དྲིལ་བུ།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2013-08-23

དྲིལ་བུ།
དྲིལ་བུ།

དྲིལ་བུ་ནི་དཀྲོལ་བྱའི་རོལ་མོའི་རྣམ་གྲངས་ཤིག་སྟེ།བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་པར་གཞིགས་ན།ལྷ་ཐོ་ཐོ་རིའི་གོང་དུ་བོད་ལ་དྲིལ་བུ་ཡོད་དེ།དེ་དུས་ཀྱི་དྲིལ་བུ་ནི་གཤང་དང་འདྲ་བར་སྔོན་ཆད་བོན་པོ་བ་རྣམས་ཀྱི་མཆོད་ཆས་རོལ་མོ་ཞིག་ཡིན་ལ།སྐབས་དེ་ཤེད་བཟོས་པའི་དྲིལ་བུ་རྣམས་ཀྱི་རྒྱུ་ནི་ཁྲོ་ལི་ནག་པོ་ལས་གྲུབ་པ་མ་ཟད།ལག་རྩལ་ཡང་དེ་ཙམ་མེད་པས་བཟོ་བཀོད་ལེགས་པོ་མིན་པ་དང་།དེ་ནས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་།མཆོད་པའི་ཡོ་བྱད་དྲིལ་བུ་མང་དག་བཟོས་ཀྱང་བཟོ་བཀོད་གོང་དང་མཐུན་པ་ཙམ་ལས།དེ་ལས་ཁྱད་དུ་འཕགས་པ་གང་ཡང་བྱུང་མེད་ཅེས་འཁོད་དོ།། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་རྒྱ་གར་ནས་དམ་པའི་ཆོས་དར་བ་དང་ཆབས་ཅིག་མཆོད་པའི་ཡོ་བྱད་དྲིལ་བུའི་རིགས་འགའ་ཞིག་བྱུང་བ་མ་ཟད།བོད་དུའང་ཁྲོ་ནག་ལྕགས་ཀྱི་རྒྱུ་ལས་རྫ་མའི་གཟུགས་འདྲ་བ་ཁ་ཕུབ་ཕྱང་འཕྲུལ་དུ་བྱས་པ་རྡོ་དང་དབྱུག་པས་བརྡུངས་ན་གླང་པོའི་སྐད་འདྲ་བ་འབྱུང་བའི་དྲིལ་ཆེན་དེ་འདྲ་དང་།གདང་བུ་ལ་བཏགས་ནས་རླུང་སོགས་ཀྱིས་བསྐྱོད་ཚེ་ཅིག་ཅར་སྒྲ་འབྱིན་པའི་དྲིལ་གདང་ཞེས་པ་ད་ང།གཙུག་ལག་ཁང་གི་བར་སྒོར་གདགས་བྱ་གཙུག་ཁང་གི་རྒྱལ་གྱུར་མ་རུ་གྲགས་པ་ལྟ་བུ་བྱུང་བ་ཡིན་འདུག་ལ།སྐབས་དེ་ཤེད་བོད་དུ་བཟོས་པའམ་རྒྱ་གར་ནས་དར་བ་གང་ཡིན་ཡང་དྲིལ་བུ་དེ་རིགས་གད་བརྡར་མི་གཙང་ལ་དབྱིབས་ཀྱང་ཆེ་ལ་མཛེས་པོ་དེ་ཙམ་མེད་ཚོད་འདུག །
