གླིང་རྗེ་དཔའ་བོའི་དཔོན་བརྒྱུད་ལས་མཆེད་པའི་ལྷ་སྡེ་ཕྱུག་མོ་དབལ་ཤུལ་གསེར་རྟའི་ཡུལ་ལ་གླིང་སྒྲུང་དར་ཁྱབ་ཆེ་བའི་སྐོར་གླེང་བ།

ཨ་བོས་ཚེ་རིང་མགོན་པོ།        2012-10-09

བསྐལ་བཟང་རྒྱལ་སྲས་སྟོང་གི་རྣམ་འཕྲུལ་གཅིག་བསྡུས་ལྷ་ཡི་བུ། །
བརྒྱུད་བཟང་ལྷ་ཀླུ་གཉན་གྱི་མཁྱེན་བརྩེ་ནུས་མཐུའི་དཔལ་གྱི་གཟུགས། །
དཀར་ཕྱོགས་གཉེན་སྐྱོང་བྱམས་དང་སྙིང་རྗེའི་དེད་དཔོན་མི་ཡི་རྗེ། །
ནག་ཕྱོགས་བདུད་འཇོམས་ཐབས་དང་ཤེས་རབ་དབང་ཕྱུག་སེང་ཆེན་རྒྱལ། །
 
ཨེ་མ་འཛམ་གླིང་ལོ་རྒྱུས་སྙན་རྩོམ་དང་པོ་གླིང་རྗེའི་སྒྲུང༌། །
ངོ་མཚར་མཛད་རྗེས་རབ་མཛེས་གསེར་ཕྲེང་རིང་མོ་ལ། །
ཨ་ཧ་བྷོ་ཊའི་ཤར་ནུབ་ཕུན་ཚོགས་འབྱུང་གནས་ཟལ་མོའི་འདབ། །
གསེར་ལྗོངས་མཁས་དབང་མང་པོའི་རིན་ཆེན་མཛེས་རྒྱན་བགྲང་ལས་འདས། །
   ཞེས་ཚིགས་བཅད་དུམ་བུས་སྔོན་བསུས་ཏེ་བརྗོད་པར་འདོད་པ་ནི། མདོ་ཁམས་ས་ཡི་ཐིག་ལེ་གསེར་མགོན་པོ་འབྲོང་རི་སྨུག་པོའི་ཉེ་འདབས་གསེར་ཀླུང་དལ་གྱིས་འབབ་པའི་རྒྱུད། མེ་ཏོག་དང་སྨན་སྣས་བརྒྱན་པའི་རྩྭ་ཐང་དུ་རྟ་ནོར་ལུག་གསུམ་གྱིས་རི་ལུང་ཤོད་གསུམ་གང་ཞིང་། ལྗང་མདོག་ལྡན་པའི་ནགས་ཚལ་དང་། གསེར་རླབས་འཕྱོ་བའི་ཞིང་གྲོང་། གཞན་ཡང་གསེར་དངུལ་ཟངས་ལྕགས་སོགས་གཏེར་མཛོད་ཀྱིས་ཕྱུག་པའི་གནས་ཕུན་སུམ་ཚོགས་པ་ལྷ་ཡུལ་གྱི་སྐྱེད་ཚལ་མི་ཡུལ་དུ་བབས་པ་ལྟ་བུ་ཞེས་བརྗོད་ཆོག་པའི་འབྲོག་སྡེ་ཕྱུག་མོ་དེ་ནི། ངོ་མཚར་དང་མཛེས་སྡུག་ལྡན་པའི་མཚོ་བོད་མཐོ་སྒང་གི་གྲུབ་ཆ་གཙོ་ཤོས་ཤིག་ཡིན་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་་ཁོངས་གཏོག་གསེར་རྟ་རྫོང་ཞེས་པའི་དགེ་ལེགས་དཔལ་འབར་བའི་ཞིང་མཆོག་ཅིག་གོ། །
