མཚོ་སྔོན་དུ་བསྐྱོད་པའི་མཐོང་ཐོས་རགས་བྲིས།

ཨོ་རྒྱན་དོན་གྲུབ།        2011-08-09

 
ཀྲུང་གོའི་བོད་སྐད་སྨྱད་བྱད་ཀྱི་ལས་གཉེར་ཚོགས་འདུ་ཐེངས་བཅུ་གཉིས་པ་དེ་མཚོ་སྔོན་བོད་ཡིག་ཚགས་པར་ཁང་གིས་གཙོ་གཉེར་འོག་སྤྱི་ལོ༢༠༡༡ལོའི་སྤྱི་ཟླ་༧་པའི་ཚེས་ཉེར་བཞི་ཉིན་ནས་མགོ་བརྩམས་ཏེ་གནའ་མཁར་ཟི་ལིང་གྲོང་གི་ལྟེ་བར་བསྡུ་རྒྱུ་ཡིན་པའི་བརྡ་ཐོ་འབྱོར་བས་གོང་རིམ་དབུ་ཁྲིད་ཀྱིས་བཀའ་བཀོད་བཞིན་སྤྱི་ཟླ་བདུན་པའི་ཚེས་༢༠ཉིན་གྱི་ཞོགས་པའི་དུས་ཚོད་དགུ་པར་ངེད་ཅག་ཁམས་དར་རྩེ་མདོ་ནས་ཁྲེན་ཏུའུ་ཕྱོགས་སུ་མགྲོན་འཁོར་དུ་བསྡད་ནས་ལམ་ལ་ཆས་པ་ཡིན།ལམ་བར་དུ་ལྕགས་ཟམ་ཁར་ཆུ་གློག་ས་ཚིགས་ཆེན་མོ་ཞིག་བཟོ་བསྐྲུན་བྱེད་བཞིན་ཡོད་པས་དེར་རི་ཤུད་ས་ཉུལ་གྱི་དོན་རྐྱེན་འབྱུང་གིན་འདུག་པས་རླངས་འཁོར་བཀག་པ་སོགས་ཀྱིས་འགོར་འགྱང་བྱུང་ཞིང་།ཇག་ལ་རི་བོའི་ཕུག་ལམ་བརྒྱུད་དེ།རྒྱལ་རོང་འགག་སྨད་རྒྱལ་པོའི་ཞིང་ས་བརྒྱུད་ནས་གཡག་རྔ་མགྱོགས་ལམ་ནས་ཁྲེན་ཏུའུ་གྲོང་ཁྱེར་དུ་འབྱོར་སྐབས་ཧ་ལམ་ཕྱི་དྲོའི་དུས་ཚོད་བདུན་པར་སླེབས་འདུག།མགྲོན་ཁང་སོགས་གཏན་ཁེལ་བྱས་རྗེས་གྲོགས་ཀྱིས་མགྲོན་འབོད་ལྟར་རྒྱ་ཁོག་ཡིད་ཚིམ་པ་ཞིག་ཟོས་རྗེས་གྲོང་ཁྱེར་འདིའི་མཁའ་རླུང་དྲོན་མོ་གདོང་གིས་རྔུབ་ཞོར་ཕྱིར་མགྲོན་ཁང་དུ་ལོག་པ་ཡིན།དུས་སྐབས་འདི་དག་ལ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་དབྱར་གནང་ལ་ཁེལ་ཡོད་སྟབས་ཡར་འགྲོ་མར་འགྲོའི་མགྲོན་པོ་མང་བས་ཁྲེན་ཏུའུ་ནས་ཟི་ལིང་དུ་གནམ་གྲུའི་པ་སེ་ཉོ་ཐུབ་ཀྱིན་མི་འདུག།འབྲེལ་བ་མང་པོ་བརྒྱུད་མཐར་ཉིན་གཉིས་ཀྱི་ཞུགས་ཀྱི་གནམ་གྲུའི་པ་སེ་རེར་གླ་རིན་ལྷག་སྣོན་བྱས་ནས་ཉོས་ཐུབ་སོང་།ཁྲེན་ཏུའུ་གྲོང་ཁྱེར་ནས་ཉིན་གཉིས་ཀྱི་རིང་ལ་བསྡད་དགོས་བྱུང་བས་ཚ་དྲོད་ཀྱིས་བཟོད་ཐུབ་མི་ཐུབ་བྱུང་།
