མདོ་སྨད་སའི་ཐིག་ལེ་དགེ་རྩེ་རྫ་ཆུ་ཁའི་དཔལ་དགེ་རྡོ་འབུམ་གྱི་བྱུང་བ་མདོ་ཙམ་གླེང་བ།

མུ་པོ།        2014-12-26

དེ་ཡང་བསིལ་ལྡན་གངས་རིའི་ཕྲེང་བ་ཚལ་དུ་དངར་བའི་ཡུལ་ལྗོངས་ནོར་འཛིན་སྒེག་མོའི་ཁྱོན་ཀུན་ཏུ་སྙན་པར་གྲགས་པའི་བ་དན་རླུང་ལྟར་གཡོ་བའི་དཔལ་དགེ་རྡོ་རིང་མའམ་དཔལ་དགེ་མ་ཎི་རྡོ་འབུམ་ཞེས་པའི་བྱུང་བ་མདོ་ཙམ་གླེང་བར་བྱ་བ་འདི་ལྟ་སྟེ།
    དང་པོ།  གནས་གང་དུ་བཞེངས་པའི་ཡུལ་བསྟན་པ།
བསིལ་ལྡན་གངས་རི་དཀྲིགས་པའི་ཡུལ་ལྗོངས་ཀྱི་བྱེ་བྲག་མདོ་ཁམས་སྒང་དྲུག་གི་ཡ་གྱལ་དངུལ་རྫ་ཟལ་མོ་སྒང་གི་ཆར་གཏོགས།དགེ་བཅུའི་དཔལ་གྱི་ཡོན་ཏན་དུ་མས་ཕྱུག་པའི་ལྷ་མིང་མི་ལ་ཆགས་པ་བྱང་རྒྱུད་རྫ་ཆུ་ཁ་ཞེས་དམ་པའི་སྐྱེས་བུ་དུ་མ་བརྒྱུད་མར་བྱོན་པའི་གནས་མཆོག  རྫ་ཀླུང་དལ་འབབ་རིང་མོའི་སྟོད་རྒྱུད།  ཤར་ན་ཉི་ཟླ་ཟུང་གི་སྒྲོན་མེ་དང་།  ལྷོ་ན་ཙན་དན་ནགས་ཀྱི་བདུག་སྤོས་དང་། ནུབ་ན་གངས་དཀར་ཤེལ་གྱི་ལྷ་བཤོས།བྱང་ན་རྫ་ཆབ་སིལ་མའི་ཡོན་ཆབ་བཅས་ཀྱིས་ལེགས་པར་བརྒྱན་པའི་ས་དཔྱད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་ཡུལ་ལྗོངས་དེར།སྔོན་དུས་རྨོག་གྲུབ་ནམ་མཁའ་ཆོས་དབང་རྫ་སྟོད་མ་མོའི་ཐང་དུ་ཕེབས་སྐབས་སུ་ཕྱོགས་འདིར་འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་བའི་སྐྱེས་བུ་ཞིག་གིས་དམ་ཆོས་ཡི་གེ་དྲུག་མའི་རྡོ་འབུམ་ངོ་མཚར་ཅན་བཞེངས་པར་འགྱུར་ཞེས་ལུང་བསྟན་པའི་གནས་མཆོག་དེ་ནི་ད་ལྟ་རྫ་སེར་ཤུལ་རྫོང་གི་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ལེ་དབར་ལྔ་བཅུ་ལྷག་གི་སར།སྔ་འགྱུར་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པའི་མངའ་བདག་དགེ་མང་རི་ཁྲོད་ལྷུན་གྲུབ་བདེ་ཆེན་གླིང་བཤད་སྒྲུབ་ནོར་བུའི་དགའ་ཚལ་གྱི་གཡོན་ཟུར་རྫ་མ་མོ་ཐང་ཞེས་གྲགས་པ་དེ་ནི་རྡོ་འབུམ་གང་དུ་བཞེངས་པའི་གནས་ཡིན་ནོ། །
གཉིས་པ།  སྐྱེས་བུ་དམ་པ་གང་གིས་བཞེངས་དང་དུས་ནམ་ཙམ་དུ་བཞེངས་པའི་ཚུལ་བསྟན་པ།
དེ་ཡང་བོད་རབ་བྱུང་བཅུ་གཉིས་ཀྱི་ནང་ཚན་མྱོས་ལྡན་ཞེས་པ་ས་མོ་ཡོས་ཀྱི་ལོའི་ཉག་མ་བཅུ་གསུམ་པ་སྟེ་སྤྱི་ལོ༡༦༩༩ལོར།བྱང་ཕྱོགས་ཟླ་ཀླུང་གི་འགྲམ་རྒྱུད་དུ་གུར་དཀར་པོ་བདག་པོ་ཨོ་རོང་ཚོ་བ་བཞི་བཅུའི་ནང་ལས་གྱེས་པ་རྒྱལ་པོ་ཀུན་དགའ་དའི་ཆིངས་དང་།ནོར་ཆི་ཐའི་ཇི་ལ་སོགས་པའི་སྲས་ཀྱི་བདག་གཉེར་འཚོ་བ་ཡུལ་སྐད་དུ་དར་ཁན་ཨུར་ལུག་ཏུ་གྲགས་པའི་རིགས་སུ་སྒྱུ་འཕྱུག་སྐྱེ་བ་སྤྲུལ་པའི་སྐུར་བཞེངས་ཏེ། སྨིན་གླིང་ནས་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་། རྡོར་བྲག་ནས་པདྨ་བསྟན་འཛིན་ཐེག་མཆོག་རྒྱ་མཚོའི་སྡེ་ཞེས་མཚན་གྱི་ཅོད་པན་དང་བཅས་ཐེ་ཚོམ་གྱི་དྲ་བ་རྣམ་པར་བསལ་བར་མཛད་དེ། སྔ་འགྱུར་བསྟན་པའི་འབྱུང་གནས་མདོ་ཁམས་རྫོགས་ཆེན་གྱི་གདན་ས་ཆེན་པོར་སེང་གི་ཟུང་གིས་བཏེགས་པའི་གསེར་ཁྲི་མཐོན་པོར་མངའ་གསོལ་བའི་རྫོགས་སྤྲུལ་སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ཞེས་མཚན་སྙན་གྱི་བ་དན་དཀར་པོ་གདུགས་ལྟར་གཡོ་བ་དེ་དང་མཉམ་དུ་བྱང་ཕྱོགས་སོག་ཡུལ་ནས་བྱོན་པའི་སྐྱེས་མཆོག་དམ་པ་དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས་ཞེས་པ་གང་ཉིད་ཀྱིས་བོད་རབ་བྱུང་བཅུ་གཉིས་པའི་མཇུག་དང་དུས་རབས་བཅོ་བརྒྱད་པའི་མགོ་ཙམ་དུ་རྡོ་མཁར་ཆོས་ཀྱི་ཕུང་པོ་འདི་ཉིད་ཐོག་མར་གསར་བཞེངས་མཛད་པ་ཞིག་ཡིན་ལ། དེ་ལ་ཁོང་གི་མཚན་ལ་དཔལ་དགེ་བླ་མ་ཐོགས་ཚུལ་ཁོང་སྦྱིན་བདག་དཔལ་དགེ་ཚང་གི་རྩར་ཡུན་རིང་བཞུགས་པས་ཁོང་གི་མཚན་ལ་དཔལ་དགེ་བླ་མའམ་དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས་ཞེས་བྱ་ལ། །དེ་ལ་ཁོ་ནི་འཕགས་པ་འཇམ་དཔལ་ལ་ཐུགས་དམ་གྱི་ལྷར་མཛད་ཅིང་།མཚན་བརྗོད་འབུམ་ཕྲག་ལྷག་ཞལ་འདོན་མཛད་པ་དེ་ཉིད་ཀྱིས་དུང་ཆུ་བར་མ་ཞེས་པར་དགོན་པ་ཞིག་བཏབ་སྟེ་བཞུགས་པར་དཔལ་དགེ་བླ་བྲང་ཞེས་གྲགས་པ་དང་།བར་སྐབས་ཤིག་ཁོང་ཁྲོམ་ཟ་གོང་མའི་ནང་དུ་བྱོན་སྐབས་ཆིབས་དྲེལ་རྫ་མ་མོའི་མདོར་ཉལ་ནས་དེར་ཅུང་ཟད་ཅིག་བཞུགས་པའི་གཟིགས་སྣང་དུ་མ་ཎིའི་རང་སྒྲ་སྒྲོགས་ཤིང་།དེ་ནས་ཡར་ཅུང་ཙམ་ཕྱིན་སྐབས་མི་གཅིག་དང་འཕྲད་ནས་མི་དེས་མ་ཎི་འབུར་མ་གཅིག་ཁྱེར་ནས་ཁྱེད་ཀྱིས་བླུའམ་ཞུས་པར། བླ་མས་ཁྱེད་ཀྱི་མིང་ལ་ཅི་ཟེར་བ་ཡིན་དྲིས་སྐབས། ཁོང་གི་མིང་ལ་རྡོ་རྐོ་མ་ཎི་ཚེ་རིང་ཟེར་བ་ཡིན་ཞུས།བླ་མ་ལ་ཧོར་པ་བཀྲ་ཤིས་ཕུལ་བའི་དྲེལ་དཀར་པོ་ཞིག་ཡོད་པ་དེ་གནང་ནས།དེར་ལེགས་པའི་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་བླ་ན་ལྷག་པར་གྱུར་ནས་རྡོ་མཁར་ཆོས་ཀྱི་ཕུང་པོ་འདིའི་གཞི་བཏིངས་ནས་བསྟན་འགྲོའི་སྤྱི་དཔལ།ལྷ་དང་བཅས་པའི་མཆོད་སྡོང་།སའི་བཅུད་ཆེན།སྐྱེ་འགྲོའི་གཡང་འཕེལ་དུ་ལེགས་པར་བཞེངས་གྲུབ་སྟེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་གདུང་རྟེན་དེར་བཞེངས་པ་དེ་ནི་དཔལ་དགེ་མ་ཎིའི་དཀྱིལ་གྱི་མཆོད་རྟེན་དཀར་རིལ་མར་གྲགས་པ་དེ་ཡིན་ནོ། །
གསུམ་པ།  རྡོ་མཁར་ཆོས་ཀྱི་ཕུང་པོ་དེ་ཉིད་འཕེལ་རིམ་ཇི་ལྟར་བྱུང་ཚུལ་བསྟན་པ།
དེ་ནས་བོད་རབ་བྱུང་བཅུ་གསུམ་པའི་ས་མོ་ཡོས་ཀྱི་ལོ་སྟེ་སྤྱི་ལོ་༡༩༥༩ལོར་འཁྲུངས་པའི་རྫོགས་སྤྲུལ་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོས་རྒྱ་སྡེའི་ནང་ར་ལོ་ཟེར་བའི་སར་ཁམས་པ་བླ་མ་ངོ་མཚར་ཅན་སྐུ་འཁྲུངས་ནས་དཔལ་དགེ་བླ་བསམ་གཏན་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་གནང་སྟེ།ཁོང་གིས་ཀྱང་རྡོ་འབུམ་རིན་པོ་ཆེ་བདག་གིར་བཞེས་ཤིང་གོང་འཕེལ་མཛད་དེ་འགྲོ་དོན་རྒྱ་ཆེར་མཛད་ཅིང་།དགུང་ལོ་ཉེར་ལྔའི་དུས་ལྷ་ལྡན་དུ་བྱོན་ནས་བྲག་དམར་ས་ལེ་རྒོད་ཚང་གི་ཉེ་འདབས་སུ་སྐུ་གཤེགས་ཏེ།དེར་སྐུ་གདུང་ཞུགས་ལ་སྦྱར་སྐབས་དགུན་ཁར་ཡིན་ཡང་མེ་ཏོག་དུ་མ་འཁྲུངས་པས།དེ་ལ་བོད་པ་རྣམས་ཀྱིས་ཁམས་པའི་བླ་མ་འདས་ཤུལ་རེད་ཅེས་གླེང་ནས་མཆོད་རྟེན་ཞིག་བརྩིགས་པར་མཛད་པ་གྲགས་པ་དེ་ཡིན་ནོ། །
དེའི་ཡང་སྲིད་ནི་བོད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་ཆོས་རྒྱལ་སྡེ་དགེའི་ཆབ་འོག་རོང་འབྲོག་གཉིས་སུ་ཡོད་པ་ལས། ལྷ་མིང་མི་ལ་ཆགས་པ་བྱང་སྡེ་རྫ་ཆུ་ཁ་པའི་ནང་ཚན་རྫ་སྟོད་ཀྱི་སའི་ཆར་བདེ་སྐྱིད་ཆོས་ཀྱི་ཡུལ་གྲུ་དཀར་ཆུང་སྒོ་མོ་འཁོར་ལུ་ཞེས་པར་ཡབ་རྒྱལ་ཐོག་ལྷ་དབང་དང་། ཡུམ་ཁྲོམ་བཟའ་སྒྲོལ་མ་ཟེར་བའི་སྲས་སུ་བོད་རབ་བྱུང་བཅུ་བཞི་པའི་གསར་ཚེས་ཀྱི་རབ་ཡིད་རྣམ་འབྱུང་ཞེས་པ་ས་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ༡༨༠༨ལོ་སྐྱེ་བའི་མྱུ་གུ་གསར་དུ་འཁྲུངས་ནས། རྡོ་བླ་འཇིགས་མེད་སྐལ་དང་། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་བཅས་ཀྱིས་དཔལ་དགེ་བླ་མའི་ཡང་སྲིད་དུ་ངོས་འཛིན་མཛད་དེ།ཀློང་ཆེན་སྙིང་ཐིག་གི་བསྟན་པ་ཡོངས་རྫོགས་གཏད་ཅིང་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