བོད་ཀྱི་མཚོ་ཆེན་བཞི།

ཤེས་བྱ།        2015-06-30

བོད་ཀྱི་མཚོ་ཆེན་བཞི།

ཡར་འབྲོག་གཡུ་མཚོ།

བོད་ལྗོངས་སུ་ཡོངས་སུ་གྲགས་པའི་མཚོ་ཆེན་བཞིའི་ནང་གསེས་ཡར་འབྲོག་ཆུ་གཏེར་ཆེན་པོའམ་ཡར་འབྲོག་གཡུ་མཚོར་འབོད་པ་ནི། བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས་ཏེ་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་ཀྱི་སྣ་དཀར་རྩེ་རྫོང་གི་བྱང་ཕྱོགས་སུ་ཆགས་ཡོད་ཅིང་ལྷ་ས་ནས་བར་ཐག་སྤྱི་ལེ༡༥༠ཙམ་ཡོད། མཚོ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༦༧༨ཡོད་ཅིང་། མཚོ་ངོས་ཀྱི་མཐོ་ཚད་ལ་མཚོ་འཕགས་སྨི༤༤༤༡དང་གཏིང་ཚད་ཆེས་ཟབ་སར་སྨི༥༩ཙམ་ཡོད།  མཚོ་འདིའི་བྱང་ངོས་དོག་ལ་ལྷོ་ངོས་ཡངས་པ་དང་མཚོ་ནང་ན་གླིང་ཕྲན་ཆེ་ཆུང་བཅུ་ཐམ་པ་ཡོད།  གླིང་ཕྲན་དེ་དག་གི་སྟེང་དུ་རྩྭ་ཆུ་ཤིན་ཏུ་འཛོམས་པས་ཡུལ་དེའི་འབྲོག་མི་ཚོས་དབྱར་དུས་སུ་ཕྱུགས་ཟོག་ཀོ་གྲུས་བསྐྱལ་ནས་གླིང་ཕྲན་དེ་དག་ཏུ་འཚོ་བཞིན་ཡོད། །

བོད་ཀྱི་མཚོ་ཆེན་བཞི།

གནམ་མཚོ་ཕྱུག་མོ།

མཚོ་ཆེན་གནམ་མཚོ་ཕྱུག་མོ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ནུབ་ཕྱོགས་སུ་གནམ་སྔོན་ཐང་ལ་ལྷུང་འདྲའི་ཚུལ་དུ་ཡོད་ཅིང་མིང་གཞན་ལ་གནམ་མཚོ་ཡང་ཟེར།  ལྷ་ས་དང་བར་ཐག་སྤྱི་ལེ༢༣༠ཙམ་ཡོད་ལ་ཚང་མ་སྣུམ་ལམ་ཡིན་པས་འགྲོ་བདེ་པོ་ཡོད།  མཚོ་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༡༩༩༣ཙམ་ཡོད་ཅིང་།  རྟ་ཞོན་ནས་དལ་འགྲོས་ཀྱིས་མཚོ་ལ་སྐོར་བ་ཕྱིན་ན་ཉིན་བཅུ་གཅིག་ལ་འཁོར་ཟེར་སྲོལ་ཡོད། མཚོ་ངོས་ཀྱི་མཐོ་ཚད་ལ་མཚོ་འཕགས་སྨི༤༧༡༨དང་གཏིང་ཚད་ཆེས་ཟབ་སར༡༢༠ལས་བརྒལ་ཡོད། མཚོ་འདིིའི་དབྱིབས་ནི་མཚོ་འགོ་ནུབ་ཕྱོགས་སུ་ཡོད་པ་དེ་རྒྱ་ཆེ་ཞིང་། མཚོ་མཇུག་ཤར་ཕྱོགས་སུ་ཡོད་པ་ནི་རྒྱ་ཆུང་བ་ཐུར་མའི་དབྱིབས་དང་འདྲ་བ་ཞིག་ཡིན། །