སྤྱི་ཟླ་༧པའི་ཚེས་༢༣ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་པར་གནམ་གྲུར་བསྡད་དེ་མཁའ་ལམ་བརྒྱུད་ནས་ཆུ་ཚོད་གཅིག་དང་སྐར་མ་བཞི་བཅུ་ཙམ་གྱི་དུས་ཡུན་གྱིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་གནམ་གྲུ་ཐང་དུ་འབྱོར།དེ་གར་བསུ་མ་དག་གིས་བརྩེ་འཛུམ་གྱིས་སྣེ་ལེན་འོག་ལྗོངས་འཁོར་ཞིག་བསྡད་ནས་ཟི་ལིང་གྲོང་ཁྱེར་གྱི་ཕྱོགས་སུ་བསྐྱོད་པ་ཡིན།ང་ཚོ་བསུ་སར་ཡོང་མི་རླངས་འཁོར་ཁ་ལོ་བ་ཕོ་སར་ཚོ་སྟུག་ཤིག་དང་སྨིན་དྲུག་མཚོ་ཞེས་བོད་རིགས་བུ་མོ་ཆ་བྱད་ཡོངས་རྫོགས་ཤར་ཕྱོགས་ཀྱི་ལུགས་སུ་འགྱུར་བའི་བུད་མེད་གཟུགས་ཕྲ་མོ་གཉིས་ཡོད།
    སེམས་ཀྱིས་དྲན་པའི་ཟི་ལིང་གྲོང་ཁྱེར་དང་།།
    མིག་གིས་མཐོང་བའི་ཟི་ལིང་གྲོང་ཁྱེར་གཉིས།།
    མཐོང་ཆོས་ཡུལ་དུ་དངོས་སུ་མ་གྱུར་ན།།
    སེམས་ཀྱི་དྲན་པས་ཚད་མར་ག་ནས་ཡོང་།།
   སྤྱིར་མདོ་སྨད་གྱི་ལིང་རྟ་ཡི་ཆོལ་ཁ་ཞེས་མེས་པོ་དག་གིས་མིང་སྙན་མོ་ཞིག་བཏགས་པས་མ་ཚད་དེང་སང་ལྟར་ན་མདོ་སྨད་ཤེས་རིག་གི་ཆོལ་ཁ་ཞེས་དེ་བས་མིང་ཡ་མཚན་ཞིག་བཏགས་ཡོད་པས་ལོས་ཡིན།ང་རང་ཚོགས་འདུ་འདིར་ཞུགས་པར་བཀོད་བསྒྲིགས་ཡོད་པ་དེ་ཐོས་ཚུན་བདག་གི་སེམས་སུ་སྨྲ་མི་ཤེས་པའི་སྤྲོ་བས་ཁེངས་པ་མ་ཟད་དེང་རབས་བོད་ཀྱི་མཁས་དབང་མང་དག་འདུ་གནས་གནའ་མཁར་ཟི་ལིང་གྲོང་ལ་དེ་བས་འགྲོ་འདོད་ཀྱི་འདུན་པ་ཟབ་མོ་བྱང་ཁོག་ན་ལྡིར་ཞིང་།བོད་ཀྱི་མཁས་དབང་དེ་ཚོར་མཇལ་འདོད་ཀྱི་དད་འདུན་ཟབ་མོའི་རེ་བ་ཆེན་པོ་བཅིངས་བཞིན་རེ་ཞིང་སྒུག་པ་ཡིན།ལྗོངས་འཁོར་དུ་བསྡད་ནས་ཟི་ལིང་གྲོང་མཐའ་ནས་གྲོང་དཀྱིལ་བར་དུ་དུས་ཚོད་སྐར་མ་བཞི་བཅུ་ལྷག་བསྐྱོད་དེ།མིག་གིས་གཞུང་ལམ་གཡས་གཡོན་གྱི་ཚོང་ཁང་དང་ལས་ཁང་སོ་སོའི་སྒོ་བྱང་ལ་ཉུལ་ཞིང་ས་ཆ་འདིའི་ཕྱོགས་ནས་ངའི་ཕ་ཡིག་གི་གོ་གནས་ག་འདྲ་ཞིག་ལ་སླེབས་ཡོད་སྙམ་བཞིན་དབུག་ཧྲིལ་ཧྲིལ་གྱིས་བལྟས་རུང་སྒོ་བྱང་བོད་ཡིག་ཅན་ཞིག་ཧ་ལམ་མཐོང་ཆོས་སུ་མ་གྱུར་བས་ཟི་ལིང་གྲོང་ཁྱེར་གྱི་ཐོག་མའི་མཐོང་ཐོས་ཀྱིས་ངའི་སེམས་ཀྱི་མགུ་ཁ་གཏན་ནས་བསྐངས་མ་སོང་།སྣེ་ལེན་པའི་བུ་མོ་དེས་ང་ཚོ་ལ་མགྲོན་ཁང་སོགས་བཀོད་སྒྲིག་བྱས་རྗེས་ཁོ་མོ་རང་གནས་སུ་ལོག  ཁོ་མོ་འགྲོ་ཁར་ངས་གནས་འདི་ན་བོད་པ་ཡོད་ནི་ཨེ་རེད་ཅེས་རྒྱུས་མེད་པའི་སྐད་ཆ་ཞིག་དྲིས་ཚེ།ཁོ་མོས་ཡོད་ནི་རེད།རླངས་འཁོར་ས་ཚིགས་དང་མེ་འཁོར་ས་ཚིགས་སུ་བོད་རིགས་མང་ནི་ཧུའུ་རིགས་མང་ནི་རེད།རྐུན་མ་མང་ནི་རེད་ཅེས་ལན་བཏབ་བྱུང་བས་སྐད་ཆ་དེས་ངའི་ཡིད་སེམས་བློང་བློང་པོར་བཏང་སོང་།
ཟླ་བ་བདུན་པའི་ཚེས་༢༥ཉིན་གྱི་ཞོགས་པར་ཤར་ཕྱོགས་གཙང་བོའི་མགྲོན་ཁང་ཆེན་མོ་རུ་ནན་ཅིང་སློབ་གྲྭ་ཆེན་མོའི་གསར་འགྱུར་བརྒྱུད་སྒྲོག་སློབ་གླིང་གི་གླིང་གཙོ་ཧྥིང་ཀྲེན་མིང་མཆོག་ནས་བོད་ཡིག་དང་རྒྱ་ཡིག་གི་སྨྱན་བྱད་ཀྱི་གྲུབ་ཆའི་གཙོ་བོ་དང་།སྨྱན་བྱད་ཀྱི་འཕེལ་རིམ་དང་འཕེལ་ཕྱོགས་ལ་ངོ་སྤྲོད་རྒྱས་པ་གནང་ཞིང་མ་འོངས་པར་བོད་སྐད་ཡིག་སྨྱན་བྱད་ཀྱི་འཕེལ་ཕྱོགས་ལ་ཁ་ཚ་དགོས་གཏུག་གི་མན་ངག་གནང་།དེ་ནས་ཐེངས་འདིའི་ཚོགས་འདུ་རུ་ཞུགས་པའི་ཚོགས་མི་ཡོངས་རྫོགས་ཚོ་ཆུང་གཉིས་སུ་བགོས་པ་དང་།འགོ་ཁྲིད་ཚོ་ཆུང་གིས་ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་དུ་འདུས་པའི་རྩོམ་ཡིག་དག་ལ་ཤན་འབྱེན་བྱེད་པ་དང་།ཚོ་ཆུང་གཞན་པ་དེས་མིག་སྔར་ལྗོངས་ཞིང་ལྔ་ནས་གཅིག་གྱུར་ཏུ་བཀོལ་སྤྱོད་བྱུང་མེད་པའི་གསར་བྱུང་ཐ་སྙད་དམ་མིང་བརྡ་༦༩ཡོད་པ་དེ་དག་གཅིག་གྱུར་གྱི་མིང་བརྡའམ་ཐ་སྙད་ཅིག་ལ་གཏན་འཁེལ་བྱས་པ་རེད།   