དུས་རབས་གསར་བའི་ནང་སློབ་མས་དགེ་རྒན་ལ་ཇི་ལྟར་བསྟེན་ཚུལ་སྐོར་གྱི་བསམ་གཞིག་ཕྲན་བུ།

རྒྱ་བཟའི་ལི་མེ་ཐར།        2013-11-05

དུས་རབས་གསར་བའི་ནང་སློབ་མས་དགེ་རྒན་ལ་ཇི་ལྟར་བསྟེན་ཚུལ་སྐོར་གྱི་བསམ་གཞིག་ཕྲན་བུ།

རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་རུང་དེའི་དར་རྒུད་དང་འཕེལ་རྒྱས་ནི་སློབ་གསོ་ལ་རག་ལས་ཡོད། འགྲོ་བ་མིའི་རིགས་ལ་ཤེས་རིག་དར་བ་ནས་བཟུང་སློབ་གསོ་ལ་ཧ་ཅང་མཐོང་ཆེན་བྱེད་པར་མ་ཟད་སློབ་མས་སློབ་སྦྱོང་ཇི་ལྟར་བྱེད་པ་དང་། དགེ་རྒན་ལ་ཇི་ལྟར་བསྟེན་ཚུལ་སོགས་ལ་ཞིབ་འཇུག་ཡང་ཡང་བྱས་ཏེ་དཔྱད་གཏམ་དང་བསླབ་བྱ། ལེགས་བཤད་སོགས་སྤེལ་ཅི་ཐུབ་བྱས་ཡོད་ལ། ལྷག་པར་དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་མི་རིགས་ཁག་གིས་སློབ་གསོ་ནི་ཆེས་རྩ་བའི་གཞི་རྩར་བཟུང་སྟེ་སློབ་གསོའི་བྱ་གཞག་ལ་ཧ་ཅང་མཐོང་ཆེན་བྱས་པར་མ་ཟད། 《སློབ་གསོའི་ཐབས་ལམ་རྣམ་བཤད》དང《སློབ་གསོའི་ལག་ལེན་རྣམ་བཤད》སོགས་སྤེལ་ནས་དགེ་རྒན་རྣམས་ལ་བསྟོད་ཚིག་གི་མེ་ཏོག་ཡང་ཡང་གཏོར་ཅིང་།དགེ་རྒན་གྱི་ཐོབ་ཐང་ཇེ་ཆེ་དང་ཟླ་ཕོགས་ཇེ་མཐོར་གཏོང་བ། སློབ་གྲྭ་ཇེ་མང་དང་སློབ་མར་སྟབས་ཇེ་བདེ་རུ་གཏོང་བ་སོགས་ཀྱི་ཐད་འབད་པ་ལྷོད་མེད་བྱེད་ཀྱིན་ཡོད།

    མི་རིགས་གང་ཞིག་ཡིན་རུང་ཐམས་ཅད་ཀྱིས་འདོད་པ་ནི་རང་ཉིད་ཀྱི་མི་རིགས་འདི་སྔོན་ཐོན་གྱི་མི་རིགས་ཤིག་ཡིན་ན་བསམ་པ་ལས་རྗེས་ལུས་ཤིག་ཡིན་ན་བསམ་མི་སྲིད། མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་དགོས་ན་ཐོག་མར་ན་གཞོན་རྣམས་ཀྱི་ཤེས་རིག་ལ་བརྟེན་དགོས་ཏེ། ན་གཞོན་རྣམས་ཀྱི་སློབ་གསོ་དང་དགེ་རྒན་བསྟེན་ཚུལ་ལ་རག་ལས་ཡོད་པས་སྔོན་ཐོན་མི་རིགས་ཀྱིས་ཀྱང་འདིའི་ཐད་ཀྱི་བཅོས་བསྒྱུར་ཡང་ཡང་བྱེད་ཀྱིན་ཡོད།