ས་དེར་གནས་བཅས་པའི་མི་རྣམས་ནི་བོད་རུས་ཆེན་བཞི་ཡི་ནང་ཚན་སྨུག་པོ་ལྡོང་ལས་མཆེད་པའི་དབལ་ཤུལ་གྱི་མི་རྒྱུད་དེ་ཕོ་ལ་དཔའ་མཛངས་དང་སྤྱང་གྲུང་འཛོམས་པ། མོ་ལ་གཤིས་འཇམ་དང་བརྩོན་འགྲུས་ལྡན་པ། བོད་ཀྱི་སྲོལ་རྒྱུན་དང་བཅུ་ཕྲག་རིག་གནས་ཀྱི་འབྱུང་ཁུངས་སུ་གྱུར་བའི་ནང་ཆོས་གྲུབ་མཐའ་སྐྱོང་བའི་དགོན་སྡེ་གྲྭ་ཚང་མང་པོ་དང་། འཛམ་གླིང་སྟེང་མིང་གྲགས་ཆེ་བའི་གསེར་ལྗོངས་ལྔ་རིག་ནང་བསྟན་སློབ་གླིང་གི་གཙོས་ཤེས་རིག་གི་དྲི་བཟང་འཐུལ་བའི་སློབ་གླིང་དུ་མས་མཛེས་བརྗིད་སྤྲས་ཡོད་པའི་ཡུལ་སྡེ་ངོ་མཚར་ཅན་ཞིག་ཡིན་པར་མ་ཟད། སྙན་གྲགས་ཀྱི་བ་དན་རྒྱལ་ཁབ་ཕྱི་ནང་ཀུན་དུ་གཡོ་བའི་མཁས་པ་དང་གྲུབ་པའི་སྐྱེས་བུ་གསེར་གྱི་ཕྲེང་བ་ལྟ་བུ་གང་མང་བྱོན་པའི་རྨད་བྱུང་གནས་མཆོག་ཅིག་ཀྱང་ཡིན་ནོ། །   དེང་འདིར་ཆེད་དུ་གླེང་དགོས་པ་ནི་འཛམ་གླིང་སྟེང་གི་དཔའ་བོའི་བསྟོད་སྒྲུང་སྙན་རྩོམ་རིང་མོའི་བརྗོད་སྙིང་གླིང་རྗེ་གེ་སར་རྒྱལ་པོའི་ཁུ་ཚན། གླིང་ཆེ་རྒྱུད་གསེར་བ་མཆེད་བརྒྱད་ཀྱི་བདག་ས་ཡིན་པ་སྔོན་བྱོན་མཁས་པའི་དབང་པོ་རྣམས་ཀྱི་ལོ་རྒྱུས་གསུང་ཆོས་དང་།  གནའ་མིའི་ངག་རྒྱུན་མང་པོས་ར་སྤྲོད་ཐུབ་པའི་གླིང་རྒྱལ་གྱི་ནང་དཔོན་གཙོ་བོ་ལྡོང་གསེར་བའི་ཉི་འབུམ་དར་ཡག་གི་ལྷ་སྡེ་དང་དཔོན་ཚང་གི་སྐུ་མཁར་སོགས་ཤུལ་དངོས་དཔང་ཆེན་རྡོ་ཁོག་དང་སྙི་ཁོག་གཉིས་ཀྱི་དབུས་སུ་མཆིས་པའི་རྫོང་གནས་དང་། སྙན་ལུང་། རཀྲམ་སོགས་གསེར་རྟའི་ཡུལ་གྲུ་ཀུན་དུ་དཔའ་བོའི་སྙན་སྒྲུང་ནང་མཆིས་པའི་ས་ཆ་དང་བཤད་སྲོལ་བརྗོད་ཀྱིས་མི་ལོང་པ་ཞིག་བཞུགས་ལ། ས་གནས་འདིའི་ཡུལ་མི་མང་ཚོགས་ཀྱིས་ཀྱང་འདས་པའི་ལོ་རྒྱུས་ནས་ད་ལྟ་ལ་མ་ཐུག་གི་བར་དུ་གླིང་གེ་སར་གྱི་རྣམ་ཐར་མི་རབས་ནས་མི་རབས་ཀྱི་ངག་ནས་ངག་ཏུ་བརྒྱུད་སྤེལ་བྱས་པའི་སྲོལ་ལུགས་དར་ཁྱབ་གཞན་ལས་ཆེ་བ། གླིང་གེ་སར་སྲུང་མ་རུ་བརྟེན་པ། འཚོ་བའི་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་སུ་གླིང་གེ་སར་གྱི་དོན་དངོས་ལོ་རྒྱུས་དང་འདྲིས་ཆ་ཆེ་བའི་དབང་གིས་གསེར་རྟའི་ཡུལ་དམངས་རྒན་དར་གཞོན་གསུམ་གྱི་ཁྲོད་དུ། གླིང་གི་མི་སྣ་གཙོ་གྲས་དག་གིས་ཕྱོགས་བཞིའི་དགྲ་བཞི་འདུལ་ཚུལ་དང་།རྟ་རྒྱུག་ནོར་བུ་ཆ་བདུན། འཁྲུངས་གླིང་མེ་ཏོག་ར་བ་སོགས་ལྷ་སྒྲུང་རིང་མོའི་ནང་ཚན་དུམ་འགའ་རེ་དང་། གླིང་གི་དཔའ་བོ་དཔའ་མོའི་རྟོགས་བརྗོད་རེ་མི་ཤེས་མཁན་ཕལ་ཆེར་མེད་པ་དང་། དེ་བཞིན་དུ་གླིང་གི་དཔའ་བོའི་མཛད་རྗེས་དང་འབྲེལ་བའི་སྐོར་སྔོན་གནས་རྗེས་དྲན་གྱི་སྒོ་ནས་རྣམ་ཐར་འདྲ་མིན་དང་། གེ་སར་རྒྱལ་པོའི་སྒྲུབ་སྐོར། བསང་དང་གསོལ་མཆོད་སོགས་ཀྱི་ཐད་ནས་བཀའ་གཏེར་ཆུ་བོ་གཅིག་འདྲེས་ཀྱི་ཀློང་མཛོད་བརྡོལ་བའི་རྫོང་གཏེར་ཀུན་བཟང་ཉི་མ།སྒྲུང་གཏེར་ཉི་མ་རང་ཤར། འདན་སྲས་ཆུང་གཡུ་འོད་འབུམ་མེའི་རྣམ་རོལ་དུ་གྲགས་པའི་ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་བོ། ཨོ་རྒྱན་སྤྲུལ་བའི་གཏེར་ཆེན་སེ་ར་ཡང་སྤྲུལ་མཆོག། གཏེར་སྟོན་བསམ་རྒྱས། འཇང་སྲས་གཡུ་ལྷའི་རོལ་གར་ནམ་སྤྲུལ་ཨོ་རྒྱན་ནམ་མཁའ་གླིང་བ། ནེའུ་ཆུང་དངོས་བྱོན་ཏཱ་རེ་བདེ་ཆེན་རྒྱལ་མོ་སོགས་ཀྱི་མཛད་རྗེས་རྣམ་ཐར་དར་སྤེལ་བརྒྱུད་འཛིན་ལ་བཀའ་དྲིནམཚུངས་མེད་ཅན་མང་དུ་བྱོན་མྱོང་བར་མ་ཟད། ཁོང་རྣམ་པས་གླིང་གེ་སར་དང་འབྲེལ་བའི་དབང་སྒྲུབ་གསོལ་མཆོད་སོགས་ཀྱི་ཆོས་རྒྱུན་འཛིན་པའི་བུ་སློབ་ཀྱང་ཤིན་ཏུ་མང་པོ་བཞུགས་པར་མ་ཟད་དེ་དག་གིས་ད་ལྟ་གླིང་སྒྲུང་ཚུད་པའི་བོད་ཀྱི་རིག་གནས་ཀྱི་བསྟན་པ་བོད་ཙམ་མ་ཟད་འཛམ་གླིང་གི་ཁྱོན་ལ་དར་སྤེལ་གནང་དང་གནང་བཞིན་ཡོད་ཅེས་བཤད་ཀྱང་ངོ་གནོང་མི་དགོས་སོ། །