དེ་རྗེས་བསྟན་པ་ཕྱི་དར་གྱི་མགོར་དྲིལ་བུ་རྒྱན་མེད་གཙང་མར་བྱས་པ་འགའ་གར་གྱི་ཕྱག་ཆར་བྱས་པའང་བྱུང་བར་གྲགས་སོ།། འགྲོ་མགོན་ཆོས་རྒྱལ་འཕགས་པས་བཀོད་པ་མཛད་པའི་ཧོར་དྲིལ་ནི།དྲིལ་བུ་རྩེ་ལྔ་རྩེ་དགུ་ཚངས་རྡོར་དབྱིབས།འཕགས་ཡུལ་བཟོ་དང་ཁྱད་མཚུངས་མཛེས་ཤས་ཆེ།།རིན་ཆེན་ཁྲ་ཚོམ་གྱིས་སྤྲས་དབྱིབས་ལེགས་མཛེས།ནང་ལ་གད་བརྡར་མ་བྱས་ལུགས་རིས་གསལ།ནང་གི་འབྲུག་གསུམ་ཕྱི་ཡི་རམ་ཡིག་གམ།ཡང་ན་ཨུཏྤལ་གཟུགས་ཀྱི་ཐད་དུ་ངེས།ནམ་མཁའི་རྡོ་རྗེ་ཡོད་མེད་གཉིས་སུ་འབྱུང་།དེ་བས་ཁྱད་དྲིལ་བཟོ་ཁྱད་ཁྱོན་ཆུང་བ།ཚངས་རྡོར་དངུལ་དང་ལི་དཀར་ལི་སེར་གསེར།གསེར་དམར་ཛྷེེ་ཀྵིམ་བྱས་དང་གཟོང་རིས་ཤུལ།སྣ་ཚོགས་རིགས་མི་མཐུན་པའི་ཁྲ་རྣམས་བཅུག །རྩེ་ལྔ་མཛེས་བྱེད་འཁོར་ལོ་འཕྱང་བའི་སྟེང་།རྩེ་དགུ་དྲ་བ་དྲ་ཕྱེད་ཁོང་སེང་ན།དམ་ཚིག་སྒྲོལ་མ་ལ་སོགས་ཕྱག་མཚན་གྱིས།མཛེས་པ་བྱུང་སོགས་འཁོད་པ་ལས་སྐབས་དེར་བྱུང་བའི་བཟོ་ཁྱད་ཤེས་སོ།། དེ་བཞིན་རྒྱ་གར་ནས་བྱུང་བའི་དྲིལ་བུའི་སྐོར་ལ་ཡང་།རྒྱ་གར་དྲིལ་བུ་ཆེ་ཚད་ཁྲུ་ལ་ཉེ།ཆུང་བ་དག་ཀྱང་གཞན་ལས་ཆེ་བ་ལ།པད་སྤུངས་དབྱིབས་ཅན་བྲད་བརྡར་གཙང་ཤ་མེད།ཉུང་ཟད་སྣང་བ་ལི་དཀར་ཁོ་ནར་མཐོང་།དྲིལ་བུའི་རྣམ་གཞག་རྒྱུད་སྡེ་ལས་གསུངས་པའི།ཐ་སྙད་དང་ཡང་མཚུངས་པར་མ་ངེས་པ།འཕགས་ཡུལ་དམ་ཚིག་སྲུང་ལ་སྒམ་པའི་ཕྱིར།ཁྱབ་གདལ་མ་དར་བཟོ་ལ་འདྲིས་པ་ཆུང་།ཞེས་རྒྱ་གར་འཕགས་པའི་ཡུལ་གྱི་མི་རྣམས་དམ་ཚིག་སྲུང་བ་ལ་སྒམ་པའི་ཕྱིར་ན་གསང་སྔགས་ཀྱི་མཆོད་རྫས་སོགས་ཁྱབ་བདལ་ཁྲོམ་བསྒྲགས་མི་བྱེད་སྟབས།དྲིལ་བུའི་བཟོ་རྩལ་ལ་འདྲིས་པ་ཆུང་ཞིང་།ཆེ་ཆུང་གི་ཚད་ཀྱང་རྒྱུད་ལས་གསུངས་པའི་ཐ་སྙད་དང་ཡང་མཚུངས་པར་ངེས་མེད་སྣ་ཚོགས་སྟེ།ཆེ་ཚད་ལ་ཁྲུ་ལ་ཉེ་བ་དང་།ཆུང་བ་དག་ཀྱང་གཞན་ལས་བ་ཡིན་འདུག་ལ།སྐབས་དེ་ཤེད་བོད་དུ་བཟོས་པའམ་རྒྱ་གར་ནས་དར་བ་གང་ཡིན་ཡང་དྲིལ་བུ་དེ་རིགས་གད་བརྡར་མི་གཙང་ལ་དབྱིབས་ཀྱང་ཆེ་ལ་མཛེས་པོ་དེ་ཙམ་མེད་ཚོད་འདུག ། དེ་རྗེས་བསྟན་པ་ཕྱི་དར་གྱི་མགོར་དྲིལ་བུ་རྒྱན་མེད་གཙང་མར་བྱས་པ་འགའ་གར་གྱི་ཕྱག་ཆར་བྱས་པའང་བྱུང་བར་གྲགས་སོ།།
