཛད་རྗེས་དང་།བོད་སྨན་བཤམས་སྟོན་ཁང་སོགས་ཁྱད་ཆོས་ལྡན་པའི་སྨན་ཁང་བསྐྲུན་ནས་སྡེ་དགེ་བོད་སྨན་ཁང་ཞེས་པ་བྱུང་།སྤྱི་ལོ༢༠༠༡ལོར་བོད་སྨན་སྤུས་ལེགས་བསྐྲུན་པར་ཚད་མཐུན་རྩིས་འཕྲོད་པ་བསྟེན་ཞིང་ཆེན་རིམ་པའི་ཚད་ལེན་བོད་སྨན་ཁང་གི་མཚན་སྙན་སི་ཁྲོན་ཞིང་ཆེན་ཀྲུང་སྨན་དོ་དམ་ཅུས་ཀྱིས་གནང་།སྤྱི་ལོ༢༠༠༢ལོར་ཞིང་ཆེན་དང་རང་སྐྱོང་ཁུལ་གྱི་བཀོད་པ་དང་རོགས་སྐྱོར་གཙོར་བྱས་སྨན་ཁང་རང་གི་འགྲོ་གྲོན་གཏོང་ནས་བོད་སྨན་སྨན་བཟོ་ལྟེ་གནས་ཐོག་བརྩེགས་གསུམ་ཅན་བསྐྲུན།སྤྱི་ལོ༢༠༠༣ལོར་སྲིད་གཞུང་ནས་སྨན་ཁང་གི་འགོ་ཁྲིད་བརྗེ་ལོན་བྱས་ནས་ཡོན་ཀྲང་ཀྲུག་དབྱིས་ནིས་དང་བྱང་དགའ་བཀྲ་རྡོ་བཅས་བརྐོ་བཞག་དང་།ལྷ་རྗེ་བཟོད་པ་གསོ་རིག་ཞིབ་འཇུག་ཁང་གི་སོ་ཀྲུང་དང་སྨན་པ་གཅིག་ལྕོག་བྱས་ཏེ་ལོ་དེར་དངུལ་བཙོ་ཆེན་མོ་དང་རིན་ཆེན་མུ་ཏིག་བདུན་ཅུ་སོགས་བསྡུ་སྦྱོར་ལེགས་པར་གྲུབ་པ་མ་ཟད་ལོ་མཇུག་ཏུ་ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་ཁག་གི་མཚན་སྙན་ཐོབ།སྤྱི་ལོ༢༠༠༦ལོར་ཞིང་ཆེན་རིམ་པའི་ཕོ་ནད་ཆེད་བཅོས་སྨན་ཁང་གི་མཚན་སྙན་ཐོབ་པ་དང་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་སྲོལ་རྒྱུན་གྱི་ལུགས་དང་འང་མཐུན་པའི་བོད་སྨན་སྨན་བཟོ་ལྟེ་གནས་ལེགས་པར་གྲུབ།གཞན་ཡང་རང་སྐྱོང་ཁུལ་དང་རྪོང་རིམ་པའི་བྱ་དགའི་རྣམ་གྲངས་ཤིན་ཏུ་མང་།སྨན་ཁང་འདིར་གསོ་པ་པོ་སྨན་པ་ཚད་དང་ལྡན་པ་རྒྱལ་སྤྱིའི་གསོ་རིག་མཐུན་ཚོགས་ཀྱི་སྨན་རམས་པ་ཆེན་མོ(བོ་སི)དང་རྒྱལ་ཁབ་རིམ་པའི་བོད་སྨན་འབུམ་རམས་པ་གཙོ་གཞོན།སྨན་པ་རབ་འབྱམས་པ།དཀའ་བཅུ་བ་སོགས་ཉམས་མྱོང་ཅན་གྱི་རྒས་རབས་ཀྱི་སྨན་པ་དང་།ཕྱིས་བྱུང་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་ལས་ཐོན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་མ་ཟད།སྨན་ཁང་འདིར་ཟབ་སྦྱོང་སོགས་སྔ་ཕྱིར་ཕེབས་པའི་མདོ་དབུས་ཁམས་གསུམ་བཅས་ཀྱི་འཚོ་བྱེད་པ་གྲངས་ལས་འདས།སྨན་ཁང་འདིའི་ཁྱད་ཆོས་གཙོ་བོ་བོད་ལུགས་གསོ་རིག་ཀྱི་ཁྱད་ཆོས་ལྡན་པ་དཔལ་ལྡན་རྒྱུད་བཞིའི་དགོངས་པ་དང་མཐུན་པ་རང་བྱུང་གི་སྨན་རྫས་དུས་ལྟར་བསྡུ་སྒྲུབ་ཚད་དང་ལྡན་ལ་ཚུལ་བཞིན་གནང་བ་མ་ཟད་ཕྱི་ལུགས་སོགས་ཀྱི་བསྲེ་སླད་མ་འདྲེས་པའི་བོད་སྨན་རང་ཉིད་ཁྱད་ཆོས་འབུར་དུ་དོད་པའི་བོད་སྨན་ཁོ་ནས་འགྲོ་བ་ནད་པའི་དོན་དུ་བྱ་བ་བྱེད་བཞིན་པས་རྒྱལ་ཕྱི་ནང་དང་ཕྱོགས་སོ་སོའི་དད་ལྡན་དམངས་ཚོགས་ཀྱིས་སྡེ་དགེའི་བོད་སྨན་ལ་བསྔགས་པའི་མེ་ཏོག་ཕྱོགས་ཀུན་མཐོར་བ་དང་ནད་ཅན་དང་ནད་མེད་ཀུན་ལ་ཕན་བདེའི་སྲོག་གི་དཔུང་གཉེན་དུ་གྱུར་པ་མ་ཟད་འཆི་མེད་བདུད་རྩིའི་གསོས་སུ་གྲུབ་པའོ།།
 
 

  • ལེ་ཚན་སྔོན་མ།:བོད་ཀྱི་སྨན་གཞུང་ནང་ཟས་ཚོད་རན་པའི་སྐོར་གྱི་རྣམ་བཤད་ལ་བརྟག་པ།
  • ལེ་ཚན་རྗེས་མ།:བོད་ལུགས་གསོ་རིག་ལས་མདོ་ཁམས་སྡེ་དགེའི་བོད་སྨན་བརྒྱུད་རིམ་དང་སྡེ་དགེ་བོད་སྨན་ཁང་གི་ལོ་རྒྱུས་ཉུང་ངུ་བར
  • དོ་སྣང་ཆེ་བའི་རྩོམ།