ཁྲིམས་སྐྱོང་གི་ཉི་འོད་དྲོན་མོ་ཡིས།། མཐོ་སྒང་གི་སྐལ་བཟང་མེ་ཏོག་སྐྱོང་།། དཀར་མཛེས་རྫོང་གི་ཞིབ་དཔྱོད་དཔོན་པོ་དོན་གྲུབ་སྒྲོལ་མའི་གནས་ཚུལ་རགས་བཀོད།

( སྐལ་ཐུབ་ཀྱིས་བསྒྱུར།)        2025-06-06


ཁྲིམས་སྐྱོང་གི་ཉི་འོད་དྲོན་མོ་ཡིས།། མཐོ་སྒང་གི་སྐལ་བཟང་མེ་ཏོག་སྐྱོང་།།

དོན་གྲུབ་སྒྲོལ་མ་དང་སློབ་མའི་མཉམ་པར།

ཞིབ་དཔྱོད་འགན་འཁྲི་དང་དུ་བླངས།། ལས་སྒྲུབ་བྱེད་ཐབས་གསར་དུ་བཏོད།།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ལ་དཀར་མཛེས་ཀྱི་དཀར་མཛེས་ཞེས་པའི་མིང་སྙན་མོ་ཞིག་ཐོབ་ཡོད། རྫོང་དེའི་ཞིབ་དཔྱོད་ཁང་དུ་བགྲང་བྱ་ཉི་ཤུ་རིང་ལ་སྐྱེ་བོ་ལོ་ན་མ་སོན་པའི་ཞིབ་དཔྱོད་ལས་དོན་སྒྲུབ་པའི་ཞིབ་དཔྱོད་དཔོན་པོ་ཞིག་ཡོད་པ་སྟེ། ཁོའི་མིང་ལ་དོན་གྲུབ་སྒྲོལ་མ་ཟེར། མོས་ཁྲིམས་འཛིན་དྲང་བདེན་གྱི་གདུགས་ཆེན་གངས་ཅན་མཐོ་སྒང་གི་མཁའ་དབྱིངས་སུ་ཕུབ་སྟེ་ཞིང་འབྲོག་པའི་སྐལ་བཟང་མེ་ཏོག་དང་འདྲ་བའི་སྐྱེ་བོ་ལོ་ན་མ་སོན་པ་ཚོ་ཁྲིམས་རྨོངས་ཀྱི་ཚ་གདུང་ལས་བསྐྱབས་ཏེ། ལང་ཚོའི་ཟེར་མདངས་ལས་གོས་མཐོན་མཐིང་ནས་འཕྲོས་ཤིང་ཏང་ལ་བློ་སེམས་དཀར་བ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་ལེའུ་སྙན་མོ་བརྩམས་པ་རེད།

ཞིབ་དཔྱོད་ཀྱི་འགན་འཁྲི་དང་དུ་བླངས་ཉིན་ནས་བཟུང་སྟེ། དོན་གྲུབ་སྒྲོལ་མས་ཁྲིམས་སྐྱོང་གི་ཉི་འོད་གངས་ཅན་མཐོ་སྒང་གི་ཕྱོགས་ཀུན་ཏུ་འཕྲོ་རུ་འཇུག་པའི་དམ་བཅའ་བརྟན་པོ་བཞག། ཏང་ནང་ཞུགས་པའི་དུས། མོས་ཏང་དར་གྱི་མདུན་དུ་ཏང་མིའི་ཚད་གཞི་ནན་པོས་རང་ཉིད་གཅུན་ཏེ་མང་ཚོགས་ཀྱི་སྲུང་སྐྱོབ་པ་བྱ་རྒྱུའི་གཡའ་དམ་ཡང་བཅས་ཡོད། བརྗིད་ཉམས་ཆེ་བའི་ཁས་ལེན་དམ་བཅའ་དེ་གཉིས་ནི་མཐོ་སྒང་གི་མེ་ཏོག་གངས་ལྷ་དང་མཚུངས་པ་མོའི་ཚེ་སྲོག་གི་གཤིན་སར་རྩ་བ་བརྟན་པོར་ཚུགས་ཡོད།

