མི་ཉག་རི་ཁུད་དགོན་པར་ས་སྐྱ་པའི་ལམ་ལུགས་འདྲེས་ཚུལ་དང་དེའི་ལོ་རྒྱུས་སྐོར་བཤད་པ།

        2020-12-04

དང་པོ། རི་ཁུད་དགོན་པའི་རྒྱ་བསྐྱེད་དང་ས་སྐྱ་པའི་ལམ་ལུགས་འདྲེས་ཚུལ།

སྤྱི་ལོ1227ལ་ཧོར་ཇིང་གིར་རྒྱལ་པོས་མི་ཉག་རྒྱལ་རབས་བླངས་རྗེས་བོད་ས་ཆར་སོག་དམག་གིས་དཔུང་འཇུག་བྱས་ཏེ་ལོ་ཉི་ཤུའི་རིང་ལ་བོད་ཀྱི་ཡུལ་གྲུ་དང་གྲོང་ཁྱེར་མང་པོ་བཅོམ་ཞིང་བཙན་མཁར་དང་དགོན་སྡེ་ཐུག་ཚད་གཏོར་བས་བོད་མགོ་དཔོན་རྣམས་ཀྱིས་རྒོལ་ལན་སློག་མ་ནུས་པས་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཡོངས་ལ་ཤུགས་རྐྱེན་རྒྱ་ཆེར་ཐེབས།སྤྱི་ལོ1244ལོར་ཧོར་གོ་དན་རྒྱལ་པོའི་བཀའ་འོག་དམག་དཔོན་དོར་རྟ་ནག་པོས་བོད་ཀྱི་མཁས་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཧོར་ཡུལ་དུ་གདན་དྲངས་ཏེ་ཧོར་རྒྱལ་པོའི་དབུ་བླར་གྱུར། དེ་བཞིན་དུ་ས་སྐྱ་པའི་བསྟན་པ་དར་ཞིང་རྒྱས་པ་དང་བོད་སྲིད་ཀྱི་དབང་ཆ་ས་སྐྱ་པར་སྤྲད་ཅིང་ས་སྐྱ་པས་བོད་སྲིད་བསྐྱངས་པ། དེའི་ལོ་རྒྱུས་རྒྱབ་ལྗོངས་འོག་རི་ཁུད་དགོན་པའི་བླ་མ་སྦས་སྟོན་ཤེས་རབ་རྒྱལ་མཚན་མཆོག་གིས་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་སྐབས་སུ་མི་ཉག་རི་ཁུད་དགོན་པ་དེ་གཡང་ཐོག་སྒང་ནས་རི་ཁུད་དུ་གནས་སྤོས་ཏེ་དགོན་པ་གསར་བཞེངས་དང་རྒྱ་བསྐྱེད་བྱས་པར་མ་ཟད་ས་སྐྱ་པའི་ནང་གསེར་མདོག་ཅན་གྱི་ལུགས་སུ་བསྒྱུར་བས་དུས་ད་ལྟ་བར་ས་སྐྱ་པའི་ལུགས་ཡིན།

