བོད་ཀྱི་གསོ་བ་རིག་པའི་རྨི་ལམ་འགྲེལ་བཤད།

        2010-08-26

༧ རྨི་ལམ་ངན་པ་བཟློག་ཐབས།
སྤྱིར་རྨི་ལམ་ངན་པ་ལ་ཉེས་སྐྱོན་ཆེ་ཕྱིར་དེ་བཟློག་དགོས་པ་གསོ་རིག་བཤད་རྒྱུད་ཀྱི་ལུས་ཀྱི་འཇིག་ལྟས་བསྟན་པའི་ལེའུར། རྨི་ལམ་རྣམ་འགྱུར་རིང་དང་མ་ངེས་ལྟས། ། ཚོགས་གསོག་ཀློག་སྒྲུབ་ཡི་དམ་སུམ་འགྱུར་བཟློག། ཅེས་སྤྱིར་རགས་པའི་དབང་དུ་བསྟན་པ་ལ་འགྲེལ་བ་མེས་ཞལ་དུ། གོང་དུ་བཤད་པའི་རིང་བ་ལ་སོགས་པའི་འཆི་ལྟས་སྣ་ཚོགས་པ་རྣམས་ཀྱི་ནང་ནས་རྨི་ལམ་དང་། རྣམ་འགྱུར་དང་། རིང་བ་དང་། མ་ངེས་པའི་ལྟས་རྣམས་ནི་མཐའ་གཅིག་ཏུ་འཆི་བ་ཁོ་ནར་མ་ངེས་པས། དེ་རྣམས་ལ་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་དང་། སྟོང་པ་ཉིད་བསྒོམ་པ་ལ་སོགས་ཡེ་ཤེས་ཀྱི་ཚོགས་རང་བཞིན་གྱིས་བགྱིས་པ་དང་། རྒྱལ་བའི་བཀའ་དྲི་མ་མེད་པ་ཀློག་ཅིང་ཡི་གེར་འབྲི་བ་དང་། རྒྱུད་སྡེ་བཞི་ནས་ཇི་ལྟར་འབྱུང་བ་ལྷག་པའི་ལྷ་སྒྲུབ་ཅིང་གསོལ་བ་གདབ་པ་དང་། གཞན་ཡང་འཇིག་རྟེན་གྱི་ཡུལ་ལུགས་རང་ལུགས་མཐུན་པའི་རིམ་གྲོ་སོགས་སྔར་ཡི་དམ་དུ་བཅས་པ་རྣམས་ལས་སུམ་འགྱུར་གྱིས་ལྷག་པར་བྱས་ན་འཆི་བ་ལས་བཟློག་པར་འགྱུར་ལ། ཞེས་འཆི་ལྟས་སྣ་ཚོགས་པ་ཆོས་ཀྱི་ཆོ་གའི་སྒོ་ནས་བཟློག་ཚུལ་བསྟན་ཡོད་པ་ལ། ཁྱད་པར་རྨི་ལམ་ལ་སྦྱར་ན། ཡི་དམ་སྒྲོལ་མ་དང་རྟ་མགྲིན་སོགས་ཀྱིས་རྨི་ལམ་ངན་པ་སྤྱི་བཟློག་པ་དང་། བྱེ་བྲག་ཏུ་ཀླུ་གདོན་གྱིས་གནོད་རྟགས་སྦྲུལ་དང་སྦལ་བ་སོགས་ཀྱིས་རང་ཉིད་ལ་འཚེ་བའི་རྨི་རྟགས་བྱུང་ན་དེ་ལ་ཁྲོ་རྒྱལ་རྟ་མགྲིན་དང་རྡོ་རྗེ་ཁྱུང་གི་སྔགས་བཟླ་བ་དང་། གྲྭ་བཙུན་དང་བྱིས་པ། བུད་མེད། ལྡེར་བཟོ་རྙིང་བ་དང་རལ་བ་སོགས་བྱུང་ན་བརྒྱལ་བསེན་གྱི་རྟགས་ཡིན་པས་དེ་དག་གུ་རུ་དྲག་པོ་དང་རྡོ་རྗེ་གྲོ་ལོད་སོགས་ཀྱི་ཆོ་གས་བཟློག་པ་སོགས་རིག་པས་དཔག་པར་བྱ་དགོས་ལ། དེ་བཞིན་རང་ཉིད་ལྷ་གང་ལ་མོས་པ་དང་ཆོས་ལུགས་གང་དུ་གཏོགས་པའི་ཡི་དམ་དང་མཁའ་འགྲོ་སོགས་ཀྱི་ཆོ་ག་ལ་བརྩོན་ཆོག་གོ། དེ་ལ་ཕྱག་འཚལ་བ་དང་སྔགས་བཟློ་བ་སོགས་ཀྱི་སྒོ་ནས་ཚོགས་བསགས་ན་ལུས་ཀྱི་རྩ་ཁམས་དང་ཁྲག་ཁམས། རླུང་ཁམས་དང་ཐིག་ལེ་སོགས་ཀྱི་འབྱུང་ཁམས་སྙོམ་སྒྲིག་བྱས་ཏེ་ཡིད་འཇུག་བུ་ག་ཕྱེས་ཏེ་རྨི་ལམ་ངན་པ་བཟློག་པའམ་སེལ་ནས་ཚེ་རིང་བར་བྱེད་ཐུབ་པས། འདི་རྣམས་ལ་གནས་ལུགས་ཀྱི་གནད་ཟབ་མོ་ཡོད་དེ། དཔེར་ན། རྨི་ལམ་ལས་སད་རྗེས་སྙིང་མི་དགའ་བར་གྱུར་ན་ཧ་ཞེས་ལན་བདུན་ནམ་ཉེར་གཅིག་བརྗོད་ན་སྙིང་མི་བདེ་བ་སེལ་བ་དང་། འབྲུ་གསུམ་གྱི་བཟླས་པས་རྨི་ལམ་རྩུབ་མོ་ཞི་བར་འགྱུར་བ་སོགས་ཀྱིས་མཚོན་ནོ། ། གཞན་ཡང་རིན་ཆེན་ཙུ་ཏ་ལུས་ལ་འཆང་ན་རྨི་ལམ་ངན་པ་བཟློག་ཐུབ་པ་སོགས་སྨན་རྫས་འཆང་བའི་སྟོབས་ཀྱིས་ཀྱང་ཕན་པ་སོགས་བོད་ཀྱི་སྔ་རབས་མཁས་པ་དག་གིས་གསུངས་ཡོད་པས་དེ་དག་ལ་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེའོ། ། རྨི་ལམ་ངན་པ་བཟློག་པ་ལ་གཉིད་སད་པ་དང་འཕྲལ་དུ་ཏིང་འཛིན་བསྒོམ་པ་དང་སྔགས་བཟླ་བ་སོགས་ཀྱིས་ཞི་བར་བྱེད་པ་དང་འབྲས་བུ་ཆུང་དུ་གཏོང་ཐུབ་པར་བཤད་པ་ལ་དགེ་མཚན་ཆེ་སྟེ། སེམས་ནུས་དང་ངག་གི་རླུང་དབུགས་རྒྱུ་སྟངས་ཀྱིས་ལུས་ཁམས་དབང་དུ་བསྒྱུར་ཐུབ་པས་སོ། །
 

  • ལེ་ཚན་སྔོན་མ།:བོད་ཀྱི་གསོ་བ་རིག་པའི་རྨི་ལམ་འགྲེལ་བཤད།
  • ལེ་ཚན་རྗེས་མ།:བོད་ཀྱི་གསོ་བ་རིག་པའི་རྨི་ལམ་འགྲེལ་བཤད།
  • དོ་སྣང་ཆེ་བའི་རྩོམ།