ཉིན་དེའི་ཕྱི་དྲོའེ་དུས་ཚོད་གསུམ་པའི་སྟེང་དུ་མགྲོན་ཁང་ཆེན་མོ་དེའི་ཐོག་ཁང་བཞི་པའི་གྲོས་ཚོགས་ཁང་དུ་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དགེ་གཉེན་མཆོག་གིས་མདོ་འཛིན་འོག་ཀྲུང་གོའི་བོད་སྐད་སྨྱན་བྱད་ཀྱི་ལས་གཉེར་ཚོགས་འདུ་ཐེངས་༡༢པ་དངོས་སུ་མགོ་བརྩམས་ཤིང་ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ལས་ཁུངས་ཀྱི་དབུ་ཁྲིད་དག་གིས་གསུང་བཤད་དང་ཐུགས་ཁུར་གནང་ཞིང་ཐེངས་འདིའི་ཚོགས་འདུ་ལ་བླ་ན་མེད་པའི་མཐོང་ཆེན་དང་རྒྱབ་སྐྱོར་གནང་འདུགཉིན་དེའི་དགོང་མོར་དགོང་ཟས་ཟོས་རྗེས་བདེ་ལྡན་གླིང་ཞེས་བོད་ཀྱི་གླུ་གར་ཁང་ཞིག་ཏུ་ལྟད་མོ་གྱ་ནོམ་པ་ཞིག་ལ་རོལ་བ་ཡིན།ཕྱི་ཉིན་གྱི་ཞོགས་པར་དུས་ཚོད་བརྒྱད་པར་ད་ཐེངས་ཚོགས་འདུའི་རྩ་འཛུགས་བཞིན་རྗེ་སྐུ་འབུམ་མཇལ་དུ་སོང་བ་ཡིན།རྗེ་སྐུ་འབུམ་ནི་ཟི་ལིང་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་སྤྱི་ལེ་ཉེར་ལྔ་ཙམ་གྱིས་རྒྱང་བའི་སར་བཏབ་ཡོད།ལམ་བར་དུ་ཡུལ་སྐོར་སྣེ་ལེན་ཤན་པ་རྒྱ་རིགས་བུ་མོ་དེས་ཁ་བདེ་ལྕེ་བདེའི་སྒོ་ནས་སྐུ་འབུམ་བྱམས་པ་གླིང་གི་ངོ་སྤྲོད་རྒྱས་པ་ཞིག་བྱས།རླངས་འཁོར་ལས་སར་བབས་མ་ཐག་མིག་ལམ་དུ་མངོན་ཡོང་བ་ནི་གྲལ་འགྲིགས་པའི་མཆོད་རྟེན་ཆ་བརྒྱད་དེ་རེད།ངའི་སེམས་སུ་ཡིད་ཆེས་དང་དད་འདུན་གྱིས་ཀུན་ནས་བརྟས་ཏེ་རེ་རེ་བཞིན་མཇལ་དུ་སོང་བ་ཡིན།དེ་རུ་རྟེན་གྱི་གཙོ་བོ་རྗེ་ཙོང་ཁ་བའི་ཡུམ་གྱིས་ཐུགས་ཁུར་བཞེས་ཤིང་དད་ལྡན་མང་པོས་རོགས་རམ་བྱས་ཏེ་རྗེ་ཙོང་ཁ་པ་ཆེན་པོ་སྐུ་འཁྲུངས་ནས་ལྟེ་ཁྲག་བོར་བའི་ས་གནས་དེར་ཤིང་ཙན་དན་གྱི་སྡོང་བོ་ཞིག་སྐྱེས་པ་དེ་ཉིད་སྙིང་པོར་བཞུགས་ཤིང་།རྒྱལ་བ་སེང་གེའི་ང་རོའི་སྐུ་བརྙན་འབུམ་གཅིག་དཔར་དུ་བཏབ་པ་གཟུངས་སུ་ཕུལ་བའི་མཆོད་རྟེན་པདྨ་སྤུངས་པ་དང་།རྒྱལ་བ་བྱམས་པའི་སྐུ་བརྙན་ཆེན་པོ།ཚོགས་ཆེན་འདུ་ཁང་ཀ་བ་བརྒྱ་དང་ལྔ་བཅུ་ང་བཞི་ཡོད་པ།དེའི་མདུན་རྒྱབ་རྣམས་ཀྱི་ལྷ་ཁང་།གཟིམས་ཁང་གོང་འོགདཔལ་ལྡན་བཤད་སྒྲུབ་གླིང་དང་།གསང་སྔགས་བདེ་ཆེན་གླིང་།གསོ་རིག་དར་རྒྱས་གླིང་།རིགས་ལྡན་བློ་གསལ་གླིང་བཅས་ཁྱོན་གྲྭ་ཚང་ཁག་བཞིའི་འདུ་ཁང་།  བཙན་ཁང་སྤྱི་སོ་ཁང་།དཔར་ཁང་སོགས་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་ཕྲག་འགའ་ཞིག་ཡོད།དེ་དག་དང་མར་གྱི་སྐུ་བརྙན་སོགས་ལ་མཆོད་མཇལ་བྱས་ཏེ་གསོལ་བ་དང་སྨོན་ལམ་རྒྱས་པ་རེ་བཏབ་ནས་ཆགས་ཞེན་གྱི་ཕྱིར་མིག་འཕེན་གྱིན་རྗེ་སྐུ་འབུམ་དང་རིང་དུ་བྲལ་ནས་བོད་སྨན་ཨ་རི་རྟགས་ཅན་གྱི་བཟོ་གྲྭ་དང་འཛམ་གླིང་ནོར་བུའི་མཛོད་དུ་སྙན་གྲགས་གསེར་གནག་གི་གཟི་བྱིན་ལྷམ་མེར་བཀྲ་བའི་ཀུན་འདུས་ཞལ་ཐང་ཆེན་མོར་མཇལ་དུ་སོང་བ་ཡིན།ཀུན་འདུས་ཞལ་ཐང་ཆེན་མོ་དེ་ཉིད་མཐོང་མ་ཐག་ཏུ་དངོས་གནས་ཡ་མཚར་ཞིང་ཧ་ལས་དགོས་པའི་ཤུལ་བཞག་རིག་གནས་རིན་ཐང་བྲལ་བ་ཞིག་རེད་ཨང་སྙམ་བཞིན་དགའ་ཚོར་དཔག་མེད་བྱུང་།དེ་ནི་མཁྱེན་དཔྱོད་བློ་གྲོས་མཁའ་ལྟར་ཡངས་བའི་སྐུ་ཞབས་བརྩོན་འགྲུས་རབ་རྒྱས་མཆོག་གིས་གཙོ་བཞེངས་མཛད་པ་ཡིན་ལ།སྲིད་ལ་རྨིད་༦༡༨དང་ཞེང་ལ་རྨིད2.5།སྒྱུ་རྩལ་པ་སུམ་བརྒྱ་ལྷག་གིས་བགྲང་བྱ་ཧྲིལ་པོ་བཞི་ཡི་རིང་ལ་ཉིན་མཚན་ལྟོས་མེད་ཀྱིས་འབད་པ་བསྐྱེད་ནས་གྲུབ་པ་ཞིག་ཡིན་ལ།མི་གཅིག་གིས་བཞེངས་ན་བགྲང་བྱ་ཧྲིལ་པོ་ལྔ་སྟོང་གི་དུས་ཡུན་དགོས་པར་བཤད་འདུག།སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ༡༦༠༠དང་ལྗིད་ཚད་ལ་ཏུན་༡ལྷག་ཡོད།ཐང་ག་ཕལ་ཆེར་༨༠༣༩ཙམ་ཡོད།འདྲ་རིས་སྟུག་སར་རྨིད་གྲུ་བཞི་མ་གཅིག་གི་སྟེང་དུ་ཧ་ལམ་མི་སྣའི་གཟུགས་རིས་༣༠༠ལྷག་བྲིས་ཡོད།འདི་གའི་ནང་དུ་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་།རིག་གནས་འཚོ་བ་བཅས་གསལ་བར་མཚོན་ཡོད་པས་ང་ཚོས་ཕྱི་དྲོའི་དུས་ཚོད་བཞི་པ་ནས་མཇལ་བས་དུས་ཚོད་གཉིས་ལྷག་གི་དུས་ཡུན་གྱིས་མཇལ་ཟིན་པ་ཙམ་བྱུང་ཐུབ་སོང་།ནུབ་མོར་ཟི་ལིང་གྲོང་དུ་ཕྱིར་ལོག་པ་ཡིན།ཕྱི་ཉིན་ཟི་ལིང་གྲོང་ནས་ཉེན་རྟོགས་རླངས་འཁོར་ཞིག་གིས་སྣེ་ཁྲིད་ནས་ང་ཚོ་བསྡད་སའི་མགྲོན་འཁོར་གཉིས་དང་བཅས་རླངས་འཁོར་གསུམ་པོ་མཚོ་སྔོན་པོའི་ཕྱོགས་སུ་བསྐྱོད་པ་ཡིན།ལམ་བར་དུ་སྙིང་བོ་ཡོད་མེད་ཀུན་གྱི་ས་ཆར་ལྟ་སྐོར་དུ་སོང་ཞིང་།སྟོང་སྐོར་གནའ་གྲོང་།བྱང་བརྒྱུད་ཇ་འདྲེན་བརྡ་ལམ།ཀྲུང་གོའི་ཆེས་ཐོག་མའི་འགད་རྫས་བཟོ་གྲྭ་སོགས་སུ་འདྲ་པར་གང་མང་བསྒྲོན་ནས་གསེར་དངུལ་ཐང་ཞེས་མུ་མེད་ཐང་ཆེན་ཞིག་གི་གུར་གྲོང་ཞིག་ཏུ་ཉིན་གུང་གི་ཟས་འགྲང་ཐག་ཆོད་པ་ཞིག་ཟོས་རྗེས་མཚོ་སྔོན་པའི་ཕྱོགས་སུ་བསྐྱོད།ཨེ་མ་མཚོ་སྔོན་པོ།ཞེས་པའི་གླུ་ཚིག་དེས་ང་ཚོ་བསྡད་སའི་རླངས་འཁོར་དུ་འུར་ཟིང་ལེ་བཏང་ཞིང་།དེ་དང་མཉམ་དུ་ཚང་མས་མི་རིགས་ཀྱི་ལ་རྒྱ་མེས་རྒྱལ་གྱི་གཟི་བརྗིད་ཅེས་མཉམ་དུ་བསྐྱོན་བྱུང་།མུ་མེད་པའི་མཚོ་ཆེན་དེའི་མཐའ་སྐོར་ནས་དུས་ཚོད་གཉིས་ཙམ་སོང་རྗེས་གཞི་ནས་མཚོ་སྔོན་པའི་རླངས་འཁོར་འབབ་ཚིགས་སུ་བསླེབས་བྱུང་།དེ་ནས་ང་ཚོར་བཀོད་སྒྲིག་དང་རྩ་འཛུགས་ཡོད་པས་གླ་ལེན་སའི་འགག་སྒོ་རེ་རེ་བརྒལ་ནས་མཚོ་གྲུར་བསྡད་དེ་མུ་མེད་པའི་མཚོ་མོ་དེའི་གཞུང་དུ་གསེར་མིག་གི་ཉ་མོ་ཞིག་དང་འདྲ་བར་རྦ་རླབས་ཀྱི་ཕྲེང་བ་རེ་རེའི་ཞོགས་སུ་དེད་དེ་མཚོ་གྲུའི་དེའི་མདུན་བསྐྱོད་ཀྱི་ངར་ཤུགས་དང་བསྡོངས་ནས་མཚོ་མོའི་དེའི་མཛེས་ཉམས་རེ་རེ་ལོངས་སུ་སྤྱོད་པ་ཡིན།ཆུ་ཚོད་གཅིག་ལྷག་གིས་རིང་ལ་མཚོ་མོའི་འཇིང་གི་མཛེས་སྡུག་ལ་རོལ་གྱིན་ཆར་བ་ཟིམ་ཟིམ་ཞིག་དང་མཉམ་དུ་ཕྱིར་རླངས་འཁོར་བབས་ཚིགས་སུ་ལོག་ཏེ་སླར་ཡང་རླངས་འཁོར་དུ་བསྡད་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆབ་ཆ་གྲོང་བརྡལ་དུ་ཕྱོགས་སུ་སོང་བ་ཡིན།ས་སྲོད་ཙམ་ན་ས་ཆ་དེར་འབྱོར་བྱུང་།དེ་གའི་འགོ་ཁྲིད་དག་གིས་སྣེ་ལེན་འོག་དགོང་ཟས་ཟོས་ཤིང་དགོང་ཚོགས་ཀྱང་གྱ་ནོམ་པ་ཞིག་སྤེལ་སོང་།ནུབ་མོར་མཚོ་ལྷོ་མགྲོན་ཁང་དུ་ཞག་སྡོད་བྱས།ཕྱི་ཉིན་མཚོ་ལྷོ་ཁུལ་གྱི་སློབ་གྲྭ་དང་ཆབ་ཆ་གྲོང་བརྡལ་གྱི་སྒོ་བྱང་སོགས་སུ་ལྟ་སྐོར་དུ་སོང་བས་བློ་བསྐྱེད་ཀྱང་མི་དམན་པ་ཞིག་ཐོབ་སོང་།ཕ་སྐད་མ་ཡིག་གི་ཟུངས་ཁྲག་དྲོན་མོ་མ་ཡལ་ཞིང་མི་རིགས་ཀྱི་སྐད་དང་ཡི་གེ་མཐོང་ཆེན་དང་འདྲ་མཉམ་གྱི་སྟེགས་བུ་ཞིག་མཆིས་པ་ཅི་འདྲའི་དགའ་འོས་པའི་གནས་ཤིག་རེད་ཨང་།ཆོལ་གསུམ་བོད་མིས་མིག་ཟུང་ཆེ་རུ་བགྲད་དེ་མིག་དཔེ་ལྟ་སའི་ཡུལ་ཁམས་ཤིག་ཏུ་མི་ལགས་སམ།།
          ཕ་ས་གསེར་རི་བསྟར་བའི་པང་གཞུང་ནས།།
          ཕ་སྐད་གསེར་ནག་ཕ་བོང་གཟི་བྱིན་ཅན།།
             ཆབ་ཆ་གསེར་གྱི་ཞིང་གི་དགའ་ཚལ་ནས།།
             མ་ཡིག་གསེར་གྱི་གཟི་མདངས་ལྷམ་མེར་བཀྲ།།
དེ་ནས་ལོ་རྒྱུས་ཀྱི་དན་རྟགས་སུ་འགྲེང་བའི་རི་བོ་ཉི་ཟླའི་ཉག་ག་བརྒྱུད་ཅིང་བྲག་དམར་གྲོང་ནས་ཁྲི་ཀ་རྫོང་གི་ཕྱོགས་སུ་སོང་བ་ཡིན།   