རྟའུ་བང་ཁང་སྐོར་གྱི་མྱུལ་དཔྱད་ཐོར་བུ།

དབྱངས་ཅན་དང་ཀུན་དགས་བསྒྱུར།        2020-04-24

རྟའུ་བང་ཁང་སྐོར་གྱི་མྱུལ་དཔྱད་ཐོར་བུ།

    ཉེ་ཆར། གསར་འགོད་པ་རྟའུ་རྫོང་དུ་སོང་ནས“བཟོ་རྒྱུན་ཆད་པའི་རྟའུ་བང་ཁང”ཞེས་ཟེར་སྲོལ་ཡོད་པ་དེའི་སྐོར་ལ་བཅར་འདྲི་བྱས་ཏེ“བོད་རིགས་དམངས་སྲོལ་སྒྱུ་རྩལ་གྱི་ཆོལ་ཁའི”ཐུན་མོང་མ་ཡིན་པའི་བརྗིད་ཉམས་ལ་ཡུལ་དངོས་སུ་ཉམས་ལེན་བྱས་པ་ཡིན།

མཚོ་འཕགས་སྨི3000ཙམ་ཡོད་པའི་མཐོ་སྒང་ས་ཆར་སླེབས་པ་ན། ཐོག་མར་མིག་ལམ་དུ་འཆར་བ་ནི་ཐུན་མིན་ཁྱད་ཆོས་ལྡན་པའི་རྟའུ་བང་ཁང་རེ་རེ་བཞིན་སྟར་པ་བསྒྲིགས་ནས་བསྐྲུན་ཡོད་ཅིང་། ཤིང་རྒྱུའི་བཟོ་སྐྲུན་དེ་དག་ལས་ཕྱོགས་བཞི་མཚམས་བརྒྱད་ནས་འོངས་པའི་ཡུལ་སྐོར་བ་ལྷན་རྒྱས་ཀྱི་མིག་དབང་འཕྲོག་ལ་ཡིད་དབང་ཡང་འགུག་ཐུབ་ཅིང་། ཚོན་མདོག་དཀར་དམར་འདྲེས་པའི་བང་ཁང་དེ་དག་ནི་སྤྲིན་དཀར་འདབ་མའི་འོག་གི་བརྗིད་ཉམས་ལྡན་པའི་གནའ་བོའི་ཕོ་བྲང་ལྟ་བུར་སྣང་།

གྲོང་མིའི་སྡོད་ཁང་འདི་དག་གི་ཁྲོད་དུ་མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་སུ་བརྩི་བ་ནི“རྣམ་རྒྱལ་གནས་ཚང”ཡིན་ཞིང་། དེ་ནི་རྟའུ་རྫོང་ཤེལ་ཆུ་གྲོང་རྡལ་མཐུན་སྒྲིལ་གྲོང་སྡེ་གཉིས་པ་རུ་ཤིང་གི་གྲུབ་ཆ་ཁོ་ནར་བརྟེན་ནས་བསྐྲུན་པའི་བང་ཁང་ཞིག་རེད། བང་ཁང་དེའི་བཟོ་སྐྲུན་གྱི་གཞི་ཁྱོན་དང་སྤུས་ཚད་སོགས་གང་ཐད་ནས་རྟའུ་བང་ཁང་བཟོ་སྐྲུན་གྱི་ཆུ་ཚད་མཐོ་ཤོས་མཚོན་གྱི་ཡོད།