འགྲོ་མགོན་ཆོས་རྒྱལ་འཕགས་པས་བཀོད་པ་མཛད་པའི་ཧོར་དྲིལ་ནི།དྲིལ་བུ་རྩེ་ལྔ་རྩེ་དགུ་ཚངས་རྡོར་དབྱིབས།འཕགས་ཡུལ་བཟོ་དང་ཁྱད་མཚུངས་མཛེས་ཤས་ཆེ།རིན་ཆེན་ཁྲ་ཚོམ་གྱིས་སྤྲས་དབྱིབས་ལེགས་མཛེས།ནང་ལ་གད་བརྡར་མ་བྱས་ལུགས་རིས་གསལ།།ནང་གི་འབྲུག་གསུམ་ཕྱི་ཡི་རམ་ཡིག་གམ།།ཡང་ན་ཨུཏྤལ་གཟུགས་ཀྱི་ཐད་དུ་ངེས།ནམ་མཁའི་རྡོ་རྗེ་ཡོད་མེད་གཉིས་སུ་འབྱུང་།དེ་བས་ཁྱད་དྲིལ་བཟོ་ཁྱད་ཁྱོན་ཆུང་བ།ཚངས་རྡོར་དངུལ་དང་ལི་དཀར་ལི་སེར་གསེར།།གསེར་དམར་ཛྷེེ་ཀྵིམ་བྱས་དང་གཟོང་རིས་ཤུལ།སྣ་ཚོགས་རིགས་མི་མཐུན་པའི་ཁྲ་རྣམས་བཅུག རྩེ་ལྔ་མཛེས་བྱེད་འཁོར་ལོ་འཕྱང་བའི་སྟེང་།རྩེ་དགུ་དྲ་བ་དྲ་ཕྱེད་ཁོང་སེང་ན།དམ་ཚིག་སྒྲོལ་མ་ལ་སོགས་ཕྱག་མཚན་གྱིས།མཛེས་པ་བྱུང་སོགས་འཁོད་པ་ལས་སྐབས་དེར་བྱུང་བའི་བཟོ་ཁྱད་ཤེས་སོ།། དེ་བཞིན་རྒྱ་གར་ནས་བྱུང་བའི་དྲིལ་བུའི་སྐོར་ལ་ཡང་།རྒྱ་གར་དྲིལ་བུ་ཆེ་ཚད་ཁྲུ་ལ་ཉེ།ཆུང་བ་དག་ཀྱང་གཞན་ལས་ཆེ་བ་ལ།པད་སྤུངས་དབྱིབས་ཅན་བྲད་བརྡར་གཙང་ཤ་མེད།ཉུང་ཟད་སྣང་བ་ལི་དཀར་ཁོ་ནར་མཐོང་།དྲིལ་བུའི་རྣམ་གཞག་རྒྱུད་སྡེ་ལས་གསུངས་པའི།ཐ་སྙད་དང་ཡང་མཚུངས་པར་མ་ངེས་པ།འཕགས་ཡུལ་དམ་ཚིག་སྲུང་ལ་སྒམ་པའི་ཕྱིར།ཁྱབ་གདལ་མ་དར་བཟོ་ལ་འདྲིས་པ་ཆུང་།ཞེས་རྒྱ་གར་འཕགས་པའི་ཡུལ་གྱི་མི་རྣམས་དམ་ཚིག་སྲུང་བ་ལ་སྒམ་པའི་ཕྱིར་ན་གསང་སྔགས་ཀྱི་མཆོད་རྫས་སོགས་ཁྱབ་བདལ་ཁྲོམ་བསྒྲགས་མི་བྱེད་སྟབས།དྲིལ་བུའི་བཟོ་རྩལ་ལ་འདྲིས་པ་ཆུང་ཞིང་།ཆེ་ཆུང་གི་ཚད་ཀྱང་རྒྱུད་ལས་གསུངས་པའི་ཐ་སྙད་དང་ཡང་མཚུངས་པར་ངེས་མེད་སྣ་ཚོགས་སྟེ།ཆེ་ཚད་ལ་ཁྲུ་ལ་ཉེ་བ་དང་།ཆུང་བ་དག་ཀྱང་གཞན་ལས་ཆེ་བ་ཡོད་ལ།བྲད་བརྡར་གཙང་ཤ་དོད་པོ་མེད་པ་མ་ཟད།གྲངས་ཀྱང་ཉུང་བར་བསྟན་པ་དང་།གཞན་རྒྱ་ནག་ནས་ཐོན་པའི་དྲིལ་བུའི་སྐོར་ལ་ཡང་།རྒྱ་ནག་ཁྱད་དྲིལ་ཕལ་པ་ཏཱ་མིང་གསུམ།ཁྱད་དྲིལ་སྐྱེ་མཆེད་བྲད་བརྡར་འགྲན་ཟླ་མེད།དཀྱུས་ལས་ཅུང་ཆེ་བ་ལང་ཁ་སྦུབ་འཐུག །རི་མོ་དོད་ཀྱང་ཧྲོབ་ཉམས་གཏན་ནས་མེད།རྩེ་ལྔ་པ་རྣམས་ཆུ་སྲིན་ནང་ལ་བལྟ།འཁོར་ལོའི་རྒྱན་དང་རྩེ་དགུ་ཡིན་ནོ་ཅོག །རྩི་པར་དྲྭ་ཕྱེད་ཁོང་ན་ཕྱག་མཚན་ཅན།མུ་ཏིག་སྐེ་རགས་ཞིབ་ལ་སྐད་སྙན་འཁྲོལ།མགོ་རྡོར་གསེར་དང་གསེར་དམར་ལས་གྲུབ་སྲིད།རྒྱ་རག་ཚ་གསེར་འཐུག་པ་ཀུན་ལ་ཡོད།ཕལ་པ་སྐྱེ་མཆེད་ཅུང་ཟད་གཙང་ཤ་ཆུང་།དབྱིབས་ཀྱང་ཙོང་ལ་སྐད་ངར་གཉིས་སུ་འཚེར།དྲྭ་ཕྱེད་སོགས་དང་པད་འདབ་ལྷོངས་ལ་འཇམ།ས་བོན་ལཉྫར་ཡོད་པ་ཏཱ་མིང་མང་།ཐེག་ཆེན་གན་དྲིལ་ལྷག་པར་ཆེ་བ་ལ།ཁྱད་དྲིལ་མིང་དུ་གྲགས་པ་མེད་ན་ཡང་།བཟང་ངན་ཁྱད་པར་ཆེ་བ་ཡོད་པའོ།། དགའ་ལྡན་གན་དྲིལ་དེ་བས་ཅུང་ཟད་ཞེར།དྲིལ་བུའི་སྟོད་ཞུམ་མགོ་རྡོར་རྩེ་དགུ་མང་།ཞེས་རྒྱ་ནག་ནས་ཐོན་པའི་དྲིལ་བུ་ལ་ཡང་ཁྱད་དྲིལ་དང་།ཕལ་པ།ཏཱ་མིང་བཅས་དབྱེ་བ་གསུམ་དུ་བྱུང་ཚུལ་བསྟན་པ་དང་། བོད་དྲིལ་སྐོར་ལ།བོད་དྲིལ་རྙིང་མ་མདོ་ཁམས་ཚ་སྒང་དུ།ཆེ་ཆུང་གཉིས་བཟོས་བྱི་བྱད་རྒྱ་འདྲ་བས།ཉམས་མེད་རྣམས་ཀྱིས་རྒྱ་རུ་ངོས་འཛིན་ཡང་།རི་མོ་མི་གཙང་དཔུང་མགོ་ཧོར་འདྲ་ལ།བ་ལང་ཁ་ནི་རྒྱ་ཧོར་གཉིས་ཀ་དང་།འགལ་ཞིང་ནང་ལ་སུལ་གྱི་རྣམ་པ་མང་།བོད་དྲིལ་གསར་མ་ཟལ་མོ་སྒང་དུ་དར།རི་མོ་ཧྲོབ་ལ་སྐད་ངར་རིང་དུ་བསྲིང་།ཁྱད་དྲིལ་རྣམས་ནི་སྐེ་མཆེད་གཙང་ཤ་ཆེ།དེ་ལས་གཞན་པ་འཇང་འབའ་ལོ་གྲོ་སོགས།དྲིལ་བུའི་གཟུགས་བརྙན་བརྟག་པར་སླ་བས་སོ།ཞེས་བོད་དྲིལ་ལ་ཡང་གསར་རྙིང་གི་དབྱེ་བ་ཡོད་ཚུལ་དང་བཅས་བཟོ་བོར་མཁོ་བའི་ཤེས་བྱ་ཙམ་མོ།། དྲིལ་བུའི་དབྱིབས་ལ།སྟེང་གི་རྡོ་རྗེ་ཚད་དབྱིབས་རྡོ་རྗེའི་སྐབས་འཆད་འགྱུར་ལྟར་ལ།དེའི་འོག་ཏུ་ཤེས་རབ་མའི་ཞལ་དབུས་སྐྲ་དང་རིན་པོ་ཆེའི་དབུ་རྒྱན་ཅན།ཟླ་བའི་དཀྱིལ་འཁོར་ལས་ཕྱིར་མི་འཕགས་པ།ཞལ་གྱི་འོག་ཏུ་བུམ་པ།དེ་འོག་བུམ་གདན་གྲུ་བཞི།དེ་འོག་ཕྲེང་བ་སུམ་བརྩེགས།དེ་འོག་དབྱུག་པ།དེའི་འོག་ཏུ་དྲིལ་བུའི་ཁོག་པ་ཡར་ཕུབ་དབུས་མཐོ་ལ་མཐའ་དམའ་བ།ཁོག་པ་བྱིངས་ཀྱང་སྨད་རིམ་གྱིས་གཡེལ་བའི་མཐའ་ཅུང་ཟད་ཟུམ་པ།རྡོ་རྗེ་དང་རིན་པོ་ཆེའི་རིགས་ལས་བྱས་པའི་དྲིལ་ལྕེའམ་རྡུང་བྱེད་ལྕགས་ཀྱི་དབྱུ་གུ་ཟུར་བརྒྱད་པ།དབུས་ཅུང་མཐོ་བ།དྲིལ་བུའི་ཚད་དང་འཚམས་པ།ཁོག་པ་འཁར་བ་ལས་བྱ་བར་གསུངས་པོ།།
དྲིལ་བུའི་ཚད་ལ།དྲིལ་བུའི་སྲིད་དུ་ཆ་དྲུག་བགོས་པའི་སྟེང་གི་རྡོ་རྗེ་དང་པདྨ་བཅས་པར་ཆ་གཅིག །ཞལ་བུམ་པ་གདན་ཕྲེང་བ་དང་བཅས་པ་ལ་ཆ་གཅིག །དབྱུག་པ་ཆ་གཅིག །ཁོག་པའི་སྟེང་གི་པདྨ་འོག་གི་དྲྭ་བ་དྲྭ་ཕྱེད་བསྡོམས་པས་ཆ་གཅིག །དེ་ནས་མཐའི་བར་ཆ་གཉིས་བཅས་ཆ་དྲུག་གོ།གཞུང་འགའ་ཞིག་ལས།དྲིལ་བུ་ཆ་གསུམ་གསུངས་པའང་གོང་དང་དོན་མཚུངས་སྟེ།ཆ་ཆེན་གསུམ་པོ་ཕྱེད་ཕྱེད་དུ་བགོས་པས་ཆ་དྲུག་དང་།མ་བགོས་པ་ལ་ཆ་གསུམ་དུ་ཤེས་པར་བྱའོ།།དྲིལ་བུ་ཁའི་རྒྱར།ཡར་ཕུབ་ཀྱི་སྲིད་ཐིག་ནས་དྲིལ་ཁའི་བར་གྱི་ཚད་དང་མཉམ་པའོ།།  རྡོར་སེམས་ཡེ་ཤེས་ཀྱི་དྲིལ་བུ་ནི།རྩེ་ལྔ་དང་རྩེ་དགུ་གཉིས་སུ་འབྱུང་བ་ལས།འདིའི་ཁྱད་པར།དྲིལ་ཁ་གོང་གི་ཕྲེང་བ་གཉིས་ཀྱི་བར་བསླང་སྟབས་ཀྱི་ཕྲེང་བ།ཤེས་རབ་མའི་ཞལ་དྲང་ཐད་ཤར་དུ་བྱས་པའི་ཡར་ཕུབ་པདྨ་འདབ་བརྒྱད་ལ།ཤར་དུ་སྒྲོལ་མའི་ས་བོན་ཏཱཾ།བྱང་དུ་གོས་དཀར་མོའི་ས་བོན་བཾ།ནུབ་ཏུ་མཱ་མ་ཀཱིའི་མཾ།ལྷོ་ནུབ་ཙུནྡའི་ཙུ།ནུབ་བྱང་ཁྲོ་གཉེར་ཅན་མའི་བྷྲཱཾ།བྱང་ཤར་ཕྲེང་བ་མཾ།ཤར་ལྷོ་ནོར་རྒྱུན་མ་བཾ་བཅས་ཏེ།ལོགས་སུ་པདྨ་རེའི་ཐད་དྲྭ་བ་བརྒྱད།དེ་སོ་སོའི་བར་དྲྭ་ཕྱེད་བརྒྱད།དྲྭ་བའི་དབུས་སུ་ཤར་ནས་རིམ་པར་འཁོར་ལོ་དང་།རིན་པོ་ཆེ།པདྨ།རལ་གྲི།ཨུཏྤ་ལ་བཅས་དང་།དྲྭ་ཕྱེད་ཀྱི་སྣེར་པདྨ།རིན་པོ་ཆེ།པདྨ།མྱུ་གུ་བཅས་ཏེ།མྱུ་གུ་ནི་རིན་པོ་ཆེའི་ཕྲ་ཚོམས་དང་པ་ཏྲ་འཁྱིལ་བའི་སྦུབས་ནས་ཕྱིར་ཐོན་པ།དེ་སྟེང་རིན་པོ་ཆེ་བེེ་ཌཱུརྱ་བསྟར་ལ་བརྒྱུས་པ་གཉིས་གཉིས་ཀྱི་བར་ན་རྡོ་རྗེ་ཉལ་སྟབས་ཀྱི་ཕྲེང་བ་ཅན་བཅས་སོ།།
གོང་གི་དྲིལ་བུའི་ཚད་དབྱིབས་ནི།རྒྱུད་རྡོ་རྗེ་མཁའ་འགྲོ་དང་སཾ་བྷུ་ཊ་སོགས་ཀྱི་དགོངས་པ་ལྟར་ལ།དུས་འཁོར་ལུགས་ཀྱི་དྲིལ་བུའི་ཁྱད་པར་ནི།དྲིལ་རྩེའི་རྡོ་རྗེ་ཕྱེད་པ་ལ་ཆ་གཅིག །ཞལ་བཞི་ཅན་བུམ་པ་དང་བཅས་པ་ལ་ཆ་གཅིག །ཁོག་པ་ལ་ཆ་གཅིག་བཅས་ཆ་མཉམ་གསུམ་དུ་བྱ་ཞིང་རྭ་ཟུམ་གདེངས་གཉིས་གདམ་ང་ཅན་དང་།ཡང་ན་ཞི་དྲག་གི་ཁྱད་པར་ཡང་ཡིན་ནོ།། དཔའ་བོའི་དྲིལ་བུ་ནི།རྩེ་ལྔ་པ་དང་།རྩེ་དགུ་པ་གང་ཡང་རུང་བར།རྡོ་རྗེའི་ཕྲེང་བ་སོགས་ལྟར་ལ།དྲྭ་བ་དང་དྲྭ་ཕྱེད་སྤངས་པ།དཔངས་སུ་སོར་དགུ།ཁའི་རྒྱ་ཚད་སོར་ལྔ་བྱའོ།། རིགས་སོ་སོའི་དྲིལ་བུ་ནི།རྩེ་ལྔ་པ་ཁོ་ན་སྟེ།རྡོ་རྗེའི་རྩེ་མོ་ཟུམ་པ་དང་།གདེངས་པ་གཉིས་གདམ་ང་ཅན།གཞན་ཕལ་ཆེར་རྡོར་སེམས་ཀྱི་དྲིལ་བུ་དང་མཚུངས་པར།དྲྭ་བའི་ནང་འཁོར་ལོ་དང་།རྡོ་རྗེ།རིན་པོ་ཆེ།པདྨ།རལ་གྲི་སོགས་རིགས་གང་ཡིན་པའི་མཚན་མ་དང་།ཕྲེང་བ་སྟོད་སྨད་གཉིས་ལའང་འཁོར་ལོ་སོགས་རང་རིགས་ཀྱི་མཚན་མའི་ཕྲེང་བ་བཀོད་པ་དང་།རཏ་གླིང་གི་ཀློང་གསལ་སྙིང་ཐིག་རྫོགས་རིམ་གྱི་དབང་དུ།དྲིལ་བུའི་རྩེ་འཁོར་ལོ་དང་།རྡོ་རྗེ་དང་།ནོར་བུ་དང་།པདྨ་དང་།རལ་གྲི་བཅས་ཀྱི་མཚན་པ་སྣ་ཚོགས་པ་ཅན་ནོ།། འདིར་བཤད་བྱ་གཙོ་བོ་རོལ་མོ་དྲིལ་བུ་ཡིན་ཡང་།རྡོར་དྲིལ་གཉིས་ནི་ཐབས་དང་ཤེས་རབ་ཀྱི་རྣམ་པ་གཟུགས་སུ་བཀོད་པ་དང་།རྡོར་དྲིལ་གཉིས་ཁ་བྲལ་ནས་སྤྱོད་སྲོལ་མེད་པས།རྡོ་རྗེ་ལ།རང་གི་རྡོ་རྗེ་ཞེས་བྱ་བ།དེ་བཞིན་གཤེགས་པའི་རྡོ་རྗེ་ནི་སོར་བཅུ་གཉིས་པ།རྩེ་མོ་ལྔ་པ་གསེར་ལས་བྱས་པ་དང་།རྡོ་རྗེ་འཆང་ཆེན་པོའི་རྡོ་རྗེ་ནི།འཇིག་རྟེན་ལས་འདས་པའི་རྡོ་རྗེ་ཞེས་བྱ་སྟེ་ཚད་ལ་ངེས་པ་མེད་དེ་རྩེ་མོ་ལྔ་ཅུང་ཟད་གྱེས་པ།རྭ་བཞི་དབུས་ལ་མ་རེག་ཙམ།འོད་ཟེར་དང་བཅས་པ།ཆ་གསུམ་པའི་འཆང་བཟུང་ཅན་པདྨ་ར་ག་སོགས་ལས་བྱས་པ་སྟེ།རྡོ་རྗེ་རྒྱལ་པོ་སོགས་ཀྱི་རྡོ་རྗེ་ཡང་འདི་དང་མཚུངས་སོ།རྡོ་རྗེ་གནོད་སྦྱིན་དང་།རྡོ་རྗེ་ཧཱུྃ་མཛད་སོགས་ཀྱི་རྡོ་རྗེ་ནི།གནམ་ལྕགས་ཤིན་ཏུ་སྦྱངས་པ་ལས་བྱས་པ།སོར་བཅུ་གཉིས་ཚད་ལ་རྩེ་མོ་ལྔ་པོ་རྣོ་བ།དེ་ཡང་འཆང་བཟུང་ཆ་གསུམ་དང་ལྡན་པ་དང་།མདོག་དམར་ཁྲོ་བོའི་རྡོ་རྗེ་རྭ།ཕྱོགས་བཞི་ཤིན་ཏུ་གྱེས་པའོ།ཞེས་གསུངས་པའི་ཁྲོ་བོ་རིགས་ཀྱི་རྡོ་རྗེ་དང་།གཞན་ཡང་རྡོ་རྗེ་རྩེ་ལྔ་པ་དང་རྩེ་དགུ་པ་ལའང་ཚད་དབྱིབས་མི་འདྲ་བ་དང་།རྒྱུ་རིན་པོ་ཆེའི་རིགས་ལས་བྱས་པ་དང་།རུས་པ་ལས་བྱས་པ་དང་།གནམ་ལྕགས་དང་།འདྲེས་མ་ལས་བྱས་པ་དང་།ཞི་དྲག་གི་ཁྱད་པར་རྩེ་ཟུམ་པ་དང་གདེངས་པའི་ཁྱད་པར་ཅན་དང་།རྡོ་རྗེ་རྩེ་གཅིག་པ་དང་།རྩེ་གསུམ་དང་།རྡོ་རྗེ་ཕྱེད་པ་དང་།རྒྱ་གྲམ་དང་།སྣ་ཚོགས་རྡོ་རྗེ་དང་།རྒྱན་གྱི་རྡོ་རྗེ་དང་།རྡོ་རྗེ་མཚན་པའི་ཕྱག་མཚན་གྱི་རིགས་སོགས་ཤིན་ཏུ་མང་ངོ་།། རྡོ་རྗེའི་ཚད་ལ།རྡོ་རྗེ་ཆེ་ཆུང་གང་ལྟར་བྱ་ཡང་།ཆ་ཆེན་གསུམ་སྟེ།སྲིད་དུ་འཆང་བཟུང་ལ་ཆ་ཆེན་གཅིག །སྟེང་འོག་རྭ་ལ་ཆ་ཆེན་རེ་རེ།ཆ་ཆེན་གཅིག་ལ་ཆ་ཆུང་བཅུ་གཉིས་རེ་སྟེ།རྡོ་རྗེའི་སྲིད་ཚད་དུ་ཆ་ཆུང་སོ་དྲུག་གོ །ལྟེ་བའི་སྲིད་དུ་ཆ་ཆུང་བཞི།ཞེང་ལ་དྲུག །ཟླུམ་སྐོར་སུམ་འགྱུར་སྤྱི་འགྲོས་ལྟར།སྟེང་འོག་གི་པདྨ་དང་ཟླ་དཀྱིལ་ཕྲེང་བ་བཅས་ཀྱི་སྲིད་དུ་ཆ་ཆུང་བཞི།ཞེང་ལ་དྲུག་སྟེ།འཆང་བཟུང་ལའང་ཆ་མཉམ་གསུམ་མོ།ཞིབ་ཏུ་ཕྲེང་བའི་ཞེང་ལ་བཞི།པདྨའི་རྩ་བའི་ཞེང་ལ་བཞི།དབུས་རྭའི་སྲིད་དུ་ཆ་ཆུང་བཅུ་གཉིས།དབུས་སྦོམ་སར་སྲིད་ཀྱི་བཞི་ཆ་གཅིག་ཙམ།ཕྱོགས་རྭ་རྣམས་ཕྱོགས་ཀྱི་པདྨའི་ཐད་ནས་ནང་དུ་ཟུམ་པ།ཆུ་སྲིན་གྱི་གདོང་གི་སྲིད་ལ་རྭ་ཡི་བཞི་ཆ།ཆུ་སྲིན་གྱི་སྣ་རྭ་ལས་ཕྱིར་འཕགས་པའི་ཞེང་ལ་ཆ་ཆུང་གཅིག །  དུས་འཁོར་ལུགས་ཀྱི་རྡོ་རྗེའི་ཚད་ལ།ཆེ་ཆུང་ཇི་ཙམ་བྱ་བའི་རྡོ་རྗེའི་རྭ་ཤན་ནུབ་གཉིས་ཀྱི་ཚད་ལ་གཞི་བྱས་ཏེ།དེ་སུམ་འགྱུར་གྱིས་རྡོ་རྭའི་ཕྱིར་འཁོར་བ།དེ་སུམ་འགྱུར་གྱི་རྡོ་རྗེའི་སྲིད་ཚད།རྡོ་རྗེ་ཆ་གསུམ་མཉམ་པ་དང་།འཆང་བཟུང་ཆ་མཉམ་གསུམ་པ།ཕྱོགས་རྭ་གཅིག་གི་སྲིད་ཚད་དེ་རྡོ་རྗེ་སྲིད་ཚད་ཀྱི་སུམ་ཆར་འགྱུར་ཞིང་།སྤྱིར་རྡོ་རྗེ་ལ་སོར་བཅུ་གཉིས་ཀྱི་ཚད་ཅན་དུ་བྱ་བ་སོགས་བཤད་དོ།གཞན་ཡང་རྒྱན་དང་བྲལ་བའི་འཇམ་རིས་གཙང་མ།གར་གྱི་ཕྱག་མཚན་དུ་གྲགས་པའི་དྲིལ་བུ་དང་།ཤེས་རབ་མའི་ཞལ་གྱི་འོག་ཏུ་སོར་གདུབ་མ་ཞེས་བུ་ག་གཏོད་པ་དང་།འགྲོ་མགོན་ཆོས་འཕགས་ཀྱིས་རྒྱ་ནག་ཏུ་བཟོས་པའི་རིན་ཆེན་ཕྲ་ཚོམས་ཀྱིས་མཛེས་ཤིང་ནང་དུ་འབྲུག་གསུམ་ཡོད་པའི་དྲིལ་བུ་སོགས་ནི་ཡུལ་གྱི་བཟོ་ཁྱད་དང་།སྤྱོད་ཡུལ་གྱི་ཁྱད་པར་ཅན་དུ་ཤེས་པར་བྱའོ།། དྲིལ་བུའི་རྒྱུ་དང་ལུགས་ཐབས་སོགས་ལུགས་བཟོ་དང་སྐད་ལི་བཟོ་ཐབས་ལས་ཤེས་དགོས་སོ།།



  • ལེ་ཚན་སྔོན་མ།:གླིང་བུ།
  • ལེ་ཚན་རྗེས་མ།: སིལ་སྙན།
  • རྩོམ་གསར། 10