སྟག

    མཚོ་སྔོན་པོ་དྲ་བ།    2015-04-14

སྟག

 གཟུགས་གཞིའི་ཁྱད་ཆོས།
     སྟག་གི་གཟུགས་ཀྱི་རིང་ཚད་ལ་སྨིས1.6ནས་སྨིས2.9དང་། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ180ནས་སྤྱི་རྒྱ320།  རྔ་མའི་རིང་ཚད་ལ་སྨིས1བཅས་ཡོད། སྟག་གི་སྤུ་མདོག་དམར་སེར་ཡིན་ཞིང་ལུས་ཡོངས་སུ་ཐིག་ལེ་ནག་པོ་ཁྱབ་འདུག  ཐིག་ལེ་ནི་ཆ་བྱས་ནས་ཆབས་ཅིག་ཏུ་བསྟར་ཅིང་དཔྱི་མགོ་དང་སྒལ་གཞུང་དུ་ཐིག་ལེ་ནག་པོ་ཅུང་མང་། མ་མགལ་དང་མགྲིན་པ། དབོ། རྐང་ལག་བཞིའི་ནང་ངོས་བཅས་ཀྱི་སྤུ་མདོག་ནི་དཀར་བོའམ་སེར་སྐྱ་ཡིན། རྔ་རྩའི་སྤུ་མདོག་སེར་སྐྱ་ཡིན་པ་དང་རྔ་མའི་སྟེང་ན་ཚིགས་རིས་ནག་པོའི་ཐིག་ལེ་ཡོད།
ཁྱབ་ཡུལ།
     བོད་ལྗོངས་ལྷོ་ཕྱོགས་ཀྱི་རྫ་ཡུལ་དང་མོན་ཡུལ། ལྷོ་ཡུལ་སོགས་ཀྱི་ནགས་ཁྲོད་ན་གནས་འདུག བོད་ན་ཡོད་པའི་སྟག་ནི་སྤུ་མདོག་ཅུང་དམར་ཤོས་ཆེ་བའི་བྷང་ག་ལའི་སྟག་རྒྱུད་ཡིན། བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་སྟག་གི་གནས་ཚུལ་ཆེས་བཀོད་སྔ་བ་ནི་བློན་པོ་ཞིག་གིས་མོན་ཡུལ་ནས་སྟག་ཅིག་བསད་དེ་བཙན་པོ་གནམ་རི་སྲོང་བཙན་ལ་ཕུལ་ཅེས་པ་དེ་ཡིན།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     འཚོ་ཡུལ་གྱི་མཐོ་ཚད་ནི་མཚོ་ངོས་ལས་སྨིས2000ཡས་མས་ཡིན།  དུས་རྒྱུན་དུ་ནགས་ཚལ་སྟག་པོའམ་ཤིང་ཕྲན་དང་རྩྭ་རྫུབ་སྟག་ས་ན་འཚོ་སྡོད་བྱེད་བཞིན་ཡོད། སྟག་ནི་ཉིན་མོར་ཉལ་བ་དང་མཚན་མོར་ཁ་ཟས་འཚོལ་བའི་གཅན་གཟན་གྱི་རིགས་ཤིག་ཡིན། སྟག་ནི་ཚང་ལ་འགྲོ་བའི་དུས་ཚིགས་མ་གཏོགས་རང་རང་གི་ས་ན་ཁེར་རྐྱང་དུ་གནས་འདུག  སྟག་ལ་སྟག་ཚང་ངེས་གཏན་ཞིག་མེད་ནའང་ས་ཁོངས་ངེས་ཅན་རེ་བདག་གིར་བཟུང་ཡོད། ཁ་ཟས་གཙོ་བོ་ནི་ཕག་རྒོད་དང་ཤ་བ། གཙོད་སོགས་ཡིན་ལ། ལོ་རེའི་ཟླ11པ་ནས་ཕྱི་ལོའི་ཟླ2པའི་བར་ནི་ཚང་ལ་འགྲོ་བའི་དུས་ཚིགས་ཡིན་པ་དང་། མངལ་སྦྲུམ་ཡུན་ནི་ཉིན90ནས་ཉིན120ཡི་བར་ཡིན། དབྱར་མགོའམ་དཔྱིད་མཇུག་གི་དུས་སུ་ཕྲུ་གུ་བཙའ་བ་དང་།  བཙའ་ཐེངས་རེར་ཕྲུ་གུ1ནས4ཡི་བར་བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