་གསོལ།ལུགས་གཉིས་གང་ལའང་འགྲན་ཟླ་དང་བྲལ་ཏེ་ཆུང་དུས་ནས་ཐེག་ཆེན་རིགས་སད།སྐྱེས་ཐོབ་ཀྱི་མཁྱེན་པ་ཕུལ་དུ་བྱུང་། ལྷག་པའི་ལྷས་བྱིན་གྱིས་བརླབས། རྡོ་བླ་འཇིགས་མེད་སྐལ་བཟང་། འཇིགས་མེད་ངོ་མཚར།གཞན་ཕན་མཐའ་ཡས་སོགས་ཡོངས་འཛིན་དུ་མ་བསྟེན་ནས། མཁྱེན་རྟོགས་ཟླ་བ་ཡར་ངོ་ལྟར་གོང་འཕེལ་དུ་གྱུར། ཁྱད་པར་འཇིགས་མེད་རྒྱལ་བའི་མྱུ་གུ་རིགས་ཀྱི་བདག་པོར་བསྙེན་ནས་ཐོས་བསམ་སྙོམ་པའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་སོན་ཏེ།རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཆད་རྩོད་རྩོམ་གསུམ་གྱིས་ཉིན་མོར་བྱེད་དེ།ས་གསུམ་ན་འགྲན་ཟླ་དང་བྲལ་བའི་ས་དགེ་བཀའ་རྙིང་གི་བསྟན་པ་རིས་མེད་ཀྱི་གཙུག་རྒྱན་དུ་གྱུར་ནས།དགོན་སྡེ་མང་པོ་ཕྱག་ཕེབས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་བཤད་པ་གནང་བ་མ་ཟད་དགུང་ལོ་སུམ་ཅུའི་ནང་ནས་སྐུ་ཐོག་གོང་མས་བཞེངས་པའི་རྡོ་འབུམ་ཆེན་མོའི་དེར་ཁ་གསོ་མཛད་པར་དགོངས་ནས་ལོ་བཞི་ལྔ་ཙམ་དུ་མཆོག་དམན་སུས་དད་འབུལ་ཆེ་ཕྲ་གང་བྱུང་ཐམས་ཅད་སྔར་དུས་དང་མི་འདྲ་བ་བརྩེ་བཞེས་མཛད་དེ།  རྡོ་རྐོ་བཟང་ལ་མང་བ་དུ་མ་བསགས་ནས་སྔོན་གྱི་རྡོ་འབུམ་ལས་ཀྱང་རྒྱ་ཆེ་ཞིང་དཔངས་མཐོ་བས་ཁ་གསོ་གནང་ཞིང་བརྐོས་འབུར་ཐམས་ཅད་རྩིས་ལེན་ཞིབ་གཟིགས་ནན་ཏན་དུ་མཛད་པས་ཤིན་ཏུ་འབྱོན་གཙང་སྤུས་ལེགས་མཐའ་རྒྱས་སུ་གྲུབ། བཀའ་ལས་རྟེན་བཞེངས་འདི་སེམས་ཅན་མང་པོ་ལ་ཕན་ཆེ་བར་འདུག་ཀྱང་ས་འབུམ་དང་ས་སྐུ་སོགས་ནི་ཆར་ཆུས་འཇིག  ཟངས་གསེར་སོགས་ལས་བྱས་ན་ནི་བདག་པོ་ངན་ན་ཆོམ་རྐུན་ཡང་སྡང་།ལོགས་རིས་དང་ཐང་ག་ཡང་རྐྱེན་ཁྱག་ཆུང་།གཙུག་ལག་ཁང་བཞེངས་ན་ནི་ཐིགས་ཚག་སོགས་གཉེར་ཅན་ལེགས་པོ་བྱེད་པའི་དཀོན་གཉེར།དེའི་ཟས་གོས་སྒྲུབ་རྟེན་སོགས་འབད་རྩོལ་བརྒྱ་ཕྲག་དགོས་ཤིང་།དེ་བྱས་ཀྱང་དཀོན་གཉེར་བཟང་པོ་ཡང་བརྒྱུད་མར་རྙེད་དཀའ། གསུང་རྟེན་གླེགས་བམ་ཡང་འཐོར་བརླག་ཆུད་ཟོས་སུ་འགྲོ་སླ་ཞིང་། སྤར་བརྐོ་དུས་སྤར་ཡིག་ལ་ཞུ་དག་ལན་དགུ་རེ་བྱས་ཀྱ་ངད་དུང་མི་དག་པ་མང་དུ་སྣང་ཟེར་གྱིན་འདུག་པས་ཆད་ལྷག་འཁྲུལ་གསུམ་གྱིས་མ་གོས་པ་དཀའ་ཚོད་རེད། རྡོ་འབུམ་འདི་ནི་བཞེངས་ཚར་ནས་དབྱར་དུས་ཐིགས་ཚག་དང་།དགུན་དུས་ཁ་ཕྱགས་སྤྲུགས།ཕུག་རོན་དང་བྱི་བ་བསྲུང་བའི་དཀོན་གཉེར་བསྐོ་འཇགས་སོགས་གང་ཡང་མི་དགོས། ཡིག་འབྲུ་དྲུག་པོ་དེ་མ་ནོར་ཕན་ཆད་ཞུ་དག་བྱ་མི་དགོས་ཤིང་། དེ་རྡོ་བརྐོས་མི་ནག་པ་རྣམས་ཀྱི་བློ་ལའང་ཡོད་པས་དཔེ་གཞན་ལ་མི་ལྟོས། མ་ཎི་འདི་སངས་རྒྱས་ཉིད་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནང་བཅུད་ཡིག་འབྲུ་དྲུག་དུ་བསྡུས་ནས་བྱིན་གྱིས་བརླབས་པ་ཡིན་པས།རྟེན་བཞེངས་གཞན་མང་པོ་ཡིན་ཡལ་ག་ལ་འཇུས་པ་དང་ངས་འདི་ནི་ལྗོན་ཤིང་གི་རྩ་བའི་གནད་ནས་བཟུང་བ་དང་འདྲ།ལུང་པ་དམག་གིས་ཁེང་ཡང་འདི་ལ་ཆོམ་རྐུན་ཡོང་དོགས་མི་དགོས་པས་མི་རབས་མང་པོའི་མཐར་ཡང་གནས་ཆོག་ཅེས་གསུངས་པ་ལྟར།རྡོ་འབུམ་འདི་ནི་ཕྱི་རབས་ནས་ཕྱི་རབས་སུ་མཐོང་ཐོས་དྲན་རེག་གི་འགྲོ་བ་གྲངས་མེད་པའི་དོན་དུ་རྗེ་ཉིད་ཀྱི་ཞལ་ཚབ་ཏུ་བྱིན་གྱིས་བརླབས་པ་ཡིན་པར་སྣང་ངོ་། ། དེ་ལྟར་རྡོ་མཁར་ཆོས་ཀྱི་ཕུང་པོ་དེ་ཉིད་མཐར་རྒྱས་སུ་ལེགས་པར་གྲུབ་ནས་རྫོགས་ཆེན་མཆོག་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། སྐུ་ཞབས་དགེ་མང་མཆོག་སྤྲུལ། མཁན་ཆེན་པདྨ་བཛྲ་དང་།མཁན་ཆེན་དཀོན་མཆོག་འོད་ཟེར་སོགས་གྲྭ་སྟོང་ཕྲག་ལྷག་ལ་རྫ་མ་མོའི་ཁྲ་མ་ལུང་དུ་གསང་བ་སྙིང་པོའི་རྒྱུད་བཤད་གནང་ནས་ཕྱིར་བྱོན་སྐབས།རྡོ་འབུམ་ལ་རབ་དུ་གནས་པའི་ཆོ་ག་ཚད་དང་ལྡན་པའི་སྒོ་ནས་རྟེན་བཞུགས་ཀྱི་མེ་ཏོག་ཉིན་ཞག་གཉིས་སུ་འཐོར་བར་མཛད་ཅིང་།དགུང་ལོ་བརྒྱད་ཅུ་པར་རབ་ཚེས་ཐམས་ཅད་འདུལ་ཞེས་པ་མེ་མོ་ཕག་གི་ལོའི་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ཉིན།ཀ་དག་གདོད་མའི་གཞི་དབྱིངས་ནས་གསལ་བདེ་བ་ཆེན་པོར་རེ་ཞིག་སྙོམས་པར་ཞུགས་ནས། དགེ་མང་དབོན་པོ་ཡོན་ཏན་བསྟན་འཛིན་ནོར་དང་། མུ་ར་པདྨ་བདེ་ཆེན་བཟང་པོ་རྣམ་གཉིས་ཀྱིས་ཕྱོགས་རེར་འདོམ་ལྔ་རེ་ཡོད་པའི་ཁང་བརྩེགས་མཆོད་རྟེན་ཚད་ལྡན་བཞེངས་ཏེ་ཆོ་ག་རྣམ་པར་དག་པས་གཟུགས་འབུལ་ཕྱག་ལེན་མ་འཁྲུལ་བར་གཏམ་ཞིང་འབྲེལ་ཚད་དོན་ལྡན་གྱི་གདུང་རྟེན་སྦྱོར་དངོས་རྗེས་གསུམ་འཁྲུལ་མེད་ལེགས་པར་གྲུབ་པ་ཡིན་ནོ། །
དེ་ནས་སླར་ཡང་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་གདུལ་བྱ་གང་འདུལ་གྱི་རྣམ་རོལ་དུ་སྤྲུལ་བའི་སྐུ་འབྱུང་བ་ནི་ཆོས་ཉིད་ཅིག་ཡིན་གཤིས། གདོལ་བ་དྲང་སྲོང་གི་གཏམ་ལས། ཚེས་ཀྱི་དབང་གིས་ཟླ་བ་གཅིག །ཡང་ཡང་ཆེ་ཆུང་སྣ་ཚོགས་འཆར། ། གདུལ་བྱའི་དབང་གི་བླ་མ་གཅིག ། ཡང་ཡང་རྣམ་རོལ་དུ་མ་སྣང་། ། ཆུ་སྣོད་དབང་གིས་ཟླ་བ་གཅིག ། དུས་གཅིག་ཟླ་གཟུགས་དུ་མ་སྣང་། ། འགྲོ་བློའི་དབང་གིས་བླ་མ་གཅིག། དུས་མཉམ་བླ་མ་དུ་མ་སྣང་། ། ཞེས་གསུངས་པ་ལྟར། ཀུན་བཟང་བདེ་ཆེན་རྡོ་རྗེའི་སྲས་འཇིགས་མེད་དབང་པོ། སྒེས་ལི་གཏེར་སྟོན་སྲས་ནམ་མཁའ་འཇིགས་མེད། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། བྱི་རུས་དཔལ་སྤྲུལ། ཨ་མདོ་དཔལ་སྤྲུལ། མཁན་རིན་པོ་ཆེ་ཐུབ་བསྟན་ཆོས་འཕེལ་གང་ཤར་ཆོས་ཉིད་རྡོ་རྗེ་སོགས་གདུལ་བྱའི་ཁམས་མོས་དང་མཐུན་པའི་མཆོག་གི་སྤྲུལ་པའི་སྐུ་དུ་མ་ཞིག་བྱོན་པ་ལས་རྡོ་མཁར་ཆོས་ཀྱི་ཕུང་པོ་འདི་ཉིད་བདག་གིར་མཛད་པ་པོ་ནི། གང་ཤར་ཆོས་ཉིད་རྡོ་རྗེ་ཡིན་ལ། ཁོང་མདོ་སྨད་ཝ་ཤུལ་གསེར་རྟ་ནས་བརྐྱངས་ཕྱག་འཚལ་ཏེ་ལྷ་ལྡན་བྱོན་ནས་ཕྱིར་ལམ་འདིར་བྱོན་སྐབས་རྟེན་འབྲེལ་གྱི་ཡོན་ཏན་དུ་མ་གཟིགས་ནས་སྡེ་འབངས་ཡོན་བདག་དད་པ་ཅན་རྣམས་ཀྱིས་དད་འབུལ་སོགས་ལ་བརྟེན་ཏེ། རྒྱལ་བའི་བཀའ་འགྱུརརིན་པོ་ཆེ་ཚར་གཅིག་དང་མ་ཎི་གཟུངས་སྔགས་དང་མདོ་སྡེ་ཆེ་ཕྲ་དུ་མ་རྡོ་ལ་བརྐོས་བར་མ་ཟད། མཆོད་རྟེན་ཆ་བརྒྱད་བཅས་བཞེངས་ཤིང་། ཕྱོགས་ཀྱི་ཐ་གྲུ་ཡངས་པའི་ཁྱོན་ཀུན་ནས་སྦྱིན་བདག་དད་པ་ཅན་དང་། དགོན་ཁག་མང་བོའི་གྲྭ་བ་ཁྲི་ཕྲག་དུ་མ་གདན་དྲངས་ནས་ལྷག་པར་གནས་པའི་ཆོ་གའི་སྒོ་ནས་རབ་དུ་གནས་པའི་མེ་ཏོག་སིལ་མ་ཁྱོན་ཀུན་ཏུ་འཐོར་བར་མཛད་པ་ཡིན་ནོ། ། ལར་ཁོང་གིས་བསྡུ་བ་རྣམ་བཞིའི་མཛད་པའི་ཟང་ཟིང་གི་དངོས་པོ་གཏོང་ཕོད་ཆེ་ཞིང་སྙན་པར་སྨྲ་བའི་གསུང་གིས་ཀུན་ཡིད་འཕྲོད་ཅིང་། དོན་མཐུན་མཛད་པ་གང་འདོད་ཀྱི་རེ་བ་སྐོང་ཐུབ་པས། མཐར་ཐུག་བྱང་ཆེན་གཏན་བདེ་ལ་གཞོལ་བའི་ཐབས་ལ་བརྩོན་ཏེ་གསུང་མཆོག་ཡི་གེ་དྲུག་མའི་ཆོས་སྦྱིན་གནང་ནས་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་བསམ་གྱིས་མི་ཁྱབ་པའི་མཛད་པ་མཐར་ཕྱིན་ཏེ་དགོངས་པ་ཞི་དབྱིངས་སུ་གཞོལ་བ་ཡིན་ནོ། །   