    འུ་ཚོ་བོད་ལ་མཚོན་ན་སྔོན་ཆད་སློབ་གསོའི་སྐོར་ལ་ཧ་ཅང་མཐོང་ཆེན་བྱེད་པ་ཡིན་ཏེ།ལེགས་བཤད་དང་བསླབ་བྱ། འབེལ་གཏམ་སོགས་ཀྱིས་བོད་ཀྱི་གཞོན་ནུ་རྣམས་ལ་སློབ་གསོ་ཡང་ཡང་བཏང་ཡོད་ལ། རྒྱ་དཀར་ནག་སོགས་ནས་མཁན་པོ་དང་ལོ་ཙཱ་བ་སོགས་གདན་དྲངས་ཏེ་བོད་ཀྱི་རིག་གནས་གོང་འཕེལ་ཆེན་པོར་བཏང་ཡོད། ལྷག་པར་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་ལ་དགོན་སྡེ་ཞེས་པའི་སློབ་གྲྭ་བྱུང་ཞིང་དགེ་སློབ་ཀྱི་འབྲེལ་བ་ཆགས་ཏེ་དགེ་རྒན་གྱིས་ཇི་ལྟར་ཁྲིད་དགོས་པ་དང་སློབ་མས་ཇི་ལྟར་བསྟེན་དགོས་ཚུལ་སོགས་ཀྱི་གདམ་ངག་ཀྱང་མང་པོ་བྱུང་ཡོད། སློབ་མས་དགེ་རྒན་ཇི་ལྟར་བསྟེན་པའི་ཐད《དཔེ་ཆོས་རིན་ཆེན་སྤུངས་པ》ལས་མཐུན་ཕྱོགས་བསྟེན་པ་དཔེ་བཅུ་དང་མི་མཐུན་ཕྱོགས་སྤངས་པ་དཔེ་བརྒྱད་ཀྱི་སྒོ་ནས་བསྟན་ཏེ་བླ་མར་བསྟེན་པའི་ཚུལ་ལ་དཔེ་བཅོ་བརྒྱད་ཀྱིས་བསྟན་པར་མ་ཟད་སྣོད་ཀྱི་སྐྱོན་གསུམ་དང་དྲི་མ་དྲུག མི་འཛིན་པ་ལྔ་སོགས་སྤངས་དགོས་པ་བསྟན་ཏེ་སློབ་མས་ཡང་དག་གི་སྒོ་ནས་དགེ་རྒན་བསྟེན་དགོས་ཚུལ་བརྗོད་ཡོད།ཡིན་ན་ཡང་གནའ་དང་ད་མི་འདྲ། ཕ་དང་བུ་མི་འདྲ་ཞེས་པའི་དཔེ་ལྟར་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་བོད་ཀྱི་སློབ་གསོ་ལ་བསྒྱུར་བཅོས་ཐོབ་པ་དང་སྤྱི་ཚོགས་མདུན་དུ་བསྐྱོད་ཅིང་ཚན་རིག་གོང་དུ་འཕེལ་བའི་དེ་རིང་གི་ཉིན་མོ་འདིར་ང་ཚོ་ད་དུང་རྗེས་ལུས་སུ་གྱུར་པའི་རྒྱུ་རྐྱེན་གཙོ་བོ་ནི་སློབ་གསོ་སྟེ་སློབ་གསོ་མྱོང་མཁན་རྗེས་རབས་པས་དགེ་རྒན་བསྟེན་མ་ཤེས་པས་རེད། མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད་ཅེས་པའི་བརྗོད་བྱ་དང་འབྲེལ་ཏེ་དུས་རབས་གསར་བའི་ནང་སློབ་མས་དགེ་རྒན་ཇི་ལྟར་བསྟེན་ཚུལ་སྐོར་གྱི་ལྟ་ཚུལ་ཕྲན་བུ་རེ་བརྗོད་པར་བྱ་སྟེ།

    དང་པོ། སྙིགས་དོར་བཅུད་ལེན་གྱིས་དགེ་རྒན་ལ་བསྟེན་དགོས།

    དགེ་རྒན་ནི་སློབ་མའི་མིག་དཔེ་ལྟ་ས་དང་སློབ་མའི་མཛུབ་སྟོན་མཁན་ཡིན་པས། དགེ་རྒན་ཡང་དག་ཅིག་དང་སློབ་གསོ་ལ་མཁས་པ་ཞིག་བསྟེན་མ་ཐུབ་པར་དགེ་རྒན་ངན་པ་ཞིག་ལ་བསྟེན་དགོས་བྱུང་ན། “གང་ཞིག་གསེར་གྱི་རི་ལ་བརྟེན་བྱས་ན།དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར།གང་ཞིག་དུག་གི་རི་ལ་བརྟེན་བྱས་ན། དེ་ཡི་འདབ་ཆགས་ཐམས་ཅད་དུག་ཏུ་འགྱུར”ཞེས་པ་ལྟར་མ་འོངས་པར་མི་ཇི་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ནི་དགེ་རྒན་ལ་ཐད་ཀར་འབྲེལ་བ་དམ་པོ་ཡོད་པས། སྙིགས་དོར་བཅུད་ལེན་སྒོས་དགེ་རྒན་ལ་བརྟེན་རྒྱུ་ནི་ཧ་ཅང་གལ་ཆེ།དེང་གི་སྤྱི་ཚོགས་འདིའི་ནང་དུ་མི་དང་མིའི་བར་གྱི་འབྲེལ་བ་ནི་ལན་རེར་རྒྱུ་ནོར་ལ་བརྟེན་པའི་དབང་གིས་རིག་གནས་མེད་པའི་མི་གང་ཞིག་ལྟག་སྒོ་བརྒྱུད་དེ་ཁྲིད་སྟེགས་ཐོག་འབུད་པ་དང་མ་ཡིན་ཡིན་མདོག་གིས་ལུང་རིག་གང་ཡང་མེད་པའམ་སྤྱོད་པ་མི་གཙང་བའི་གཏམ་གང་བྱུང་དུ་སྨྲ་བ་དང་། སློབ་ཁྲིད་གྲོལ་རྗེས་བྱ་བ་ངན་པ་སྣ་ཚོགས་བསྒྲུབས་ཏེ་སློབ་མའི་རྒྱུད་ལ་བག་ཆགས་ངན་པ་འཇོག་པ་རེ་འགའ་ཡོད་པས།ཐོག་མ་ཉིད་ནས་དགེ་རྒན་དེའི་མི་གཤིས་ལ་རྒྱུས་ལོན་ཟབ་མོ་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེའོ། །

    གཉིས་པ།རང་ཉིད་ལ་ཕན་པའི་དགེ་རྒན་ལ་བསྟེན་དགོས།

    དགེ་རྒན་བསྟེན་ན་རང་ཉིད་ཀྱི་རྒྱུད་ལ་ཡོན་ཏན་འབྱོར་བ་དང་ཕན་ཐོགས་ཆེན་པོ་ཡོད་པའི་དགེ་རྒན་ལ་བསྟེན་དགོས་པ་ལས“ཆོས་ལམ་རིམ་བཀླགས་ཀྱིན་ཞེ་སྡང་ཇེ་ཆེ་དང་། རྡོ་ཅོང་ཞི་འཐུང་བཞིན་ནད་པ་ཇེ་ཐུ”ཟེར་བའི་དཔེ་ལྟར་དགེ་རྒན་ལ་བསྟེན་གྱིན་བསྟེན་གྱིན་དང་རིག་གནས་སློབ་ཀྱིན་སློབ་ཀྱིན་རིག་པ་ཇེ་རྟུལ་དང་བསམ་བློ་ཇེ་རྨོངས་སུ་གྱུར་ན་མི་ཚེ་འདིའི་འགྱོད་པ་ལས་ཅི།

    དེང་གི་སློབ་གྲྭ་ཆུང་འབྲིང་མང་པོ་ཞིག་ཏུ་དངོས་གཞི་དང་ཞིབ་འཇུག་སློབ་མའི་ཐོབ་ཐང་ཡོད་པའི་དགེ་རྒན་མང་པོ་ཡོད་པས། ཁོ་ཚོས་ཆུང་འབྲིང་སློབ་མའི་བསམ་བློ་ཆུ་ཚད་དང་བསྟུན་པར་གནས་ལུགས་ཆེན་པོ་དང་དོན་དག་གང་མང་ཞིག་བཤད་ཅི་ཐུབ་བྱེད་པ་དང་ཡང་འགའ་རེས་སྤུས་མཚག་སློབ་གསོ་ལག་ཏུ་བསྟར་ཅི་ཐུབ་བྱས་ཏེ་སློབ་མས་ཉམས་སུ་མྱོང་ཐུབ་མིན་ལ་མི་བལྟ་བ་རེད། དེ་བས་སློབ་མ་རང་ཉིད་ཀྱིས་རང་ཉིད་ལ་ཕན་ཐོགས་མེད་ན་མཁས་དབང་ཅི་འདྲ་ཞིག་གི་སྐད་ཆའང་འདོར་རུང་ལ་རང་ཉིད་ལ་ཕན་ཐོགས་ཡོད་ན་རང་ལས་དམན་བའི་སྐྱེ་བོའི་ཚིག་ཀྱང་ཡིད་ལ་བཟུང་བ་རེད།

    གསུམ་པ། བསམ་གཞིག་གི་ནུས་པས་ཕྱུག་ཅིང་དོགས་སློང་ཡོད་པའི་དགེ་རྒན་ལ་བསྟེན་དགོས།

    འཇིག་རྟེན་འདིར་བྱ་བ་ཅི་དང་གང་ཞིག་བསྒྲུབ་ཀྱང་སྔོན་ལ་བསམ་གཞིག་དང་དོགས་སློང་བཟོས་ཏེ་གསར་སྐྲུན་དང་གསར་རྙེད། འཕེལ་རྒྱས་བཅས་སུ་གཏོང་དགོས། འུ་ཚོ་ན་གཞོན་རྣམས་ལ་མཚོན་ན་བསམ་གཞིག་དང་དོགས་སློང་གི་ནུས་པ་ནི་ངེས་པར་ཡོད་དགོས་ཏེ། ཆུང་དུས་ནས་བསམ་གཞིག་བྱེད་རྒྱུར་དགའ་ན་རང་ཉིད་ཀྱི་རྒྱུད་ལ་ཤེས་བྱ་མང་པོ་འབྱོར་ཞིང་འཇིག་རྟེན་གྱི་གནས་ཚུལ་གསར་བར་རྒྱུས་ལོན་ཐུབ་པས། དེ་ལྟར་མ་ཡིན་པར་བླ་མས་ཅི་གསུངས་ཆོས་དང་མཛུབ་གུས་གར་སྟོན་ཤར་ལྟར་གཞན་གྱིས་བཤད་པ་ཡོད་ཚད་བདེན་བདེན་ཤ་སྟག་ཏུ་བཟུང་ན། དགེ་རྒན་གྱིས་མ་རྟོགས་པ་དང་མ་ཤེས་པའི་ཤེས་བྱ་མང་པོ་རང་ཉིད་ཀྱི་རྒྱུད་ལ་འབྱོར་མི་ཐུབ་པའོ། །

    མདོར་ན། བློ་མཐུན་ཏིན་ཞའོ་ཕེན་གྱིས“སློབ་གྲྭ་ཞིག་གིས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཐད་ཚད་དང་ལྡན་ཞིང་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་གསོ་སྐྱོང་བྱེད་ཐུབ་མིན་དང་སྤྱི་ཚོགས་ཀྱི་གོ་རྟོགས་ལྡན་པའི་ངལ་རྩོལ་པ་གསོ་སྐྱོང་བྱེད་ཐུབ་མིན་ནི་གཙོ་བོ་དགེ་རྒན་ལ་རག་ལས་ཡོད”ཅེས་གསུངས་པ་ལྟར། སློབ་མ་གང་ཞིག་ལ་ཤེས་བྱ་རིག་གནས་ལེགས་པོ་ཞིག་འབྱོར་མིན་དེ་དགེ་རྒན་ལེགས་པོ་ཞིག་བསྟེན་ཐུབ་མིན་ལ་ཐུག་ཡོད། དུས་རབས་གསར་བའི་ནང་སློབ་གཉེར་པ་དག་གིས་ཐོག་མར་བསྟེན་བྱའི་དགེ་རྒན་དེའི་རང་གཤིས་བཟང་ངན་དང་མི་རྒྱུ་ཡག་བཙོག རིག་གནས་མཁས་མིན་སོགས་ལ་རྒྱུས་ལོན་ཅུང་ལེགས་པོ་ཞིག་བྱས་རྗེས་སྙིགས་དོར་བཅུད་ལེན་གྱི་སྒོ་ནས་དགེ་རྒན་བཟང་བསྟེན་བྱས་ཏེ། རང་ཉིད་འཇོན་ཐང་ལྡན་ཞིང་ནུས་པ་ཡོད་པ་དང་། རང་སྐྱ་འཕེལ་བ། སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་ཏུ་འགྱུར་བར་འབད་པ་ལྷོད་མེད་བྱ་དགོས་སོ། །

  • ལེ་ཚན་སྔོན་མ།:བྱིས་སྙོར་ཁང་གི་བདེ་འཇགས་སློབ་གསོ་གླེང་བ།
  • ལེ་ཚན་རྗེས་མ།:ཁྱིམ་ཚང་སློབ་གསོ་ལས་ཕ་མའི་གོ་རྟོགས་གླེང་བ།