སྐྱེ་བོ་ལོ་ན་མ་སོན་པའི་ཞིབ་དཔྱོད་ལས་དོན་སྒྲུབ་པ་ནས་བཟུང་། སྐྱེ་བོ་ལོ་ན་མ་སོན་པའི་ཉེས་གསོག་སྔོན་འགོག་དང་ཁེ་དབང་སྲུང་སྐྱོང་གི་དཀའ་གནད་ལ་འཕྲད་ཚེ། དོན་གྲུབ་སྒྲོལ་མས་འགན་འཁྲིའི་འདུ་ཤེས་དང་ཆེན་པོ་བཅངས་ཤིང་ལས་འགན་སྒྲུབ་ཤུགས་ཆེ་རུ་བཏང་སྟེ། སྐྱེ་བོ་ལོ་ན་མ་སོན་པའི་ཞིབ་དཔྱོད་ཚོགས་པའི་སྣེ་ཁྲིད་དེ་ལས་དོན་ཐབས་ཤེས་གསར་དུ་བཏོད་དེ། མཐོ་སྒང་ས་ཁུལ་གྱི་ཁྱད་ཆོས་དང་མཐུན་པའི་སྐྱེ་བོ་ལོ་ན་མ་སོན་པའི་ཞིབ་དཔྱོད་ལས་དོན་གྱི་མ་ལག་ཅིག་བཙུགས་པ་རེད།

གྱོད་དོན་སྒྲུབ་པའི་ཁྲོད་དུ། མོས་སེམས་གསུམ་ཡོད་པའི་ལས་དོན་བྱེད་ཐབས་འཚོལ་ཞིབ་བྱས་པ་སྟེ། བཟོད་སེམས་ཡོད་པའི་སྒོ་ནས་སྐྱེ་བོ་ལོ་ན་མ་སོན་པའི་སྐྱོ་སྡུག་རེ་རེ་ལ་ཡག་པོ་ཉན་པ་དང་། རྣལ་སེམས་ཡོད་པའི་སྒོ་ནས་སྐྱེ་བོ་ལོ་ན་མ་སོན་པའི་བྱ་སྤྱོད་ཀྱི་ཞིབ་ཕྲ་ས་རེ་རེ་བཞིན་རྒྱུས་ལོན་བྱེད་པ། བརྩེ་སེམས་ཡོད་པའི་སྒོ་ནས་སྐྱེ་བོ་ལོ་ན་མ་སོན་པའི་སེམས་པ་རེ་རེ་ལ་དྲོད་ཁོལ་སྦྱིན་པ་བཅས་རེད། མོའི་ལས་དོན་ལ་སྤྱི་ཚོགས་ལས་རིགས་ཁག་གིས་བསྟོད་བསྔགས་རྒྱ་ཁྱབ་ཏུ་ཐོབ་པ་དང་ཆབས་ཅིག། སྐྱེ་བོ་ལོ་ན་མ་སོན་པའི་ཡིད་ཆེས་དང་གུས་བཀུར་ཡང་ཐོབ་ཡོད། མོའི་འབད་བརྩོན་འོག་ཏུ། དཀར་མཛེས་རྫོང་གི་སྐྱེ་བོ་ལོ་ན་མ་སོན་པའི་ཞིབ་དཔྱོད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོར་ཐོབ་ཅིང་། མོས་གཙོ་ཁྲིད་བྱས་ནས་སྤེལ་བའི་ཁྲིམས་སྐྱོང་སློབ་རར་སྤེལ་བ་ཞེས་པའི་བྱེད་སྒོ་རབ་དང་རིམ་པ་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་སློབ་ཁང་དུ་ཡོངས་སུ་ཁེབས་ཡོད། ཁྲིམས་སྐྱོང་སློབ་གསོ་གསོན་ཉམས་ཆེ་ལ་སྤྲོ་དགའ་ཆེ་བ་སྤེལ་བར་བརྒྱུད་དེ། ལོ་ཆུང་ཚོའི་བཅའ་ཁྲིམས་འདུ་ཤེས་དང་རང་ངོས་སྲུང་སྐྱོབ་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།