ཁྲི་ཀ་རུ་སྲིན་མོ་གླིང་ཞེས་བོད་ལུགས་མགྲོན་ཁང་ཆེན་མོ་ཞིག་ཡོད་པ་དེ་ནས་ཞག་སྡོད་བྱས་ཤིང་དེ་གའི་ཡུལ་གྱི་རྟེན་གཙོ་ལྷ་སའི་ཇོ་བོ་དང་བྱིན་རླབས་མཉམ་པར་གྲགས་པའི་ཇོ་ཇོ་ལྷ་ཁང་དང་།ཆག་སྨད་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན།མི་ཉག་མཆོད་རྟེན་དང་།(གནའ་མི་ཉག་རྒྱལ་པོ་མངའ་ཁོངས་ཀྱི་རྒྱལ་ཕྲན་ཤིག་ཡིན་པས་དེར་སོག་ཇིང་གུར་སོགས་ཀྱིས་ཀྱང་གནོད་སྐྱོན་མ་ཐེབས་པར་གྲགས་ལ།དེར་མི་ཉག་ཡུལ་ཚོ་དང་མི་ཉག་སྡེ་བ་སོགས་མང་།)  མི་ཉག་དགོན་པ།རྨ་ཆུའི་གསེར་འཁོར་ཆེན་མོ།གནའ་བོའི་ཁྲི་ཀ་རྒྱལ་པོའི་ཕོ་བྲང་གི་ཤུལ་སོགས་མཆོད་མཇལ་བྱས་ཤིང་ཚོགས་བསགས་ཀྱི་མཆོད་མེ་སོགས་བསྒྲོན་ནས་ཕྱིར་ཟི་ལིང་གྲོང་ཁྱེར་དུ་ལོག་པ་ཡིན།  ནུབ་མོ་དེར་ཀྲུང་གོའི་བོད་སྐད་སྨྱན་བྱད་ཀྱི་ལས་གཉེར་ཚོགས་འདུ་ཐེངས་བཅུ་གཉིས་པ་མཇུག་སྒྲིལ་བའི་མཛད་སྒོ་སྤེལ་ཏེ་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དགེ་གཉེན་མཆོག་གིས་ཕ་སྐད་རྣལ་མའི་སྒོ་ནས་ཐེངས་འདིའི་ཚོགས་འདུར་ཕྱོགས་བསྡོམས་མཛད་དེ་ཕུན་སུམ་ཚོགས་པའི་ངང་ནས་མཇུག་བསྒྲིལ་བའོ།།

                                                                 མཚོ་སྔོན་དུ་བསྐྱོད་པའི་མཐོང་ཐོས་རགས་བྲིས།

                                                                 ཕ་ཡིག་ལ་གསེར་གནག་གི་གཟི་འོད་འབར་བཞིན་པའི་ཆབ་ཆ་གྲོང་གི་སྒོ་བྱང་།

མཚོ་སྔོན་དུ་བསྐྱོད་པའི་མཐོང་ཐོས་རགས་བྲིས།

ཕ་ཡིག་ལ་གསེར་གནག་གི་གཟི་འོད་འབར་བཞིན་པའི་ཆབ་ཆ་གྲོང་གི་སྒོ་བྱང་།མཚོ་སྔོན་དུ་བསྐྱོད་པའི་མཐོང་ཐོས་རགས་བྲིས།



ལོ་རྒྱུས་ཀྱི་དན་རྟགས་སུ་འགྲེང་བའི་རི་བོ་ཉི་ཟླའི་མཛེས་ཉམས།



  • ལེ་ཚན་སྔོན་མ།:བོད་ཟླ་བཞི་པའི་ཚེས་བརྒྱད་ཉིན་དར་རྩེ་མདོ་ལ་ཕྱིན་པའི་མཐོང་ཐོས།
  • ལེ་ཚན་རྗེས་མ།:ཞང་ཞུང་སྒོ་བར་ཕྱིན་པའི་མཐོང་ཐོས།
  • དོ་སྣང་ཆེ་བའི་རྩོམ།