      སྟག་ནི་འཛམ་གླིང་སྟེང་གི་གཅན་གཟན་ཡག་ཤོས་ཤིག་ཡིན་པར་མ་ཟད། སྐྱེ་ཁམས་ཟས་རིགས་ཕྲེང་ཐག་གི་ཐག་མགོར་གནས་པའི་གཅན་གཟན་ཞིག་ཀྱང་ཡིན། སྟག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བརྗོད་བྱ་གཙོ་བོ་ཞིག་ཡིན་ཏེ། དཔེར་ན། དཔའ་བོར་བསྟོད་ན་སྟག་དང་སྡར་མར་སྨད་ན་ཝ་མོ་དཔེ་རུ་འཇོག་པ་ལྟ་བུ་དང་། རླུང་རྟ་རུ“སྟག་སེང་ཁྱུང་འབྲུག་རླུང་རྟ་ཡར་ལ་རྒྱས”ཞེས་པར་མཚོན་ན་སྟག་ནི་རླུང་རྟ་སྡེ་བཞིའི་མགོ་ན་བཞག་ཡོད། ལོ་རྒྱུས་ཐོག་ནས་བཤད་ན་སྟག་ལྤགས་ནི་ཚོང་རྫས་རྩ་ཆེན་ཡིན་པ་དང་། སྟག་གི་རུས་པ་ནི་སྲོལ་རྒྱུན་གྱི་སྨན་སྣ་དཀོན་པོ་ཞིག་ཡིན། ད་ལྟ་སྟག་ནི་ཧ་ཅང་ཉུང་བས་འཛམ་གླིང་སྟེང་གི་ཤུལ་ཆད་ལ་ཉེ་བའི་གཅན་གཟན་དུ་གྱུར་ཡོད། སྟག་སྲུང་སྐྱོབ་བྱེད་པའི་ཆེད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྟག་གསོད་མི་ཆོག་པ་དང་། སྟག་གི་རུས་པ་སྨན་དུ་སྤྱོད་མི་ཆོག་པའི་བཀའ་ཡིག་བསྒྲགས་ཡོད།
ད་ཡོད་གནས་བབ།
     1991ལོའི་ཟླ4བར་བོད་ལྗོངས་རྫ་ཡུལ་ནས་སྟག་ཅིག་བསད་པ་དང་།  མེ་ཏོག་རྫོང་སོགས་ནས་སྟག་གིས་སྒོ་ཟོག་བསད་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་པར་གཞིགས་ན་བོད་ཡུལ་ནའང་སྟག་བཅུ་ཕྲག་འགའ་ཡོད་སྲིད། ད་ལྟ་སྟག་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོར་གྱུར་ཡོད།
     བོད་ཡུལ་ན་གནས་པའི་སྟག་ནི་བོད་ཁ་བ་ཅན་གྱི་རྒྱན་ཞིག་ཡིན་པས། ང་ཚོས་སྟག་ལྟ་བུའི་རི་སྐྱེས་སྲོག་ཆགས་རྩ་ཆེན་གནས་སའི་ནགས་ཀླུང་སོགས་འདོན་སྤེལ་མི་བྱེད་པར་འཆམ་མཐུན་ཡིན་པའི་རང་བྱུང་ཁོར་ཡུག་ཅིག་འཛུགས་སྐྲུན་བྱེད་པར་མི་རབས་ནས་མི་རབས་བར་དུ་འབད་པ་ལྷུར་ལེན་བྱེད་དགོས་སོ།།

  • ལེ་ཚན་སྔོན་མ།:དོམ།
  • ལེ་ཚན་རྗེས་མ།:འབྲོང་།
  • རྩོམ་གསར། 10