སྐྱེ་བོ་ལོ་ན་མ་སོན་པའི་ཞིབ་དཔྱོད་ལས་དོན་ཟབ་ཏུ་སྤེལ་བ་དང་བསྟུན་ནས། དོན་གྲུབ་སྒྲོལ་མ་ལ་སློབ་ཁྲིད་རྐྱང་པའི་སྒྲོག་འགྲེལ་ཁོ་ནས་ལོ་ཆུང་ཚོས་བཅའ་ཁྲིམས་ཤེས་བྱ་ལ་འཚོལ་ཞིབ་མཐར་ཕྱིན་བྱེད་པའི་དགོས་མཁོ་བསྐང་མི་ཐུབ་པའི་འདུ་ཤེས་བྱུང་ཞིང་། མྱོང་རོལ་དང་སློབ་སྦྱོང་། མཉམ་སྐུལ་བཅས་གཞི་གཅིག་ཅན་གྱི་ཁྲིམས་སྐྱོང་སློབ་གསོའི་ཆེད་གཏོགས་བར་ཁོངས་ཤིག་འཛུགས་པ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། མོས་མ་སྐུལ་དང་ལེན་གྱིས་ཞིབ་དཔྱོད་ཁང་གི་ཏང་ཚན་ཁག་ལ་རེ་ཞུ་ཕུལ་བར་བརྟེན། ཞིབ་དཔྱོད་མགོ་ཁྲིད་ཀྱི་རྒྱབ་སྐྱོར་འོག། མོས་ཐོག་མའི་ཁང་ས་གདམ་གསེས་དང་འཆར་འགོད། འཛུགས་སྐྲུན་བཅས་ནས་ཁང་པའི་བཀོད་བབ་བཞག་སྟངས་སོགས་ལ་བསམ་གཞིག་ཡང་ཡང་བྱས་ཏེ། གནད་ཐུག་ས་ཚང་མར་མོའི་དཀའ་སྡུག་གི་རྔུལ་ཆུ་ཐིགས་པ་མི་ཟག་ས་མེད་པ་རེད། ལོ་གཉིས་རིང་ལ་ཚོགས་པའི་མཉམ་ལས་གང་ལེགས་འོག་བྱེད་ལས་ཆ་ཚང་བ་དང་སྒྲིག་ཆས་སྔོན་ཐོན་ཡིན་པའི་ལོ་ཆུང་ཁྲིམས་སྐྱོང་སློབ་གསོ་རྟེན་གཞི་གསར་རྐྱང་ཞིག་དཀར་མཛེས་རྫོང་དུ་བསྐྲུན་པ་རེད།

ཁྲིམས་སྐྱོང་སློབ་གསོ་གཞི་རིམ་བསྲིངས།། ཕྲུ་གུའི་སེམས་བུམ་བདུད་རྩི་བྱོས།།

ནམ་རྒྱུན་གྱི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་སྤེལ་བའི་སྐབས་སུ། དོན་གྲུབ་སྒྲོལ་མས་སློབ་ཆས་གྲ་སྒྲིག་ཚགས་སུ་ཚུད་པ་དང་སློབ་མ་ཚོ་དང་མཉམ་སྐུལ་ཡོད་པའི་གནད་མཚམས་ཇུས་འགོད་ཡག་པོ། ཕྲུ་གུ་ཚོའི་དྲི་བར་ངང་རྒྱུད་རིང་པོས་ལན་འདེབས་པ་བཅས་བྱེད་བཞིན་ཡོད། གྱོད་དོན་དང་འབྲེལ་བ་ཡོད་པའི་སྐྱེ་བོ་ལོ་ན་མ་སོན་པར་ཚོར་མོས་བཅའ་ཁྲིམས་ཀྱི་འགན་འཁྲི་བསྒྲུབས་པར་མ་ཟད། ད་དུང་སྐྱེ་བོ་ལོ་ན་མ་སོན་པའི་སེམས་ནད་བསལ་བ་དང་ཁྱིམ་ཚང་གི་འབྲེལ་བ་མཐུན་ཐབས་སོགས་ཕྱོགས་སོ་སོར་སེམས་ཁུར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྐྱེ་བོ་ལོ་ན་མ་སོན་པའི་ཞིབ་དཔྱོད་དཔོན་པོའི་འགན་འཁྲི་དང་ལས་འགན་ལ་འགྲེལ་བཤད་བརྒྱབ་ཡོད། ལས་རོགས་ཚོས་མོ་ནི་ང་ཚོའི་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན་ཞེས་བཤད་དང་འཆད་བཞིན་ཡོད།

དོན་གྲུབ་སྒྲོལ་མས་ཁྲིམས་ལུགས་ཁྱབ་གདལ་གྱི་གཡུལ་ས་མཐོ་སྒང་གི་གཞི་རིམ་དུ་བསྲིངས་ཡོད། མོས་ཁྲིམས་སྐྱོང་སློབ་གསོ་སློབ་ཁྲིད་ཙམ་དུ་གོམ་སྟབས་གཞག་རྒྱུ་མེད། དེ་བས་

ལྷག་པར་རྩྭ་ཐང་དང་འབྲོག་ར། སྦྲ་གུར་བཅས་སུ་སྤེལ་བ་གལ་ཆེན་པོ་ཡིན་ཞེས་བཤད། མོས་ལ་དུག་ཕོག་པ་དང་གྲང་ངར་ལ་མི་འཛེམས་ནས་མཚོ་འཕགས་སྨི4000ཡོད་པའི་རྩྭ་ཐང་དུ་གྱོད་དོན་གྱི་སྣང་ཚུལ་ལད་མོ་དང་། སྤྲོ་སྣང་ཡོད་པའི་དྲི་བ་དྲིས་ལན། ཁྲིམས་སྐྱོང་གཏམ་རྒྱུད་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་ཁྲིམས་ལུགས་སྒྲོག་འགྲེལ་བྱས་པ་རེད།

དོན་གྲུབ་སྒྲོལ་མས་སེམས་འགུལ་ཐེབས་པའི་སྒོ་ནས་དཀར་མཛེས་རྫོང་གི་ཕྲུ་གུ་ཚོ་རང་གཤིས་དྭངས་ཤིང་གཙང་ལ་གཞུང་དྲང་པ་དཔེར་ན་མཐོ་སྒང་གི་སྐལ་བཟང་མེ་ཏོག་དང་འདྲ་བ་རེད། ཁོ་ཚོར་གཅེས་སྐྱོང་ཡག་པོར་བྱ་དགོས། ལོ་མང་རིང་གི་སྐྱེ་བོ་ལོ་ན་མ་སོན་པའི་ཞིབ་དཔྱོད་ལས་དོན་ལ་ཕྱིར་འདང་ཞིག་བརྒྱབ་ན། ཕྲུ་གུ་ཚོའི་བྱས་ཉེས་བསགས་རྗེས་ཨ་ཆད་འུ་ཐུག་གི་མིག་ཆུ་བཏོན་ནས་འགྱོད་པ་རྟ་ཡིས་མི་ཟིན་པའི་དུས་ཡོད་ཅིང་། ཕྲུ་གུ་ཚོས་རང་སྐྱོན་ངོས་ལེན་བཅོས་བསྒྱུར་བཏང་ནས་འཛུམ་མདངས་ཡང་བསྐྱར་མངོན་པར་མཐོང་དུས་སེམས་སུ་ངང་པ་པད་མཚོར་འཇུག་པ་ལྟ་བུའི་སྤྲོ་བ་བརྟས་པའི་དུས་ཀྱང་ཡོད། ཞིབ་དཔྱོད་པ་ཚང་མའི་བློས་གཏོང་ཕྲན་ཚེགས་བསགས་པ་ལས་འོད་ཟེར་སྟོབས་དང་ལྡན་པ་བསྒྲིལ་ནས་སྐྱེ་བོ་ལོ་ན་མ་སོན་པའི་འཚར་ལོངས་ཀྱི་མདུན་ལམ་དུ་འཁྲིགས་པའི་དུ་སྨུག་བསལ་ཏེ། ཁོ་ཚོའི་འཇིག་རྟེན་མཚར་སྡུག་རྣམ་པར་བཀྲ་བ་རུ་བསྒྱུར་བ་དང་གཅེས་སྐྱོང་གི་དྲོ་ཁོལ་ནམ་ཡང་ཁོ་ཚོ་དང་མི་འབྲལ་བ། ཕྲུ་གུ་དེ་བས་མང་པོར་བཅོས་མིན་གྱི་འཛུམ་ཞལ་བཞད་པ། ཁྱིམ་ཚང་དེ་བས་མང་པོ་བདེ་སྐྱིད་ཀྱི་རང་མལ་དུ་སླར་ལོག་པ་བྱུང་ཐུབ། མ་འོངས་པར། ང་རང་གིས་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་ཏེ། དཀར་མཛེས་རྫོང་གི་ཕྲུ་གུ་ཚོའི་ཆེད་དང་ང་རང་སྐྱེ་ས་འཚར་སའི་ཕ་ཡུལ་གྱི་ཁྲིམས་སྐྱོང་གི་ཆེད་དུ་བྱས་རྗེས་གང་ཐུབ་ཐུབ་གཞག་རྒྱུ་ཡིན་ཞེས་བཤད་པ་རེད།