སྦས་སྟོན་ཤེས་རབ་རྒྱལ་མཚན་ནི་འཇམ་དབྱངས་པདྨ་རིན་ཆེན་གྱི་སྐུ་རབས་གསུམ་པ་སྟེ་ཁོང་ནི་དབུས་གཙང་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་དུས་མཚུངས་ཡིན་ཞིང་བླ་སློབ་ཀྱི་འབྲེལ་བའང་ཡོད་དེ་སྤྱི་ལོའི་དུས་རབས་བཅུ་བཞི་པར་མི་ཉག་ས་ཁུལ་དུ་སྐུ་འཁྲུངས། སྦས་སྟོན་ཤེས་རབ་རྒྱ་མཚན་མཆོག་རྫ་བཀྲ་རིན་ཆེན་གྱི་གནས་རི་གཡང་ཐོག་སྒང་དུ་བཞུགས་དུས་རླུང་ཆེན་པོ་འཚུབ་པས་རྗེ་བདག་ཉིད་ཀྱི་བཞུགས་གདན་བལ་གདན་གྲུ་བཞི་མ་ཞིག་ཡོད་པ་དེ་ནི་རླུང་གིས་རི་མགོ་ནས་རི་འདབས་སུ་ཁུར་ཏེ་སློབ་མ་རྣམས་དང་མཉམ་དུ་རི་མགོ་ནས་རི་འདབས་སུ་བཙལ་དུས།བལ་གདན་དེ་ད་ལྟའི་དགོན་པ་ཆགས་ས་གནས་རི་རྡོ་རྗེ་རྒྱལ་མཚན་གྱི་མདུན་དུ་ཤིན་ཏུ་དབེན་ཞིང་ཉམས་དགའ་བའི་སྤང་ཐང་ཆུང་ཆུང་ཞིག་གི་ཐོག་ཏུ་ཡོད་པས་རྗེ་ཉིད་ཤིན་ཏུ་སྤྲོ་བས་ཞལ་ནས་མཁའ་སྤྱོད་མའི་ས་ཞེས་སྒྲོག་བཞིན་དུ་རྟེན་འབྲེལ་བཟང་པོར་བརྩིས།དེ་བཞིན་དུ་རྟེན་འབྲེལ་དེ་དང་བསྟུན་ནས་དགོན་པ་དེ་གཡང་ཐོག་སྒང་ནས་གནས་སྤོས་ཏེ་རི་ཁུད་ལུང་པ་རུ་གསར་བཞེངས་བྱས།ཡིན་ནའང་དེའི་སྐབས་སུ་ལྕགས་གད་བཀྲ་པད་ཚང་གི་མཛོ་མོ་ཞིག་གིས་བལ་གདན་གྲུ་བཞི་མའི་ཟུར་ཞིག་ཟོས་པའི་རྒྱུ་མཚན་གྱིས་རྟེན་འབྲེལ་ཅུང་འཕྱུགས་ནས་དགོན་པའི་གཙུག་ལག་ཁང་ཟུར་གསུམ་མ་གཏོགས་མེད་པ་ཞིག་བཞེངས་པས་རྗེས་སུ་ཟུར་མེད་ལྷ་ཁང་ཞེས་འབོད་སྲོལ་ཆགས་པ་རེད།

གང་ལྟར་སྦས་སྟོན་ཤེས་རབ་རྒྱལ་མཚན་གྱིས་དུས་རབས་བཅུ་བཞི་པར་རྫ་བཀྲ་རིན་ཆེན་ཞེས་པའི་དབེན་གནས་དེའི་འདབས་ཞོལ་དུ་ཤར་དུ་སློབ་དཔོན་གྱི་གནས་རི་དང་ལྷོ་རུ་པཎྜིཏའི་གནས་རི།ནུབ་ཏུ་རྡོ་རྗེ་རྒྱལ་མཚན་གྱི་གནས་རི།བྱང་དུ་མཁའ་སྤྱོད་མའི་གནས་རི་བཅས་ཀྱིས་མཐའ་བསྐོར་ཞིང་།གཡས་སུ་རྡུལ་ཚོན་ཆུ་མིག་གི་ཆུ་དང་གཡོན་དུ་མཁའ་སྤྱོད་རི་ཁྲོད་ཀྱི་ཆུ་གཉིས་འབབ་པའི་གནས་མཆོག་འདིར་དགོན་པ་རྒྱ་བསྐྱེད་དང་གསར་བཞེངས་བྱས་ཏེ་ས་སྐྱའི་གྲུབ་མཐའ་འདྲེན་མཁན་ཡང་ཡིན་པར་མངོན།དེ་ཡང་འཇམ་དབྱངས་བླ་མ་ཤཱཀྱ་དར་རྒྱས་ཀྱི་རྣམ་ཐར་ལས། ཤེས་རབ་མཚན་འཆང་སྦས་སྟོན་ཆོས་རྗེ་ཡིས།།ལེགས་པར་བཏབ་པའི་བསྟི་གནས་དམ་པ་མཆོག།བསམ་འགྲུབ་དར་རྒྱས་ལྷུན་པོ་གླིང་ཞེས་གྲགས །། ༽ ཞེས་པ་དང་།སྡེ་གཞུང་མཆོག་སྤྲུལ་ཀུན་དགའ་ཉི་མའི་རྣམ་ཐར་ལས།

༼ རི་དགོན་འདི་གསེར་མདོག་པཎ་ཆེན་གྱི་སློབ་མ་སྦས་སྟོན་ཤེས་རབ་རྒྱལ་མཚན་གྱིས་ཕྱག་བཏབ།༽ ཅེས་གསུངས།དཔལ་ཤཱཀྱ་དར་རྒྱས་དང་སྡེ་གཞུང་མཆོག་སྤྲུལ་ཀུན་དགའ་ཉི་མའི་རྣམ་ཐར་ལས་རྗེ་འདི་ཉིད་དབུས་གཙང་ས་སྐྱ་དགོན་པ་རུ་ལོ་མང་པོར་སློབ་གཉེར་བཞེས་པས་ཕྱིས་སུ་ཕ་ཡུལ་ལ་ལོག་དུས་གཙང་ས་སྐྱ་དགོན་པའི་སྐུ་གསུང་ཐུགས་རྟེན་གནང་ཞོར་ས་སྐྱ་མཐིལ་ལ་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་དར་རྒྱས་གཏོང་བའི་དམ་བཅའ་བཞག རྗེས་སུ་རང་ཡུལ་དུ་ལོག་ནས་མི་ཉག་རི་ཁུད་དགོན་པ་བཞེངས་ཤིང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས་པ་མཚོན།