    རྟའུ་ཡུལ་མིའི་སྡོད་ཁང་ནི་བོད་རིགས་ས་ཁུལ་དུ་ཁྱད་ཆོས་འབུར་དུ་ཐོན་པའི་མི་རིགས་ཀྱི་འཛུགས་སྐྲུན་གལ་ཆེན་ཞིག་ཡིན་པས་ངག་རྒྱུན་དུ་ཚང་མས་རྟའུ་བང་ཁང་ཟེར། སྡོད་ཁང་དེའི་རུས་སྒྲོམ་ཧྲིལ་པོ་ཤིང་གིས་བཟོས་པ་དང་ཤིང་སྒྲོམ་བརྒྱབ་ནས་སྒམ་པོ་ལྟ་བུ་ཞིག་བཟོས་ཡོད་པས་གྲུབ་ཆ་བརྟན་ལ་ཡོམ་འགོག་རང་བཞིན་ཆེ་བ་བཅས་ཡིན་པ་རེད། གསར་འགོད་པ་བཅས་པས་སྡོད་ཁང་དུ་འཛུལ་མ་ཐག་བདག་མོ་ཡ་མ་ཆོས་མཚོས་ལྟ་སྐོར་དུ་ཁྲིད་ཞོར་ཁང་པ་འདིའི་གཙོ་བོའི་རུས་སྒྲོམ་ཚང་མ་ཤིང་སྒྲོམ་བརྒྱབ་ནས་གྲུབ་ཡོད། ཤིང་གི་རྒྱུ་ཆ་ཁོ་ན་ལ་བརྟེན་ནས་བསྐྲུན་པ་ལས་ལྕགས་འཛེར་གཅིག་ཀྱང་སྤྱད་ཡོད་པ་མ་རེད་ཅེས་བཤད།

   “ཤིང་སྒྲོམ་གྱི་སྒྲིག་གཞི”ནི་ཀྲུང་གོའི་གནའ་རབས་གོང་མ་ཚང་གི་འཛུགས་སྐྲུན་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཞིང་། ཇུས་འགོད་དང་བཟོ་སྐྲུན་བྱེད་སྟངས་དེ་རིགས་སྤྱད་པའི་རྟའུ་བང་ཁང་ལ་ཁེར་རྐྱང་གི་འཚོ་བ་ཞིག་རེད་ཟེར་ནའང་མི་འགྲིག་རྒྱུ་མི་འདུག

ཕྱི་ལྡེབས་དང་ཁང་སྟེང་ལ་ས་རྡོ་མཐོང་རྒྱུ་ཡོད་པ་ལས་ཁང་པའི་ནང་རོལ་ནི་ཤིང་གིས་སྒྲིག་བཀོད་རྐྱང་པ་ལས་མ་འདས་ཤིང་། ཤིང་རྒྱུ་ལ་བརྟེན་པའི་བཟོ་སྐྲུན་ལྷུ་ལག་ནི་རྟའུ་བང་ཁང་གི་བཟོ་སྐྲུན་གྱི་རྨང་གཞི་ལྟ་བུར་གྱུར་ཡོད་ཅིང་། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་རྒྱལ་གནས་ཚང་དུ་ཚངས་ཐིག་སྨི0.6ནས་སྨི1ལས་བརྒལ་བའི་ཀ་བ56ཡོད་པ་དང་ཁང་པའི་ཀ་བ་རྐྱང་པ་ལ་ཡང་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་རེད།

རྟའུ་བང་ཁང་སྐོར་གྱི་མྱུལ་དཔྱད་ཐོར་བུ།

   ཡ་མ་ཆོས་མཚོས་ཁང་བ་འདིའི་ཤིང་ཆ་ཚང་མ1998ལོའི་གོང་ནས་བཅད་དེ་བཞག་པ་ཡིན། གལ་སྲིད་སྔ་ནས་གྲ་སྒྲིག་བྱས་མེད་ན་དེའི་རྗེས་ནས་རྒྱལ་ཡོངས་སུ་རང་བྱུང་ནགས་ཚལ་གཅོད་མཚམས་འཇོག་ཡོད་པས་འདི་འདྲའི་ཤིང་ཆ་གཏན་ནས་རྙེད་རྒྱུ་མ་རེད། རྟའུ་བང་ཁང་གི་བཟོ་རྒྱུན་ཆད་པའི་རྒྱུ་མཚན་དེའང་རྒྱུ་ཆ་རྙེད་དཀའ་བས་རེད། རྟའུ་བང་ཁང་བརྒྱབ་པ་དེ་ཚེ་གང་གི་དོན་ཆེན་ལ་བརྩིས་ན་ཆོག་གིན་རེད། དཔེ་ངེད་ཚང་ལྟ་བུར་མཚོན་ན། 1998ལོ་ནས་བཟུང་ལོ10ཡི་དུས་ཚོད་སྤྱད་དེ་རྒྱུ་ཆ་བསྡུ་གསོག་བྱས་པ་ཡིན་ཞིང་། 2008ལོར་གཞི་ནས་བང་ཁང་དེ་ལས་མགོ་འཛུགས་པ་ཡིན་ཞེས་བཤད།