   དེ་ལྟ་ནའང་སྙིགས་མའི་རང་རྟགས། དུས་ཀྱི་འགྱུར་བ། སྐྱེ་དགུའི་བསོད་ནམས་དམན་པ་སོགས་ཀྱིས་རྐྱེན་ལས།དུས་ནམ་ཡང་རྒྱལ་བའི་བསྟན་པ།སྣོད་བཅུད་སྐྱེ་འགྲོའི་བདེ་སྡུག་དར་རྒུད་སྣ་ཚོགས་འབྱུང་བ་ནི་འདུས་བྱས་མི་རྟག་པའི་རང་བཞིན་ཡིན་པས།ལོ་རྒྱུས་ཀྱི་བར་སྐབས་ཀྱི་དུར་རབས་འདིར་ཡང་འཕེལ་འགྲིབ་ཅི་རིགས་བྱུང་བ་ཡིན་ཏེ།རྩྭ་མཛོད་ར་བར་གདན་ཞུ་བྱས་ནས་ཞིག་རལ་དུ་གྱུར་པ་དེ་ལ་སོགས་པ་བསྟན་པའི་དར་རྒུད་རེས་སུ་བྱུང་ན།སྐབས་དེ་དང་བསྟུན་པའི་བསྟན་འཛིན་གྱི་སྐྱེས་བུ་དུ་མ་ཞིག་བསམ་བཞིན་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་བསྟན་པ་སླར་གསོ་མཛད་པ་ཡང་ཆོས་ཉིད་དུ་ཡིན་གཤིས།གྲུབ་མཐའ་རིས་མེད་ཀྱི་བསྟན་པ་ཐམས་ཅད་སླར་ཡང་གསོ་བའི་སྐབས་སུ་བབ་པ་ན་རྡོ་མཁར་འདི་ཡི་ལོ་རྒྱུས་ཕན་ཡོན་གངས་ལྗོང་ས་འདིར་འགྲན་ཟླ་དང་བྲལ་བར་གཟིགས་ནས་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་རྒྱལ་མཚན་རབ་ཡངས་ནི།སྐུ་ན་ཆུང་ངུའི་དུས་ནས་ཐེག་ཆེན་གྱི་རིགས་ལ་མོས་པ་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་ཡོངས་སུ་གང་ཞིང་། སྟོང་པ་ཉིད་ལ་རང་བྱན་ཆུད་པའི་སྐྱེས་བུ་དམ་པ་གང་ཉིད་ཀྱིས་རྡོ་མཁར་ཆོས་ཀྱི་ཕུང་པོ་འདི་ཉིད་བདག་གིར་མཛད་དེ། ཁོང་གིས་སྒོར་ཁྲི་བཅུ་གཅིག་དང་། རྟ་ནོར་གོས་ཆེན་ཝ་ཕྲུག་སོགས་སྡོམ་པས་ཁྲི་བཅུ་བདུན་གྱི་རྒྱུ་རྩ་བཞག་སྟེ་རྡོ་འབུམ་སྨིས་དགུ་བརྒྱ་ཞིག་གསོ་གནང་སྟེ་འབྲེལ་ཚད་དོན་ལྡན་གྱི་ཕྱག་བཞེས་བླ་ན་མེད་པར་མཛད་པ་དང་།གཞན་ཡང་སྔོན་ཞིག་རལ་དུ་གྱུར་པའི་མཆོད་རྟེན་གཉིས་བླ་མ་ཚེ་བྷོ་དང་།དཔལ་སྤྲུལ་གདུང་རྟེན་ཁང་བརྩེགས་མཆོད་རྟེན་གཅོད་པ་ཀུན་ཆོས་གཉིས་ཀྱིས་ཞིག་གསོ་དང་།བླ་མ་འཇིགས་སྤྲུལ་དང་ཁྲོམ་ཟའི་བླ་སྐྱབས་མཆོག་སྤྲུལ་ལེགས་བཤད་བཅས་ཀྱི་མཆོད་རྟེན་དུ་མ་གསར་བཞེངས་གནང་སྟེ།རིང་བསྲེས་རྣམ་བཞི་དང་།རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བཅས་ནང་རྟེན་ཁྱད་འཕགས་གཟུངས་སྒྲུབ་གཟུངས་འབུམ་ཚད་ལྡན་མཛད།དེ་ལས་བོད་ཀྱི་རྗེ་འབངས་ཉེར་ལྔའི་ནང་ཚན་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་སྤྲུལ་བླ་མ་ཀུན་དགའ་ཡང་སྔོན་སྨོན་ཐུགས་བསྐྱེད་དུས་སུ་སྨིན་ནས་རྡོ་འབུམ་རིན་པོ་ཆེས་བདག་གིས་མཛད་པའི་སྐབས་སུ་བབས་ཏེ།མཆོག་སྤྲུལ་རྒྱལ་མཚན་རབ་ཡངས་དང་བཀའ་བགྲོས་ཐུགས་བསྟུན་བྱས་ཏེ་མདུན་རྒྱབ་གཉིས་སུ་སྐུ་ཁང་དང་དབུ་ཁང་ཡོད་པ་དང་།སྐུ་ཁང་དུ་ཞི་ཁྲོ་དམ་པ་རིགས་བརྒྱའི་གཙོས་སྐུ་འདྲ་ཅི་འགྲུབ་དང་།སྔོན་གང་ཤར་ཆོས་ཉིད་རྡོ་རྗེས་བཞེངས་པའི་མཆོད་རྟེན་ཆ་བརྒྱད་ཀྱི་ས་མལ་དུ་དེ་ལས་ཆེ་བའི་མཆོད་རྟེན་གཙུག་ཏོར་དྲི་མེད་དང་།འོད་ཟེར་དྲི་མེད་གཉིས་ཀྱི་དགོངས་དོན་མན་ངག་གི་ལུགས་བཞིན་ཐིག་ཚོན་དཀྱིལ་འཁོར་གཟུགས་སྔགས་ཚྭ་ཚྭ་མཆོད་པ་རྫས་ལྡན་སྨིན་ལུགས་ཀྱི་ཆོ་ག་རྣམ་པར་དག་པ་ལ་བརྟེན་ནས་ཁྲིམས་ལྡན་བཙུན་པ་རྣམས་ཀྱིས་གཟུངས་སྒྲུབ་དང་གཟུངས་འབུལ་ཆད་ལྷག་དང་ནོར་འཁྲུལ་མེད་པར་དེ་བཞིན་གཤེགས་པའི་རིང་བསྲེལ་གྱིས་མཚོན་རིང་བསྲེལ་རྣམ་བཞིའི་ཕྱུར་བུར་བཀང་ཞིང་སངས་རྒྱས་བྱང་སེམས་ཀྱི་སྐུ་ཁྲུ་ཚད་རེ་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་རེ་བཞུགས་སུ་གསོ། གདོང་མཆོག་ཏུ་མི་ཚད་ཙམ་ཡོད་པའི་སྨན་འཇིམ་ལས་གྲུབ་པའི་འགྲོ་འདུལ་ཕྱག་བཞི་པ། གུ་རུ་སྣང་སྲིད་ཟིལ་གནོན། བདག་ཉིད་ཆེན་པོ་ཙོང་ཁ་པ་བཅས་གསར་བཞེངས་གནང་སྟེ་མཛད་པ་མཐར་རྒྱས་སུ་གྲུབ་པ་ཡིན་ནོ།།
དེ་ལྟར་སྐྱེས་ཆེན་དམ་པ་དེ་དག་གིས་སྔ་གཞུག་རྣམས་སུ་བཞེངས་པའི་མ་ཎིའི་ཇོ་དར་དང་།འཁོར་ལོ།རྡོ་འབུམ་བཅས་ཀྱི་རིང་ཚད་སྨིས་ཆིག་སྟོང་བཞི་བརྒྱ་ཡོད་པས།འདི་ལྟ་བུའི་རྡོ་མཁར་ཆོས་ཀྱི་ཕུང་པོ་ནི་འཛམ་གླིང་ནའང་མཐོང་དཀའ་བ་དང་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ཡིན་ནོ། །དེ་ལྟར་སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་ལྷག་བསམ་རྣམ་དཀར་གྱི་ཤིང་རྟ་བདུན་གྱིས་ཉེ་བར་དྲངས་ནས་བོད་གངས་ཅན་གྱི་ལྗོངས་སུ་དམ་ཆོས་ཀྱི་འོད་སྟོང་ཕྱོགས་ཀུན་ཏུ་སྤེལ་ཏེ།འགྲོ་ཁམས་རྨོངས་མུན་གྱི་གོ་སྐབས་རིང་དུ་དོར་ཞིང་།བསྟན་པ་དང་སེམས་ཅན་ལ་ཕན་པའི་དོན་རྒྱ་ཆེར་བསྒྲུབ་པ་མ་ཟད།བོད་གངས་ཅན་པའི་སྔོན་བྱོན་གྱི་སྐྱེས་བུ་དམ་པ་དེ་དག་གི་བསམ་པ་དང་སྤོབས་པ་རྒྱ་ཆེ་བའི་རྣམ་པ་ཞིག་ཀྱང་རིག་དངོས་འདིས་མཚོན་ཐུབ་པས།དེ་ལུགས་གངས་ལྗོངས་ཀྱི་ན་གཞོན་ཚོས་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱི་སྤོབས་པ་དང་།བརྩོན་པ་ལ་བསམས་ནས་མ་འོངས་པར་བོད་གངས་ཅན་པའི་འཛུགས་སྐྲུལ་བརྩོན་པར་འཚལ། །
  • ལེ་ཚན་སྔོན་མ།:བོད་ཁང་གི་ཤིང་རྩེག་བཅུ་གསུམ།
  • ལེ་ཚན་རྗེས་མ།:འདན་མའི་དྲན་གསོ་ཁང་།