རྟ་ཕོའི་བཟང་དཔྱད་སུམ་ཅུ་བཤད་པ།

        2010-12-16

སྤུ་མདོག་གཙང་བས་གཅིག་ངོ་གདོང་གཙང་བས་གཉིས།སེང་གེ་གནམ་མཆོག་ལྟ་བུའི་ལུས་ཀྱིས་གསུམ།དེ་གསུམ་ལ་ཕྱི་ཡི་བཟང་དཔྱད་གསུམ་ཟེར།ངང་མོའི་སྐེ་ལྟར་གཉེན་པས་གཅིག སྦལ་པའི་མིག་ལྟར་འབུར་པས་གཉིས།རྣ་བ་རྒོད་གཤོག་བརྐྱངས་འདྲས་གསུམ།དེ་གསུམ་ལ་མགོ་བོའི་བཟང་དཔྱད་གསུམ་ཟེར།སེང་གེ་དར་མའི་མཆེ་བ་འདྲ་བས་གཅིག ཟ་འགྲམ་འཇམ་ཞིང་རིང་བས་གཉིས།སོ་ཆེན་གྲལ་སྟར་སྙོམ་པས་གསུམ།དེ་གསུམ་ལ་འགྲམ་པའི་བཟང་དཔྱད་གསུམ་ཟེར།གཡག་གི་སོག་པ་འདྲ་བས་གཅིག ཁྲ་ཡི་བྲང་ལྟར་ལྡིར་བས་གཉིས།རྩིབས་མ་ཕྲ་སྦོམ་མེད་དང་གསུམ།དེ་གསུམ་ལ་སྟོད་ཀྱི་དཔྱད་གསུམ་ཟེར།དགོ་བའི་གླ་དང་འདྲ་བས་གཅིག ཤྭ་བོའི་སྨན་ཉག་འདྲ་བས་གཉིས།སྨད་ཚིགས་འབུར་ཐོན་མེད་དང་གསུམ།དེ་གསུམ་ལ་སྨད་ཀྱི་བཟང་དཔྱད་གསུམ་ཟེར།ཤྭ་བོའི་རྗེ་ངར་འདྲ་བས་གཅིག མྱུར་མོ་གློག་དང་འདྲ་བས་གཉིས།རྨིག་པ་ལྕགས་ནག་འདྲ་བས་གསུམ།དེ་གསུམ་ལ་རྐང་པའི་བཟང་དཔྱད་གསུམ་ཟེར།ལག་པ་སྦོམ་ཞིང་རིང་བས་གཅིག ལག་ངར་གསེར་གྱི་རྐང་གླིང་གཉིས།རྨིག་པ་རྐང་དང་མཚུངས་པས་གསུམ།དེ་གསུམ་ལ་ལག་པའི་བཟང་དཔྱད་གསུམ་ཟེར།ལག་གཤོམ་རླུང་ཆེན་ལྡིང་འདྲས་གཅིག དཔུང་གཤོག་རླུང་དམར་འཚུབ་འདྲས་གཉིས།རྐང་གཤོག་མེ་ལྕེ་གྱེན་འབར་གསུམ།དེ་གསུམ་ལ་གཤོག་པའི་བཟང་དཔྱད་གསུམ་ཟེར།ལོང་གཙུག་ཨ་ལོང་འཁྱིལ་བས་གཅིག ཐོད་གཙུག་ནོར་བུ་མེ་འབར་གཉིས།གཡས་གཙུག་རྒྱ་མཚོའི་རླབས་ཀྱིས་གསུམ།དེ་གསུམ་ལ་གཙུག་གི་བཟང་དཔྱད་གསུམ་ཟེར་བ་བཅས་བཟང་དཔྱད་སུམ་ཅུར་བཞེད་དོ།།
  • ལེ་ཚན་སྔོན་མ།:འཚོ་བའི་ནང་“བྱིས་པས་བྱེད་མི་རུང་བ”ཞིག
  • ལེ་ཚན་རྗེས་མ།:ལོ་རྒྱུས་ཐོག་བོད་དང་མེས་རྒྱལ་བར་མཛའ་མཐུན་གྱི་མཛད་སྒོའི་སྤེལ་ཚུལ་མདོར་བསྡུས་བརྗོད་པ།
  • དོ་སྣང་ཆེ་བའི་རྩོམ།