    དེ་རྗེས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། 2008ལོ་ནས་བཟུང་སླར་ཡང་ལོ་བཅུ་སོང་རྗེས་རྣམ་རྒྱལ་གནས་ཚང་དེ་གཞི་ནས་ལེགས་གྲུབ་བྱུང་བ་དང་། 2018ལོར་གཞི་ནས་བེད་སྤྱོད་གཏོང་མགོ་ཚུགས་པ་ཞིག་རེད། རྩིག་རྨང་འདིང་བ་དང་ཀ་བ་འཛུགས་པ། གྱང་བརྩིགས་པ། ཁང་ཐོག་རྒྱག་པ། སྒྲིག་བཀོད་ཞིབ་ཚགས་བྱེད་པ་སོགས་བཟོ་སྐྲུན་བརྒྱུད་རིམ་ཚང་མར་ཧ་ལམ་ལག་བཟོ་ཁོ་ན་ལ་བརྟེན་ནས་བསྐྲུན་པ་ཞིག་རེད།

    ཡུལ་མིའི་ཁྱིམ་གཞིས་དེ་མགྲོན་ཁང་ཡིན་པའི་རྒྱུ་མཚན་ནི་སྡོད་ཁང་ཐོག་བརྩེགས་དང་པོར་ཁང་མིག11ཅན་གྱི་མགྲོན་ཁང་བསྐྲུན་ཡོད་པ་དང་། དེང་རབས་ཅན་གྱི་སྒྲིག་ཆས་དག་སྒྲིག་སྦྱོར་བྱས་རྗེས་ཡུལ་སྐོར་བ་སྣེ་ལེན་བྱེད་ས་བྱེད་བཞིན་འདུག ཐོག་བརྩེགས་གཉིས་པར་ཉལ་ཁང་དང་། མཆོད་ཁང་། འགྲུལ་བསུ་ཁང་། གསོག་ཉར་ཁང་། ཇ་ཁང་། བར་ཁྱམས། ཉི་ར་སོགས་ཡོད། འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ཆེས་དཀའ་ཤོས་ནི་བརྐོས་དཀྲོལ་དང་རི་མོ་འབྲི་རྒྱུ་དེ་ཡིན་ཞིང་། བརྐོས་དཀྲོལ་དང་རི་མོ་ནི་བང་ཁང་གི་རྩེ་གྲ་ཅན་གྱི་ལག་ཤེས་བཟོ་རྩལ་གཉིས་ཡིན་པས་ཁམས་པའི་རིག་གནས་ཀྱི་ཁྱད་ཆོས་ཧ་ཅང་ལྡན་པ་རེད།

    ཡ་མ་ཆོས་མཚོས་ང་ཚོ་བོད་མི་ཚོའི་སྡོད་ཁང་སྐྲུན་སྐབས་གཉེན་ཉེ་གྲོགས་པོ་ཚོས་སྐྲུན་རོགས་བྱེད་བཞིན་པ་རེད། སྡོད་ཁང་གི་ནང་མཁོ་སྒྲིག་བཀོད་དག་དུས་ཡུན་ཧ་ཅང་རིང་པོར་བསྐྲུན་དགོས་ཀྱི་ཡོད། ཐོག་བརྩེགས་གཉིས་པའི་གྱང་ངོས་ཀྱི་བརྐོས་དཀྲོལ་རྐྱང་པར་ལག་ཤེས་བཟོ་པ་བཞི་གདན་ནས་དུས་ཡུན་ལོ་གཉིས་དང་ཕྱེད་ལ་ད་གཟོད་ལེགས་སུ་གྲུབ་པ་རེད། བརྐོས་དཀྲོལ་གྱི་ལག་ཤེས་བཟོ་རྩལ་ལ་ཧ་ཅང་དང་དོད་བྱེད་བཞིན་ཡོད་སྟབས་རིན་ཐང་ཡང་ཧ་ཅང་མཐོ་བ་རེད། བརྐོས་དཀྲོལ་རེར་སྒྱུ་རྩལ་གྱི་ཐོན་རྫས་རེ་རེད་ཅེས་ཟེར་ཆོག་པས་ཡུལ་མིའི་སྡོད་ཁང་གི་རིན་ཐང་ཡང་དེའི་ཆ་ནས་མཚོན་ཐུབ་ཀྱི་ཡོད། རྣམ་རྒྱལ་གནས་ཚང་ཐོག་བརྩེགས་གཉིས་པའི་ཕྱོགས་བཞིའི་གྱང་ངོས་དང་སྒོ། སྒེའུ་ཁུང་ཚང་མར་འབྲུག་དང་། རྨ་བྱ། སྟག ཤ་བ། ཁྲུང་ཁྲུང་སོགས་བཀྲ་ཤིས་མཚོན་བྱེད་ཀྱི་བརྐོས་དཀྲོལ་སྣ་ཚོགས་ཡོད་པར་མ་ཟད། ད་དུང་ལྷ་སྐུ་དང་། སྒྲོལ་མ། མེ་ཏོག་དང་བྱ་རིགས་སྣ་ཚོགས། གཅན་གཟན་རི་དྭགས། བྱ་འབྲུག་ཁ་སྤྲོད་སོགས་མཚན་མདོག་རྣམ་པ་བཀྲ་བའི་རི་མོ་དེ་དག་གསོན་ཉམས་རབ་ཏུ་ལྡན་པ་རེད། བཟོ་སྤུས་དག་པའི་མཛེས་འཆོས་དང་ཁྱིམ་ཆས་སྣ་ཚོགས་ལྟ་ན་སྡུག་པ་རེད་ཅེས་བཤད།

    ཤིང་ཆའི་རང་མདངས་ལ་བརྟེན་ནས་བརྐོས་དཀྲོལ་གྱི་ཐོན་རྫས་འདི་ལས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དུས་ཡུན་རིང་པོར་སྲུང་འཛིན་བྱེད་ཐུབ་པའི་མཚོན་མདོག་ནི་ཤིང་ཆ་རང་ཉིད་ཀྱི་ཚོན་མདོག་ཡིན་པ་དང་། ལོ་ངོ་བརྒྱ་ཕྲག་ཡན་ལ་སོང་ནའང་རྒྱུན་སྲིང་བྱེད་ཐུབ་པའི་ཁང་པ་ཡིན་པས་ངེས་པར་དུ་གདོད་མའི་རང་བྱུང་གི་བཟོ་ལྟ་དང་ལོ་རྒྱུས་ཀྱི་རིན་ཐང་དེ་བས་ལྡན་པ་རེད་ཅེས་ཡ་མ་ཆོས་མཚོས་རྟའུ་ཡི་ཡུལ་མིའི་སྡོད་ཁང་དེ་བོད་པའི་བཟོ་བཀོད་ཀྱི་མིག་དཔེ་ལྟ་སར་གྱུར་པའི་རྒྱུ་མཚན་སྐོར་གླེང་སྐབས་དེ་ལྟར་བཤད་པ་རེད།

རྟའུ་བང་ཁང་སྐོར་གྱི་མྱུལ་དཔྱད་ཐོར་བུ།

    དེང་སང་བརྗིད་ཉམས་དང་། ངོ་མཚར། མཛེས་སྡུག སྤུས་དག ཕུལ་བྱུང་བཅས་གཞི་གཅིག་ཏུ་གྲུབ་པའི་བོད་པའི་ཡུལ་མིའི་སྡོད་ཁང་ནི་རྟའུ་རྫོང་གི་ཆེས་སྐད་གྲགས་ཆེ་བའི་ཡུལ་མིའི་སྡོད་ཁང་རྩེ་གྲ་ཅན་དེ་ཡིན་པར་བརྟེན། དབྱར་དུས་སུ་ཡུལ་སྐོར་བ་མང་པོ་ཞིག་རྐང་བཙུགས་ནས་ཡུལ་དེར་འོང་བཞིན་ཡོད་པ་རེད།ཁང་བདག་གིས་སྡོད་ཁང་འདིར་མིག་སྔར་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་ཁྲི3000ལ་སླེབས་ཐུབ་པར་མ་ཟད་དུས་ཡུན་ཅི་ཙམ་རིང་ན་རིན་ཐང་དེ་ཙམ་འཕར་འགྲོ་ངེས་རེད་ཅེས་ངོ་སྤྲོད་བྱས།