 གཞན་ཡང་གནས་འདིར་རྒྱལ་ཡོངས་སུ་གྲགས་ཆེ་བའི་རྫ་བུ་རིག་འཛིན་རྡོ་རྗེ་སོགས་ཐོལ་བྱུང་རང་བབ་ཀྱི་སྒྲུང་མཁན་དང་། གེ་སར་གཙོ་བོར་གྱུར་བའི་བོད་ཀྱི་རྣམ་ཐར་འཁྲབ་སྟོན་ཆེད་མཁས་པ་ཆོས་ཀྱིས་སོགས་ནམ་མཁའི་རྒྱུ་སྐར་ལྟར་བྱོན་མྱོང་བ་མ་ཟད། དེང་ཡང་དངོས་སུ་ཞལ་བཞུགས་པའི་རྡོ་གྲུབ་མཆོག་སྤྲུལ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། སྤྲུལ་བའི་གཏེར་ཆེན་འོད་ཤེར་མཆོག་དང། གླིང་རྗེ་རྒྱལ་མཆོག་གྱི་རྣམ་རོལ་དུ་གྲགས་པ་རྗེ་བཙུན་དམ་པ་རིག་འཛིན་ཉི་མ་མཆོག། གླིང་རྒྱལ་ནོར་བུའི་གཅེས་ཕྲུག་བྱང་སྲས་ཨུནྡྲ་ལེགས་པའི་རོལ་གར་སྙན་ལུང་མཆོག་སྤྲུལ་མཚོ་བྱུང་བཞད་པའི་རྡོ་རྗེ་སོགས་བཀའ་གཏེར་དག་སྣང་གི་སྒོ་ནས་གླིང་སྒྲུང་ནོར་བུའི་ཆོས་ཚན་དང་སྒྲུང་ཚན་དུ་མ་ཕབ་འབྲི་གནང་མཁན་སྐྱེས་བུ་དམ་པ་མང་པོས་གླིང་དང་འབྲེལ་ཡོད་ཀྱི་བོད་ཀྱི་རིག་གནས་ལ་ཕྱག་རྗེས་གར་ཆེན་བཞག་ཡོད་ལ་བཀའ་དྲིན་ཡང་གཞལ་དུ་མེད་མོད། དེ་བཞིན་དུ་ས་ཁུལ་འདིར་རྫོང་རྣམ་ཐར་ཚོགས་པ་དང་། གཞན་ཡང་གླིང་གེ་སར་གྱི་རྣམ་ཐར་ཟློས་གར་གྱི་ལམ་ནས་བརྒྱུད་འཛིན་དར་སྤེལ་གནང་མཁན་གྱི་དགོན་པ་ཡང་མི་ཉུང་བ་ཞིག་ཡོད་པར་མ་ཟད། བོད་ཁུལ་གྱི་གླིང་གེ་སར་སྒྲུང་གི་ཟློས་གར་འཁྲབ་སྟོན་བྱེད་མཁན་ཀུན་ཀྱི་ཕྱི་མོ་ལྟ་བུ་གསེར་རྟ་རྣམ་ཐར་ཚོགས་པ་ལྟ་བུས་མཚོན་བོད་ཁུལ་ཙམ་མ་ཟད། རྒྱལ་ནང་དང་ཕྱི་གླིང་དབྱིན་ཇུ་སོགས་རྒྱལ་ཁབ་ཕྱི་ནང་མང་པོར་འཁྲབ་སྟོན་ལ་ཕེབས་མྱོང་བ་དང་། པོ་ལན་རྒྱལ་ཁབ་ཏུ་འཚོགས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་སུམ་ཅུ་ལྷག་གིས་མཉམ་སྒྲུབ་སྒྱུ་རྩལ་དུས་ཆེན་ཞིག་གི་སྟེང་དུ་གེ་སར་བྲོ་གར་སོགས་འཁྲབ་སྟོན་གནང་ནས་གཟེངས་བསྟོད་ཨང་དང་པོའི་བྱ་དགའི་རྟགས་མ་དང་། གཞན་གྲོང་ཁྱེར་དེའི་མགོ་དཔོན་གྱི་བྱ་དགའི་རྟགས་མ། གཟིགས་མོ་བ་མགྲིན་གཅིག་ཡིད་ཚིམ་བྱ་དགའི་རྟགས་མ་སོགས་བསྟོད་བསྔགས་མང་དུ་ཐོབ་ཏེ་སྤྱིར་བོད་ཀྱི་རིག་གནས་དང་དགོས་གླིང་གེ་སར་གྱི་བྱ་བར་གྲུབ་འབྲས་སམ་བྱས་རྗེས་ཆེན་པོ་འཇོག་མྱོང་ཞིང་། ཚོགས་པ་དེ་ནས་འཚར་ལོངས་བྱུང་བའི་རིག་དགའ། དར་མཚོ། པད་འཕྲིན། འཇིག་པོ། དཔལ་གྲགས་སོགས་གླིང་སྒྲུང་འཁྲབ་སྟོན་དང་། བྲོ་གར། འབྲོག་གླུ་སོགས་ལ་ཆེད་དུ་མཁས་པའི་མི་སྣ་མང་པོས་གངས་ལྗོངས་ཁྱད་འཕགས་རིག་གནས་ལ་བྱས་རྗེས་འཇོག་བཞིན་མཆིས།    དེ་མིན་གླིང་གེ་སར་རིག་གནས་ཞིབ་འཇུག་དང་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་ཡིག་གྲངས་མང་སྤེལ་མཁན་གྱི་ཡུལ་འདིའི་མཁས་པ་དགེ་རྩེ་ཞི་ཆུང་དང་། དབལ་ཤུལ་བསོད་ནམས་དར་རྒྱས། ན་གཞོན་རྩོམ་པ་པོ་ཤཱཀྱ་ཐར་སོགས་གླིང་སྒྲུང་ཞིབ་འཇུག་ཆེད་མཁས་པ་ཁག་ཅིག་དང་། གཞན་ད་ལྟ་རྒྱལ་ཕྱི་ནང་ལ་གྲགས་པའི་གླིང་གེ་སར་སྟོང་ཐང་ཆེན་མོའི་བཟོ་རྩལ་ཇུས་འགོད་པ་ལྷ་རིས་སྒྱུ་རྩལ་ཆེད་མཁས་པ་ལེགས་སྨོན་དང་། གེ་སར་ལྷ་རིས་པ་ཐུབ་ཆོས་སོགས་མང་དུ་བཞུགས་པ་དང་། གླིང་གེ་སར་འབག་བཟོ་བ།   གླིང་གེ་སར་རྡོ་བརྐོས་ལག་རྩལ་བ་སོགས་གླིང་གེ་སར་སྒྱུ་རྩལ་སྣ་ཚོགས་དར་སྤེལ་བརྒྱུད་འཛིན་པ་མང་པོས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་གྲུབ་འབྲས་མི་དམན་པ་རེ་བླངས་ཏེ།  རྒྱལ་ཁབ་ཀྱིས་དངོས་མིན་ཤུལ་བཞག་རིག་གནས་ཞེས་རྩ་ཆེན་དུ་བགྲང་བཞིན་པའི་གླིང་གེ་སར་གྱི་བྱ་བ་དར་སྤེལ་བརྒྱུད་འཛིན་ལ་ནུས་ཤུགས་ཆེན་པོ་འདོན་དང་འདོན་བཞིན་ཡོད་པར་མ་ཟད། ས་གནས་ཀྱི་སྤྱི་ཚོགས་དཔལ་ཡོན་ལ་ཡང་རམ་འདེགས་རྒྱ་ཆེན་པོ་ཐོན་དང་ཐོན་བཞིན་ཡོད།