གཉིས་པ། རི་ཁུད་དགོན་པར་ས་སྐྱ་པའི་ལམ་ལུགས་འདྲེས་རྗེས་ཀྱི་ལོ་རྒྱུས་བྱུང་འཕེལ།

སྤྱི་ལོའི་དུས་རབས་བཅུ་དྲུག་པའི་སྐབས་སུ་དབུས་གཙང་ས་སྐྱ་དགོན་པའི་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་དངོས་སློབ་ཀརྨ་བཟང་པོ་ཡིས་མཁས་གྲུབ་ཤཱཀྱ་བསམ་འགྲུབ་བཟང་པོ་ཟེར་བའི་སྐྱེས་ཆེན་དམ་པ་ཞིག་མི་ཉག་རི་ཁུད་དགོན་ལ་མཁན་པོར་བཏང་།ཤཱཀྱ་བསམ་འགྲུབ་བམ་བསམ་འགྲུབ་བཟང་པོ་མཆོག་ནི་སྤྱི་ལོ1575ནས1648བར་བྱོན་པའི་ཕ་ཡུལ་བོད་ལྗོངས་གཙང་གསེར་མདོག་ཅན་གྱི་ཕྱོགས་ཀྱི་ཡིན་ཏེ་ཁོང་རི་ཁུད་དགོན་དུ་མ་སླེབས་པའི་ལམ་ཁར་རྨི་ལམ་དུ་སྦས་སྟོན་དགུང་ལོ་བགྲེས་ཤིང་དབུ་སྐྲ་དཀར་བ།དབུ་ཞྭ་བཞེས་མེད་པ་ཞིག་ལ་མཇལ་སྣང་བྱུང་བས་རྨི་ལམ་མ་བཟང་བས་བླ་མར་མཇལ་ཐུབ་རྒྱུ་མ་རེད་གསུངས་པ་བཞིན།རི་ཁུད་དགོན་དུ་སླེབས་དུས་སྦས་སྟོན་ཤེས་རབ་རྒྱ་མཚན་སྐུ་གཤེགས་པས་འདས་ཆོས་ཀྱི་བྱ་བ་ཚང་མ་མཁན་པོ་ཤཱཀྱ་བསམ་འགྲུབ་བཟང་པོས་མཛད་པ་སོགས་ནི

༼ མདོ་སྨད་ཆོས་འབྱུང ༽ དང་རི་ཁུད་སྐུ་ཞབས་འཇིགས་མེད་ཆོས་ཀྱི་འོད་ཟེར་གྱི་ཞབས་བརྟན་གསོལ་འདེབས་ལ་གསལ།དེ་བཞིན་དུ་ཞབས་བརྟན་གསོལ་འདེབས་ལས༼ མཁས་གྲུབ་ཆེན་པོ་ཤཱཀྱ་བསམ་འགྲུབ་སོགས།།སྐུ་ཕྲེང་རིམ་པར་བྱོན་ལ་གསོལ་བ་འདེབས།། ༽ ཞེས་པས་ཁོང་ནི་རི་ཁུད་སྐུ་ཞབས་ཀྱི་སྤྲུལ་རྒྱུད་ཡིན་པའང་རྟོགས་ཐུབ་པ་ཞིག་རེད།

དུས་རབས་བཅུ་བདུན་པར།འཇམ་དབྱངས་བླ་མ་ཤཱཀྱ་དར་རྒྱས་མཆོག་ནི་མི་ཉག་རི་ཁུད་དགོན་པའི་བསྟན་པའི་བདག་པོ་གདན་རབས་ལྔ་པ་ཡིན་ཞིང་།ཁོང་ནི་བོད་རབ་བྱུང་བཅུ་གཉིས་པ་དུས་རབས་བཅུ་བདུན་པའི་སྤྱི་ལོ1607ལོར་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གི་ས་ཁུལ་འབོ་གངས་དཀར་གྱི་ཉེ་འདབས། ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བརྒྱད་ཟིལ་རྫོང་སྒང་པ་ཡུལ་ཤོག་གི་ས་གནས་ཡིན་ཞིང་།དགུང་ལོ་བཅུ་བཞིའི་ཐོག་དར་མདོ་གྲོང་ཁྱེད་གངས་དཀར་གྲོང་རྡལ