    ཡུལ་མིའི་སྡོད་ཁང་འདི་རིགས་ལ་མི་རིགས་ཀྱི་བཟོ་བཀོད་དང་། ལག་རྩལ། ཡུལ་སྲོལ་གོམས་འདྲིས་བཅས་གཞི་གཅིག་ཏུ་འདུས་པར་མ་ཟད། ས་ཁོངས་ཀྱི་ཁྱད་འཕགས་གསལ་པོ་མཚོན་པས་ཡུལ་སྐོར་བ་སྣེ་ལེན་བྱེད་ས་ཧ་ཅང་འཚམ་པོ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་རྫོང་དེས་སྲོལ་རྒྱུན་གྱི་བོད་པའི་ཡུལ་མིའི་སྡོད་ཁང་དེ་ཡུལ་སྐོར་ཐོན་ཁུངས་དང་སྣེ་ལེན་བྱེད་ས་ཕྱོགས་གཉིས་སུ་སྐུལ་འདེད་བཏང་ནས། ཆ་རྐྱེན་ཡོད་པའི་མང་ཚོགས་ཀྱིས་ཡུལ་སྐོར་བ་སྣེ་ལེན་བྱེད་པར་སྐུལ་མ་བཏང་ནས་མིག་སྔར་ཕན་འབྲས་བཟང་པོ་ཐོབ་ཡོད། དྲྭ་ཐོག་དར་ཁྱབ་ཆེ་བའི་བཤད་སྲོལ་ལྟར་ན། རྟའུ་ནི་བོད་པའི་ཡུལ་མིའི་སྡོད་ཁང་གི་ལག་ཤེས་བཟོ་རྩལ་གྱི་ཕ་ས་ཡིན་པས། བོད་ཁུལ་དུ་བསླེབས་རྗེས་རྟའུ་ཡི་ཡུལ་མིའི་སྡོད་ཁང་ལ་ལྟ་སྐོར་བྱེད་སར་སླེབས་མ་ཐུབ་ན་པེ་ཅིང་ལ་སླེབས་ཀྱང་ལྕགས་རི་རིང་པོར་སླེབས་མེད་པ་དང་ཀུན་ནས་མཚུངས་པ་རེད་ཅེས་རྟའུ་རྫོང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཁྲེང་ཏོན་ལེན་གྱིས་དེ་ལྟར་བཤད་པ་རེད།

    རྟའུ་ཡི་ཡུལ་མིའི་སྡོད་ཁང་ནི་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་དང་། བཟོ་བཀོད། རི་མོ། བརྐོས་རྩལ་སོགས་གཞི་གཅིག་ཏུ་འདུས་པས་བོད་ཁུལ་གྱི་ཕུལ་བྱུང་ལག་རྩལ་དང་ཡུལ་སྐོར་ལུས་གསོ་བྱེད་ས་བཟང་ཤོས་ཤིག་ཡིན་ཞིང་།ཤིང་ཆ་ལས་གྲུབ་པའི་བང་ཁང་དུ་བོད་པའི་སྲོལ་རྒྱུན་རིག་གནས་ཀྱི་མཛེས་ཉམས་ཚོར་ཐུབ་པ་དང་ཆབས་ཅིག སྤུས་དག་གི་ཡུལ་མིའི་སྡོད་ཁང་ཁྲོད་དུ་གཉིད་སྐྱིད་པོར་ཁུག་ཐུབ་པར་མ་ཟད་ད་དུང་བོད་ཟས་ཀྱི་བྲོ་བ་མྱངས་ནས་བོད་ཁུལ་གྱི་འཚོ་བར་ཉམས་ཞིབ་དང་བཟོ་བཀོད་ཀྱི་སྒྱུ་རྩལ་ལ་ཉམས་ཞིབ་བྱེད་ཆོག་པ་དང་། རྒྱང་རིང་ནས་འོང་པའི་འགྲུལ་པ་ཚོའི་སེམས་གཏིང་གི་ཁྱིམ་གཞིས་དྲོན་མོ་དེ་ཉམས་སུ་མྱོང་ཆོག་པ་རེད།།

  • ལེ་ཚན་སྔོན་མ།:མདོ་ཁམས་འདན་མའི་ཡུལ་གྱི་ཀློང་ཐང་སྒྲོལ་མ་ལྷ་ཁང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།