   སླར་སྨྲ་དགོས་པ་ཞིག་ནི། སྔ་རྗེས་སུ་གསེར་རྟ་རྫོང་ཨུ་དང་རྗོང་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་དག་གིས་ཀྱང་ས་གནས་ཀྱི་གླིང་གེ་སར་ལས་རིགས་ཀྱི་བྱ་བ་ཀུན་ལ་མཐོང་ཆེན་དང་རྒྱབ་སྐྱོར་གང་མང་གནང་སྟེ་གེ་སར་དང་འབྲེལ་ཡོད་ཀྱི་བྱ་བ་ཡར་ངོའི་ཟླ་ལྟར་དར་རྒྱས་སུ་འགྲོ་མུས་དང་། ཉེ་ཆར་ཡང་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིས་ངོས་བླངས་པའི་གླིང་གེ་སར་གཞིས་ཁྱིམ་ཞེས་པའི་ཆེད་ལས་ཁང་དུ་ཡུལ་འདིའི་དམངས་ཁྲོད་སྒྲུང་མཁན་ཐུབ་བསྟན་ལགས་དང་། རཀྲམ་བསོད་མཐར་སོགས་གདན་ཞུས་ཏེ་རྒྱུན་པར་ངག་ཐོག་ནས་སྒྲུང་བཤད་འདོན་སྒོ་ནས་ཡུལ་མི་རྣམས་ཀྱི་རེ་བ་བསྐང་བ་དང་། དམངས་ཁྲོད་ངག་སྒྲུང་གི་རྒྱུན་སྐྱོང་བཞིན་པའི་སྐབས་ལགས།    མདོར་ན་གསེར་རྟ་ས་ཁུལ་ནི་བོད་ཀྱི་དཔའ་བོའི་ཡང་རྩེ་གླིང་རྗེ་གེ་སར་གྱི་རྣམ་ཐར་གྱི་ས་བོན་རྒྱས་ལ་ལོ་མ་མཛེས་པ། འབྲས་བུ་ཡང་ཕུན་སུམ་ཚོགས་པའི་ས་གནས་གཞན་ལས་ལྷག་པའི་ཁྱད་ཆོས་དང་། བོད་ཀྱི་ཤུལ་བཞག་རིག་གནས་ལ་ཞིབ་འཇུག་དང་བརྒྱུད་སྤེལ་འདོད་པ་དག་ལ་མེད་དུ་མི་རུང་བའི་ལོ་རྒྱུས་དཔྱད་སྒོའི་ནོར་བུ་རིན་པོ་ལྟ་བུའི་གཏེར་མཛོད་ཉག་གཅིག་ལགས་སོ། །
  • ལེ་ཚན་སྔོན་མ།:གསེར་ཐར་ཡུལ་དང་ཁྲ་མོ་གླིང་།
  • ལེ་ཚན་རྗེས་མ།:མདོ་ཁམས་སྡེ་དགེའི་ཡུལ་གྱི་ཁྲ་མོ་གླིང་དང་འབྲེལ་བའི་རྗེས་ཤུལ་འགའ་ཞིག་གསལ་བར་བརྗོད་པ་སེང་ཆེན་དགྱེས་པའི་
  • དོ་སྣང་ཆེ་བའི་རྩོམ།