བོད་ཀྱི་མཚོ་ཆེན་བཞི།

མ་ཕམ་གཡུ་མཚོ།

མཚོ་མ་དྲོས་པ་སྟེ་ཡོངས་གྲགས་སུ་མཚོ་མ་ཕམ་ཞེས་འབོད་པ་དེ་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ཤར་དུ་སྤྱི་ལེ༣༥ཡི་སར་ཡོད་ཅིང་།  གཡུ་མཚོ་ཞེས་འབོད་དོན་ནི་མཚོའི་མདོག་ལ་བརྟེན་ནས་བཏགས་པ་ཡིན། མཚོ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༤༡༢ཡོད་ཅིང་མཚོ་ངོས་ཀྱི་མཐོ་ཚད་ལ་མཚོ་འཕགས་སྨི༤༥༨༨ཡོད། ཆ་སྙོམས་གཏིང་ཚད་ལ་སྨི༤༦དང་གཏིང་ཚད་ཟབ་ཤོས་ལ་སྨི༨༡.༨ཙམ་ཡོད། ༼མངོན་པ་མཛོད།༽ལས། དེ་ལས་འབབ་པའི་ཆུ་བོ་བཞི། ། གངྒཱ་དང་ནི་སིན་དྷུ་དང་། ། སི་ཏ་དང་ནི་པཀྵུའོ། ། ཞེས་གསུངས་པ་ལྟར་དེའི་ཕྱོགས་བཞི་ནས་ཆུ་བོ་ཆེན་པོ་བཞི་འབབ་པར་གྲགས་ལ། མཚོ་འདིའི་གཡས་འགྲམ་ན་འཛམ་བུ་ཏྲི་ཥའི་སྡོང་བོ་ཡོད་པར་གྲགས་པ་སོགས་ངོ་མཚར་ཤིན་ཏུ་ཆེ། །

བོད་ཀྱི་མཚོ་ཆེན་བཞི།

མཚོ་སྔོན་པོ།

མཚོ་ཆེན་ཁྲི་ཤོར་རྒྱལ་མོའམ་མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་ཁུལ་ཏེ་ཟི་ལིང་གྲོང་ཁྱེར་གྱི་ནུབ་བྱང་མཚམས་སུ་སྤྱི་ལེ༡༥༠ལྷག་གི་སར་ཡོད།  སོག་སྐད་དུ་ཁུ་ཁུ་ནོའར་དང་གནའ་དུས་རྒྱའི་ཡིག་ཚགས་ནང་ཞི་ཧའེ་ཞེས་བཀོད་འདུག།  མཚོ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༤༣༣༧.༤༨ཙམ་ཡོད་ཅིང་མཚོ་ངོས་ཀྱི་མཐོ་ཚད་ལ་མཚོ་འཕགས་སྨི༣༡༩༠ལྷག་ཡོད། གཏིང་ཚད་ཟབ་ཤོས་ལ་སྨི༣༢.༨ཙམ་ཡོད་དེ་མཚོ་འདི་ནི་རང་རྒྱལ་སྐམ་སའི་ཐོག་ཏུ་ཡོད་པའི་ཚྭ་མཚོ་ཆེ་ཤོས་ཤིག་ཡིན།  མཚོ་ནང་དུ་མཚོ་སྙིང་རི་དང་མཚོ་འགོའི་གླིང་ཕྲན། མཚོ་མཇུག་གི་མཚེར་པ་རི། འདྲེ་མོ་བྲག་དཀར།  འདབ་ཆགས་གླིང་བཅས་གླིང་ཕྲན་ལྔ་ཡོད་པ་དང་།  དེའི་ནང་ནས་མཚོ་སྙིང་རི་བོ་ནི་ཆེ་ཤོས་ཡིན། ། 

  • ལེ་ཚན་སྔོན་མ།:ཁམས་རྟའུ་སྨུག་རོང་ཡུལ་གྱི་རི་ཟོར་མཚོ།
  • ལེ་ཚན་རྗེས་མ།:གསེར་མཚོའི་མཛེས་ལྗོངས།