གླིང་བུ།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2013-08-23

གླིང་བུ།
ཁམས་ཀཿཐོག་དགོན་གྱི་ཚེས་བཅུ་འབག་འཆམ་སྐབས་འཕྲེད་གླིང་འབུད་བཞིན་པ།

གླིང་བུ་ནི་འབུད་གཏོང་རོལ་མོའི་བྱེ་བྲག་ཤིག་སྟེ།བོད་ཀྱི་ཡིག་ཚང་ལྟར་ན།ཐོག་རྗེ་ཐོག་བཙན་སྐུ་རིང་ལ་དར་ཚུལ་སྔོན་གྱི་ཡིག་ཚང་དུ་འཁོད་པ་ལྟར་ལ། སྤྱིར་རང་རེའི་བོད་དུ་དར་བའི་གླིང་བུ་ལ་འཕྲེད་གླིང་དང་གཞུང་གླིང་གཉིས་ཙམ་དུ་ངེས་ཀྱང་།རྒྱུ་མི་འདྲ་བའི་ཆ་ནས་སྨྱུག་གླིང་དང་།ཤིང་གླིང་།ལྕགས་གླིང་།རྫ་གླིང་།རྒོད་གླིང་སོགས་ཡོད།
དེ་ལས་སྨྱུག་གླིང་ནི་རྒྱུ་སྨྱུག་མ་ལས་གྲུབ་པ་ཞིག་ཡིན་པས།ལེགས་ཉེས་བརྟག་སྐབས་སྨྱུག་གཤིས་དང་མགོ་མཇུག་སྦོམ་ཕྲ་མཉམ་མིན་ལ་བལྟས་ནས།སྨྱུག་གསར་དང་མགོ་མཇུག་སྦོམ་ཕྲ་མི་མཉམ་པའི་རིགས་དག་སྤོངས་དགོས། རང་རེ་བོད་ལ་འཕྲེད་གླིང་གི་སྤྱོད་ཁུངས་ཀྱང་ཁྱབ་ཆེ་བ་སྟེ།དམངས་ཁྲོད་ཀྱི་སྟོད་གཞས་ནང་མ་ནས་མཆོད་སྤྲིན་གར་རོལ་དང་དགོན་སྡེའི་གར་འཆམ་གྱི་ནང་ལའང་བེད་སྤྱོད་ཅིང་།དེ་ཡང་སྟོད་གཞས་ནང་མའི་སྐབས་མངའ་རིས་ཀྱི་སྒྲ་སྙན་དང་ཡང་ཆིན་འཕྲེད་གླིང་སོགས་བརྩམས་ནས་གཏོང་བའི་ཐོག་མའི་སྲོལ་འཛུགས་པ་པོ་ནི་རྡོ་རིང་བསྟན་འཛིན་དཔལ་འབྱོར་མཆོག་ཡིན་ཏེ།༼དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ་༽ཞེས་བྱ་བ་ལས་ཤེས་ཐུབ།དེ་བཞིན་དམངས་གཞས་དང་ཁྲོམ་སྐོར་གྲལ་སྟར་སོགས་ཀྱི་ནང་འཕྲེད་གླིང་ཁེར་གཏོང་དང་སྡེབ་གཏོར་བྱེད་པའང་ཡོད་པ་མ་ཟད།ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ངམ་མཛེས་ཤིང་ཡིད་དུ་འོང་བའི་གར་སྟེགས་ཐོག་འཕྲེད་གླིང་རྐྱང་གཏོང་བྱེད་པའང་ཡོད་པས།དེ་ནི་བཟོ་བདེ།འཁྱེར་བདེ།གཏོང་བདེའི་རོལ་མོ་ཁྱད་པར་ཅན་ཞིག་ཀྱང་ཡིན་པའོ།། ཤིང་གླིང་ནི་རྒྱུ་ཤིང་ལས་གྲུབ་པའི་གླིང་བུ་ཞིག་སྟེ།དེ་ནི་སྨྱུག་གླིང་མི་འདྲ་བར་མགོ་སྦོམ་མཇུག་ཕྲ་བ་ཞིག་ཡིན་ལ།སྤྱིར་ཤིང་གླིང་ཡིན་ན་གཞུང་གླིང་རང་དུ་ངེས་ཤིང་།དེ་ལ་ཡང་མཐེབ་མིག་ལྔ་ལྡན་དང་མཐེབ་མིག་བདུན་ལྡན་གཉིས་སུ་ཡོད།མཐེབ་མིག་བདུན་ལྡན་གྱི་ལྕགས་གླིང་ནི་རྒྱུ་ལྕགས་ལས་གྲུབ་པའི་གླིང་བུ་ཞིག་སྟེ།དེ་ཡིས་ནམ་རྒྱུན་གཞས་དང་ཞབས་བྲོར་རམ་འདེགས་བྱེད་པ་དཀོན་ཡང་བྱིས་པ་རྣམས་ཀྱིས་རྩེད་འཇོར་རོལ་སྐབས་རང་དགར་གཏོང་སྲོལ་མང་།གླིང་བུ་དེ་ནི་གཞི་རྐང་འཕྲེད་གླིང་མཐེབ་དྲུག་མ་ཡིན་པར་དབུགས་བུག་དང་མཐེབ་མིག་བར་དུ་འདམ་སྤྲི་འབྱར་སའི་བུ་ག་མེད་སྟབས།སྐད་སྦོམ་ཞིང་མི་གསང་བ་ཞིག་ཡིན།ལྕགས་གླིང་ནམ་བྱུང་སྐོར་གྱི་ལོ་རྒྱུས་གསལ་བར་མི་ཤེས་ཀྱང་།འཕྲེད་གླིང་ལ་དཔེ་བལྟས་ཏེ་རིག་པས་བསྐྲུན་པ་ཞིག་ཡིན་པ་གོར་མ་ཆག ། རྫ་གླིང་ནི་རྒྱུ་རྫ་ལས་གྲུབ་པའི་གླིང་བུ་ཞིག་སྟེ།སྤྱིར་རོལ་མོའི་བྱེ་བྲག་ཅིག་ཏུ་བྱས་ནས་གཏོང་སྲོལ་མེད་ཀྱང་།རྫ་མཁན་རྣམས་ཀྱིས་རྫ་ཆས་དང་མཉམ་དུ་བཙོངས་ལ།དེའི་བཟོ་དབྱིབས་ལ་ཆ་མཚོན་ན།སྒོང་གཟུགས་སམ་བྱིའུ་གཟུགས་འདྲ་བ་སྣ་ཚོགས་མཆིས་ཤིང་།ལྟོ་བའི་སྟེང་དུ་མཐེབ་མིག་གཉིས་གསུམ་བཞི་སོགས་གང་རུང་ཡོད་ལ།གཏོང་ཚུལ་ནི་གཞུང་གླིང་ལྟ་བུར་སྟེང་ནས་གཏོང་དགོས་པ་ཞིག་ཡིན། རྒོད་གླིང་ནི་གླག་དང་རྒོད་ཀྱི་གཤོག་པའི་དུང་རུས་ལས་བཟོས་པ་ཞིག་ཡིན་པས།བོད་ཀྱི་ས་ཆ་འགར་དུང་རུས་གླིང་བུའམ་རུས་གླིང་ཞེས་ཀྱང་འབོད།དེ་ཡང་གླག་རྒོད་ཀྱི་གཤོག་པའི་དུང་རུས་ཀྱི་མགོ་མཇུག་གཉིས་སྦོམ་ཞིང་དཀྱིལ་གཞུང་ཕྲ་བས་གླིང་བུའི་དབྱིབས་ཀྱང་དེ་ལྟར་ལགས།གཞི་རྐང་རྒོད་གླིང་ལ་མགོར་དབུགས་བུག་གཅིག་དང་གཞུང་རྟའི་སྟེང་མཐེབ་རྒྱག་བུག་མིག་ཡོད་ལ།གཏོང་ཚུལ་ནི་གཞུང་གླིང་ལྟར་ཡིན།གླག་རྒོད་ཀྱི་གཤོག་པའི་དུང་རུས་ལ་རིང་ཐུང་ཕྲ་སྦོམ་སྣ་ཚོགས་འབྱུང་བས་རྒོད་གླིང་ལ་མཐེབ་མིག་གསུམ་ནས་དྲུག་བར་འབྱུང་ལ།སྐད་ཀྱང་ཕྲ་སྦོམ་སྣ་ཚོགས་ཡོད་ཀྱང་གཞི་རྐང་ཧ་ཅང་གསང་ཞིང་སྙན་པ་ཞིག་ཡིན། སྤྱིར་གླིང་བུའི་སྐད་རིང་ཐུང་དྲག་ཞན་སྦོམ་ཕྲ་སྙན་མི་སྙན་ཚང་མ་དབུགས་དང་མཐེབ་ཀྱི་བྱེད་ལས་ལ་རག་ལས་པ་ཞིག་ཡིན་གཤིས།གང་གླིང་བུ་དོན་དུ་གཉེར་བ་དག་གིས་གཅིག་ནས་དབུགས་དབྱུང་བའི་གནས་དང་བྱེད་རྩོལ་རྣམས་ཤེས་དགོས་པ་དང་།གཉིས་ནས་མཐེབ་ཀྱི་གནས་ལུགས་ཡང་དག་པར་རྟོགས་དགོས་ལ།གསུམ་ནས་མཐེབ་དབུགས་ལྷན་སྡེབ་ཀྱི་རྩལ་ལ་བྱང་ཆུབ་པར་བྱ་རྒྱུ་ཤིན་ཏུ་གལ་ཆེ།དེ་ལྟར་བྱུང་ན་གང་གི་གླིང་བུའི་སྒྲ་སྙན་པར་འབྱུང་བས་ཉན་པ་པོ་རྣམས་ཀྱི་རྣ་ཡིད་ལ་བདེ་བའི་དཔལ་སྦྱིན་ནུས་ལ།དེ་ལས་ལྡོག་ཚེ་གླིང་བུ་མ་ཤེས་ངུས་པ་འདྲ་ཞེས་པའི་དཔེ་ལས་མ་འདས་མོད་ཀྱང་།སྒྲའི་སྐྱེ་གནས་གླིང་བུ་ཡིན་པས།དེའི་བཟོ་ལ་མཁས་པའང་གལ་ཆེ་བ་ཡིན་ནོ།།
  • ལེ་ཚན་སྔོན་མ།:དུང་དཀར།
  • ལེ་ཚན་རྗེས་མ།:དྲིལ་བུ།