《གེ་སར་སྒྲུང》ཞིབ་འཇུག་ལས་འཕྲོས་པའི་གཏམ།

རྟ་མགྲིན་སྐྱབས།        2013-11-14

དང་པོ། གེ་སར་སྒྲུང་རྒྱུན་འཛིན་བྱེད་པའི་སྐོར་ནས་རགས་ཙམ་བཤད་པ།
    བོད་ལ་ཤེས་རིག་དར་བའི་ལོ་རྒྱུས་རིང་མོའི་ཁྲོད་མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བ་དང་དམངས་ཀྱི་འཚོ་བའི་སྐྱིད་སྡུག་མཚོན་པའི་རྩོམ་རིག་ནི་གླིང་གེ་སར་རྒྱལ་པོའི་རྟོགས་པ་བརྗོད་པའི་སྒྲུང་དཔེ་རིགས་འདི་ཡིན། ད་ལྟ་སྒྲུང་བ་མང་པོས་ཡུལ་སྐད་མི་འདྲ་བའི་སྟེང་ནས་སྒྲུང་སྣ་གང་མང་བཤད་ཡོད་པ་དག་ནི་ཡུལ་སོ་སོའི་གསར་རྙིང་གི་སྐད་བརྡའི་འགྱུར་བ་ལ་ཞིབ་འཇུག་བྱེད་པའི་ལག་ཆ་ཞིག་ཡིན། གླིང་སྒྲུང་འཆད་ཉན་སྤེལ་གསུམ་ལ་དོ་སྣང་བྱེད་པ་ནི་བོད་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་སྐད་ཡིག་རྒྱུན་འཛིན་བྱེད་པའི་ཐབས་དམ་པའང་ཡིན། དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་གྱི་སྙིང་བོ་དང་བོད་ཀྱི་མཛེས་རྟོག་གི་ལྟ་བ་མཚོན་པའི་ཕུལ་བྱུང་རྩོམ་རིག་ཅིག་ཡིན་པས་གེ་སར་སྒྲུང་ལ་ཞིབ་འཇུག་དཔྱིས་ཕྱིན་པ་ཞིག་བྱེད་དགོས་ཚེ་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཅུང་མཁས་པ་ཞིག་ཡིན་དགོས། གེ་སར་སྒྲུང་གི་བརྗོད་བྱའི་ནང་དོན་གྱི་ཆ་ནས་བོད་ཀྱི་སྤྱོད་ལུགས་རིག་གནས་ཀྱི་སློབ་གསོའི་རིག་ཚན་རྨ་མེད་པ་ཞིག་ཡིན་ཞེས་བཤད་ཆོག ང་ཚོས་མངོན་སུམ་མིག་གིས་མཐོང་བ་དང་ལག་པས་མྱོང་རྒྱུ་ཡོད་པའི་སྤྱི་ཚོགས་འཚོ་བའི་རིག་གནས་ལ་འབད་དགོས་སྙམ། དེ་མིན་ལྐོག་གྱུར་ཏུ་འགྲོ་ཆེ་ན་ནམ་ཞིག་མེད་པའམ་རབ་རིབ་ཞིག་ཏུ་འགྱུར་ངེས། དེ་བས་གེ་སར་སྒྲུང་ནི་བོད་ཀྱི་དམངས་ཁྲོད་ནས་དར་ཞིང་རྩ་བ་ཚུགས་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པའི་ཆ་ནས་སྲོལ་རྒྱུན་རྒྱུན་འཛིན་དང་བོད་ཡིག་བཀོལ་སྤྱོད་ཀྱི་ལམ་བུ་ཁྲོད་བཟློག་ཏུ་མེད་པའི་ནུས་པ་ཐོན་པས་འདི་ལ་དོ་སྣང་དང་ཞིབ་འཇུག་ལེགས་པོ་ཞིག་བྱེད་ཐུབ་ན་བོད་ཀྱི་རིག་གནས་སྤྱི་ཁོག་ལ་རྒྱུས་ལོན་གསལ་བོ་ཡོང་ངེས་སོ།།
    གཉིས་པ། དེང་གི་གེ་སར་ཞིབ་འཇུག་སྐོར་ལས་རགས་ཙམ་བཤད་པ།
    དཔའ་བོ་བྱུང་བ་བརྗོད་པའི་ལོ་རྒྱུས་སྙན་རྩོམ་འདི་གྲུབ་རྐྱེན་ལ་དུས་རབས་ཀྱི་ཆ་ནས་གཉིས་སུ་དབྱེ་ཡོད་དེ། གཅིག་གྱུར་གྱི་རྒྱལ་པོའི་ལམ་ལུགས་མ་བྱུང་གོང་གི་ལྷ་སྒྲུང་དང་ངག་ཐོག་གི་རྩོམ་རིག དེ་བཞིན་ཡིག་ཐོག་ཏུ་བཀོད་པའི་གནའ་བོའི་གཏམ་རྒྱུད་དང་རིག་བྱེད་དམ་ལྷ་སྒྲུང་རེད། རྨང་གཞི་དེ་ལ་བརྟེན་ནས་དུས་རབས་བཅུ་བར་དངོས་སུ་བྱུང་བའི་དམངས་ཁྲོད་ཀྱི་དཔའ་བོ་གླིང་གེ་སར་གྱི་མཛད་རྗེས་ཏེ་ལོ་རྒྱུས་དང་རྩོམ་རིག་གི་རྣམ་པའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་སྒྲུང་གྲུབ་པར་ནང་དོན་རྒྱ་ཆེ་བ་དང་སྒྱུ་རྩལ་གྱི་ཚད་མཐོ་བ། འཇིག་རྟེན་པའི་འདོད་པ་གསལ་བར་མཚོན་པ་རང་རྒྱལ་གཞན་ཕམ་གྱི་གཡུལ་འགྱེད་དང་། ཕོ་མོའི་བརྩེ་དུང་། སྲིད་པའི་ཕུན་ཚོགས་སོགས་མཚོན་ཅི་ཐུབ་བྱས་ཡོད། སྤྱིར་རྟོག་དཔྱོད་ཀྱི་ཐབས་མང་པོ་མཆིས་པ་ལས་དམངས་ཁྲོད་དད་མོས་དང་གནའ་བོའི་ལོ་རྒྱུས། རྩོམ་ཡིག་གི་ཁ་གྲངས་བཅས་ཀྱི་ངོས་ནས་དོན་སྙིང་ཆེན་པོ་ཡོད་པར་མཐོང་མོད། ཁོ་བོས་སློབ་སྦྱོང་གི་གོ་རིམ་ཁྲོད་ནས་ཤུགས་རྐྱེན་ཅུང་ཆེ་བ་གླེང་འདོད་པ་ནི་འབུམ་རམས་སློབ་མ་རིན་ཆེན་རྡོ་རྗེས《གེ་སར་སྒྲུང་གི་ས་མིང་ཞིབ་འཇུག》ནི་ལེའུ་ལྔ་ཡིས་གྲུབ་པའི་གླེགས་བམ་ཆེན་པོ་ཞིག་རེད། དེའི་ཁྱད་ཆོས་གཙོ་བོ་ནི་གཅིག་ནས་དུས་རབས་སོ་སོའི་མཁས་གྲུབ་དམ་པ་ལྔ་བཅུ་ལྷག་གི་གསུང་སྒྲོས་དྲངས་ནས་གླིང་སྒྲུང་གི་བདེན་རྫུན་གྱི་དབྱེ་བ་ར་སྤྲོད་བྱས་ཡོད། གཉིས་ནས་སྒྲུང་དཔེ་དག་མིན་གྱི་གསལ་ཁ་འབྱེད་པའི་ལམ་སྟོན་གནང་ཡོད། གསུམ་ནས་སྒྲུང་དཔེ་ཁ་ཤས་གཤིབ་སྡུར་བྱས་པ་ཙམ་མ་ཡིན་པར་དཔྱད་གཞིའི་རྒྱུ་ཆ་གསར་བ་ཁ་སྐོང་བྱས་ཡོད། གེ་སར་སྒྲུང་ནི་དམངས་ཁྲོད་ནས་དར་བས་གང་དུ་འཆད་མཁན་དེས་ཡུལ་དེའི་ས་མིང་མང་པོ་ཞིག་གཏམ་རྒྱུད་དང་སྦྱར་ཏེ་ངོ་སྤྲོད་གནང་ཡོད། དེ་བས་གླེགས་བམ་འདིའི་ཁྲོད་ཀྱི་ས་མིང་རྟོག་ཞིབ་བྱེད་ཐབས་ཀྱི་རིག་པ་དེ་ཡང་གལ་ཆེ་སྟེ། ཤོག་ངོས68པའི་མགོ་ན་ས་མིང་ཞིབ་འཇུག་བྱ་བའི་ནང་དོན་གཙོ་བོ་ནི།ས་མིང་ཚད་གཞི་ཅན་དུ་བསྒྱུར་བ་དང་། ས་མིང་གི་ཡིག་གཟུགས་དང་འགྱུར་ཡིག་དག་སྒྲིག་བྱེད་པ། ས་མིང་དོ་དམ། གཞུང་ལུགས་ཞིབ་འཇུག མིང་གི་རྟོགས་ཞིབ་དང་འཚོལ་སྡུད། དག་སྒྲིག རྩོམ་སྒྲིག་དང་བསྡུ་གསོག འཚོལ་ཞིབ་བཅས་པ་ནས་ད་དུང་རྒྱལ་སྤྱིའི་ས་མིང་ཚད་གཞི་ཅན་དུ་བསྒྱུར་བའི་བྱ་བར་ཞུགས་པ་དང་། རྒྱ་མཚོའི་ས་དབྱིབས་ཀྱི་གྲུབ་ཆའི་མིང་བརྡར་ཞིབ་འཇུག་བྱེད་པ་ཡིན། ཞེས་འཁོད་ཡོད། དེང་ས་ཁུལ་དང་ཡུལ་སྡེའི་ལོ་རྒྱུས་འབྲི་རྒྱུར་དོ་སྣང་ཆེ་བའི་སྐབས་སུ་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་ངོ་སྤྲོད་དང་། གཞན་ཕྲན་གྱིས་གོང་དུ་དྲངས་པའི་དཔེ་ཆའི་ནང་དོན་ལས་འཕྲོས་ཏེ་གླིང་སྒྲུང་ཞིབ་འཇུག་ལ་བྱས་རྗེས་ཆེ་བའི་རྒན་གཅོད་པ་དོན་གྲུབ་དང་ཆབ་འགག་རྟ་མགྲིན་སོགས་གཙོ་བའི་ཆེད་མཁས་དག་ལ་མ་བརྟག་མ་དཔྱད་པར་བླུན་གཏམ་འཆད་མཁན་ཚོས་རྣ་བ་གཡོར་འོས་སོ།།
    གསུམ་པ། སྒྲུང་དཔེའི་ནང་དོན་ལས་འཕྲོས་ཏེ་རགས་ཙམ་བཤད་པ།
    གླིང་གེ་སར་སྒྲུང་ནི་རྒྱལ་པོའི་ལམ་ལུགས་བྱུང་བ་དང་ཁ་ཐོར་ཏུ་གྱུར་པའི་དུས་སྐབས་སོ་སོའི་བོད་མི་དམངས་ཀྱི་འཚོ་བའི་སྐྱིད་སྡུག་མཚོན་པའི་མི་སྐྱའི་རིག་གནས་ཤིག་ཏུ་འཁུམས། མི་ནི་རྒྱུ་ནོར་ལོངས་སྤྱོད་ལ་དགའ་ཞིང་རང་གཅེས་ཀྱི་བསམ་བློ་ཡོད་པ་ཀུན་མཐུན་ཡིན། བོད་བཙན་པོའི་སྲིད་དབང་སིལ་བུར་ཐོར་རྗེས་ཡུལ་བྱེ་བྲག་པ་མདོ་ཁམས་གླིང་ཡུལ་གྱི་འཚོ་བ་དར་བཞིན་པའི་སྒང་ཡིན་ལ། མཐའ་ཁུལ་གྱི་བཙན་འཛུལ་ལ་འགོག་རྒོལ་གྱི་ནུས་པ་ཡོད་པས་དུས་སྐབས་དེའི་དཔའ་བོ་དག་གི་བྱས་རྗེས་དང་སྦྱར་ཏེ་གཏམ་རྒྱུད་ཉན་སྤྲོ་བ། མི་རིགས་ཀྱི་སྙིང་སྟོབས་མངོན་པར་མཚོན་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་མི་སྐྱའི་རིག་གནས་ཀྱི་ཚབ་མཚོན་ལྟ་བུ་ཡིན། དེ་ན་སྒྲུང་དཔེའི་ནང་དོན་ལས་ཁྱད་ཆོས་འདི་དག་གླེང་ན།