ལས་དོན་བསྒྲུབས་པ་ནས་བཟུང་། དོན་གྲུབ་སྒྲོལ་མ་ལ་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་ལས་བྱེད་པ་ཕུལ་བྱུང་དང་། སྐྱེ་བོ་ལོ་ན་མ་སོན་པའི་ཞིབ་དཔྱོད་ལས་དོན་གྱི་ལས་སྒོའི་དཔེ་བཟང་སོགས་ཀྱི་མཚན་སྙན་ཐོབ་ཡོད། མོས་ལས་གནས་བརྟན་སྲུང་གི་སྒུལ་ཤུགས་སྐོར་གླེང་བའི་ཚེ། རང་གི་བྲང་ཁར་བཏགས་ཡོད་པའི་ཞིབ་དཔྱོད་རྟགས་ལ་བྱིལ་བྱིལ་བྱས་ཏེ། ཕྲུ་གུ་ཚང་མ་ནི་མཐོ་སྒང་གི་སྐལ་བཟང་མེ་ཏོག་ཡིན། ང་ཚོ་མེ་ཏོག་སྐྱོང་མཁན་གྱི་དཔྱིད་ཀྱི་ས་གཤིན་དྲོན་མོ་དེ་བྱ་དགོས་ཞེས་བཤད།

གངས་ཅན་ཕྲུ་གུ་སྐྱོང་བའི་ཞིབ་དཔྱོད་བརྩེ་འོད་རབ་ཏུ་འཕྲོས།། ཐོག་མའི་བསམ་འདུན་བྲག་རི་བཞིན་བརྟན་རི་ཀླུང་ཀུན་ཏུ་ཁྱབ།། དཀར་མཛེས་མཐོ་སྒང་དུ་དོན་གྲུབ་སྒྲོལ་མས་ཁྲིམས་སྐྱོང་གི་སྨྱུ་གུར་བྱམས་བརྩེའི་སྣག་ཚ་བླུགས་ཏེ་གངས་རི་རྩྭ་ཐང་གི་གསེང་དུ་ སྐྱེ་བོ་ལོ་ན་མ་སོན་པར་སྲུང་ཞིང་སྐྱོང་བའི་རི་མོ་ངོ་མཚར་ཅན་བྲིས་ཡོད། གངས་རི་དང་རྩྭ་ཐང་ཀུན་ཏུ་མོའི་རྐང་རྗེས་མངོན་ཞིང་བྱམས་སྐྱོང་གི་བདུད་རྩི་བསིལ་མས་ལོ་ཆུང་ཚོའི་སེམས་ཀྱི་ཚ་གདུང་བསལ། བགྲང་བྱ་ཉི་ཤུ་རིང་ལ་ཨ་སྔོན་མཐོན་མཐིང་གི་གཞི་མདངས་ལ་འགྲན་པའི་ཞིབ་དཔྱོད་ལས་གོས་ཀྱི་རང་མདོག་དེ་མཐོ་སྒང་ཕྲུ་གུ་ཚོའི་ལུས་བདེ་སེམས་སྐྱིད་ཀྱི་རང་མདངས་སུ་བསྒྱུར་ཏོ།།

  • ལེ་ཚན་སྔོན་མ།:འབོ་གངས་དཀར་གྱི་ཞབས་ནས་ཐོན་པའི་ཉེན་རྟོག་དཔའ་བོ་ཞིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།