    གཅིག དམངས་གཙོ་དང་འདྲ་མཉམ་གྱི་མི་སྐྱའི་བསམ་བློ་མཚོན་པ།གེ་སར་སྒྲུང་ལས་རྟ་རྒྱུག་རྒྱལ་འཇོག་ནི་དམངས་གཙོ་དང་འདྲ་མཉམ་གྱི་ཚབ་མཚོན་ཡིན། དམངས་གཙོ་ནི་ཁྲིམས་ལུགས་ཀྱི་རྨང་གཞིའི་སྟེང་ཡོང་དགོས་པ་ཞིག་ཡིན་ལ་གླིང་སྒྲུང་གི་རྟ་རྒྱུག་ལས་གླིང་ཆེ་འབྲིང་ཆུང་གསུམ་གྱིས་མཚོན་པའི་མི་མང་གིས་གྲོས་བསྡུར་དང་དཔེར་ན་གཟུ་ཆེན་ལྦེར་མ་ལྷ་དར་གྱིས་གླིང་དཀར་གྱི་སྲིད་ལུགས་ཆགས་སྟངས་ལྟར་བཞུགས་གྲལ་བཀོད་པའི་གླུ་བླངས་པ། དམངས་གཙོ་ལ་བརྟེན་ནས་མི་ཀུན་ལ་འདྲ་མཉམ་ཡོང་བ་དང་མིའི་རིན་ཐང་མངོན་ཐུབ་སྟེ་འགག་མོའི་སྤྲང་བུ་ཇོ་རུ་ལ་གླིང་དཀར་རྒྱལ་ས་ཐོབ་པ་ལས་ཤེས་ཐུབ། དཔེར་ན། 《གེ་སར་རིག་མཛོད》རྟ་རྒྱུག་ཉི་མ་རང་ཤར་ཤོག་ངོས566སྟེང་ན། “གསེར་ཁྲི་ཁམས་གསུམ་ཟིལ་གནོན་གཅིག སྐྱ་ལོའི་སེང་ལྕམ་འབྲུག་མོ་གཉིས༎ཕ་ཟོག་ནོར་བུ་ཆ་བདུན་གསུམ༎ཀླུ་འབུམ་པོ་ཏི་བཅུ་གཉིས་བཞི༎ཀླུ་སྦྲ་མཐིང་ཤོག་གུང་དགུ་ལྔ༎སྐུ་མཁར་སེང་འབྲུག་སྟག་རྩེ་དྲུག། གླིང་སྡེ་ཁྲི་སྐོར་བཅུ་གཉིས་བདུན༎སྣ་བདུན་ མགྱོགས་པའི་རྒྱན་ལ་འཇོག། མཐོ་བ་སྤྱི་དཔོན་མན་ཆད་དང་༎དམའ་བ་ཁྱི་ཤི་སྒུ་རུ་ཡན༎སུས་ཐོབ་རྒྱལ་ལ་རྩོད་མེད་དེ༎ཕ་ཁུའི་བཀའ་བགྲོས་མཐུན་པ་ཡིན༎”ཞེས་པ་ལྟར་འགྲན་རྩོད་ཀྱི་ཐོབ་ཐང་དམན་སྤྲང་བོ་ཡན་ལ་ཡོད་པ་མཚོན།
    གཉིས། རང་རྒྱལ་གཞན་ཕམ་གྱི་མི་སྐྱའི་འདུན་པ་མཚོན་པ། གླིང་གེ་སར་སྒྲུང་ནང་དུ་མིའི་འདུན་པའི་བསམ་བློ་དེ་མཚོན་ཡོད། དཔེར་ན《གེ་སར་རིག་མཛོད》རྟ་རྒྱུག་ཉི་མ་རང་ཤར་ཤོག་ངོས555པར། ཁྲོ་ཐུང་གི་གླུ་ལས། “ཉལ་བའི་བུ་ལ་བདེ་བ་མེད༎བདེ་བ་ཡོད་མེད་རྡོ་ལ་ལྟོས༎རྡོ་གོར་མོ་ཉལ་ན་དྲེག་པས་མནན༎ཤིང་སྡོང་བོ་ཉལ་ན་རྩ་བ་རུལ།། ཕ་བླ་མ་ཉལ་ན་ཆོས་ར་ཉལ༎གོང་དཔོན་པོ་ཉལ་ན་ཁྲིམས་ར་ཉལ༎སྟག་ཤར་བ་ཉལ་ན་དགྲ་མགོ་ལངས༎ སྨན་བུ་མོ་ཉལ་ན་གནས་གཞིས་འཆོར༎ད་ནངས་ནམ་གྱི་སྔ་ཐུན་ལ༎བྱང་ལྷའི་ལུང་བསྟན་བྱུང་བ་ཡིན༎ གླིང་ཚོ་དྲུག་ཕུ་ནུ་འཛོམ་ཆད་དང་༎གླིང་དཀར་འདུ་ཚོགས་སྟོན་མོ་ལ༎ སྟོན་བདག་སྟག་རོང་བྱེད་དགོས་གསུངས༎གསེར་ཁྲི་གཏེར་བདག་འབྲུག་མོ་བཅས༎མགྱོགས་འདོ་བའི་རྒྱལ་ལ་བཞག་པས་ན༎ སྐྱ་ལོའི་སེང་ལྕམ་སྐྲ་བདག་དང་༎ གསེར་ཁྲི་སེར་པོའི་གོང་གནོན་དེ༎ང་ཁྲོ་རྒྱལ་མིན་པ་མེད་དོ་གསུངས༎”ཞེས་པ་སོགས་ཀྱིས་མཚོན་པའི་མི་སྐྱའི་འདུན་པའི་བསམ་བློ་དང་འཚོ་བ་དངོས་གསོན་ཉམས་ལྡན་པར་ཐོན་ཞིང་སྒྱིད་ལུག་ལ་སྨན་པའི་བསླབ་བྱ་ཡང་གང་མང་ཡོད་དོ།།
    གསུམ། བོད་ཀྱི་སྤྱི་ཚོགས་འཚོ་བའི་གནས་བབ་མཚོན་པ། རྒྱུ་འབྲས་ཀྱི་འབྲེལ་བ་ལྟར་ཡིན་པས་གླིང་གེ་སར་སྒྲུང་གི་བརྗོད་བྱ་ཡང་བོད་སིལ་བུར་ཐོར་བ་དང་ཡུལ་ལུང་རེ་ལ་དགོན་པ་རེ། དེ་ཡིས་སྐྱོང་བའི་ཆོས་སྡེ་རེ་ཟེར་བའི་ལོ་རྒྱུས་དོན་དངོས་མཚོན་པ་ཡང་། དཔེར་ན། 《གེ་སར་རིག་མཛོད》རྟ་རྒྱུག་ཉི་མ་རང་ཤར་ཤོག་ངོས560པར། “དེ་སྐབས་དཔའ་བོ་གླིང་སྡེ་ཁྲ་བོ། ཆེ་བ་ཕ་ཁུ་མན་ཆད། ཆུང་བ་བྱིས་པ་ཡན་ཆད། མཐོ་བ་སྟག་རོང་མན་ཆད། དམའ་བ་སྒུ་རུ་ཡན་ཆད་ཐམས་ཅད་ཀྱིས་གསེར་ཁྲི་དང་ལས་ཟོག་ལས་ཀྱང་སྨན་འབྲུག་མོ་ལ་འདོད་ཞེན་ཆེ་བས། རང་རང་གི་ལྷ་ལ་གསོལ་བ་བཏབ། བླ་མ་རེ་ལ་སྐྱབས་འཇུག་རེ། མཆོད་གནས་རེ་ལ་སྐུ་རིམ་རེ། ཡུལ་ལྷ་རེ་ལ་བསང་མཆོད་རེ། གསས་མཁར་རེ་ལ་རླུང་རྟ་རེ་མཛད་ནས་བཞུགས།”ཞེས་པས་ཡུལ་ལུང་ཁ་ཐོར་གྱི་རྣམ་པ་དང་ཕྱོགས་སུ་གྱེས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངོ་མ་ཞིག་ཀྱང་ཚོད་དཔག་བྱེད་ཐུབ་པས་སྒྲུང་དཔེ་གང་མང་བཀླགས་ན་དེ་ལས་ལྷག་པའི་ནང་དོན་གསར་བ་མང་པོ་ཞིག་ཤེས་ཐུབ་བོ།།
    རྩོམ་པ་པོ་ནི་ནུབ་བྱང་མི་རིགས་སློབ་ཆེན《གེ་སར་སྒྲུང》ཞིབ་འཇུག་ཁང་གི་ཡིན། མཚོ་སྔོན་བོད་ཡིག་གསར་འགྱུར།2013.10.11།པར་ངོས17།
 

  • ལེ་ཚན་སྔོན་མ།:ཁམས་སྡེ་དགེ་ཡུལ་གྱི་གེ་སར་ངག་རྒྱུན་གྱི་ཁྱད་ཆོས།
  • ལེ་ཚན་རྗེས་མ།:ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་འདན་སྲས་རྟོགས་བརྗོད་ཟློས་གར་ཆེན་མོ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10