( ཀླུ་པ )སི་ཁུད་དགོན་དུ་གྲྭ་པ་བྱས་པ་དང་དེའི་སྐབས་སུ་མི་ཉག་རི་ཁུད་དགོན་པ་རུ་ཆོས་མཇལ་བྱོན་པའི་མོས་པ་ཤིན་ཏུ་ཆེ་སྟེ་དགུང་ལོ་ལྔའི་ཐོག་རི་ཁུད་དགོན་པའི་ཕྱག་མཛོད་ཀྱིས་ལམ་ཁྲིད་འོག་གཡང་ལུང་ཤོད་ཀྱི་ས་ཁུལ་བརྒྱུད་ནས་རི་ཁུད་དགོན་པའི་ནང་ཆོས་མཇལ་དུ་ཕེབས།སྤྱི་ལོ1612ལོའི་ཟླ་བ6པའི་ཚེས8ཉིན་རི་ཁུད་དགོན་པའི་བསྟན་བདག་བླ་མ་མཁས་གྲུབ་ཤཱཀྱ་བསམ་འགྲུབ་བཟང་པོ་དང་དངོས་སུ་མཇལ་ཏེ་དབང་ལུང་དུ་མ་ཞུས་པ་དང་བླ་སློབ་ཀྱི་འབྲེལ་བ་ཆགས་པར་མ་ཟད་དགུང་ལོ16བར་དུ་རི་ཁུད་དགོན་དུ་བཞུགས།མཁས་གྲུབ་ཤཱཀྱ་བསམ་འགྲུབ་བཟང་པོས་ཁོང་གི་སྤྱང་གྲུང་དང་དད་སེམས་ལ་ཧ་ཅང་དགའ་ཞིང་ཤཱཀྱ་དར་རྒྱས་ཞེས་པའི་མཚན་གསོལ།སྤྱི་ལོ1626ལོའི་ཟླ་བ3པར་མཁས་གྲུབ་ཤཱཀྱ་བསམ་འགྲུབ་བཟང་པོས་རོགས་རམ་འོག་སྟོད་ཉི་མ་ལྷ་སའི་ཕྱོགས་སུ་ཕེབས་ཏེ་ལྷ་སའི་ཇོ་བོ་དང་དབུས་གཙང་གི་དགོན་ཁག་སོ་སོ་རུ་སློབ་གཉེར་ལོ18ལྷག་ཙམ་བཞུགས།སྤྱི་ལོ1643ལོར་དགུང་ལོ36གི་ཐོག་དབུས་གཙང་ནས་ཕ་ཡུལ་མི་ཉག་ཏུ་ཕེབས་ནས་གདན་ས་རི་ཁུད་དགོན་པའི་འདྲེན་མཆོག་བླ་མ་དམ་པ་ཤཱཀྱ་བསམ་འགྲུབ་བཟང་པོ་དང་ཡང་དུ་མཇལ་ཏེ་རྗེ་གཉིས་པོ་སྤྲོ་བ་འཕེལ་ཞིང་མི་ཉག་ཡུལ་གྱི་བསྟན་འགྲོའི་མུན་པ་སེལ་བའི་ནོར་བུ་ཟུང་ལྟ་བུར་གྱུར།དེའི་རྗེས་རི་ཁུད་དགོན་པའི་བསྟན་པའི་བདག་པོའི་མངའ་གསོལ་མཛད་དེ་དགོན་པའི་བྱམས་པའི་ལྷ་ཁང་བཞེངས་པ་དང་ལམ་འབྲས་ལྷ་ཁང་དུ་སྦས་སྟོན་དང་བསམ་འགྲུབ་བཟང་པོ་སོགས་ཀྱི་སྐུ་བཞེངས་པ།མཁའ་སྤྱོད་ལྷ་ཁང་དུ་རྩ་རྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་བཅས་པའི་ལོགས་རིས་བྲིས་པ།སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་ཞིག་བཞེངས་ཤིང་མཁའ་སྤྱོད་སྒྲུབ་མཆོད་དང་ཀྱེ་རྡོར་སྒྲུབ་མཆོད་ཀྱང་དུས་དེ་ནས་བཙུགས།དེ་བཞིན་དུ་མི་ཉག་དཔལ་ལྷ་སྒང་དགོན་དང་ཕྱུག་མོ་དགོན་དུ་ཕེབས་ནས་སྐྱ་སེར་ཕོ་མོ་ཡོངས་ལ་དགེ་ཚུལ་དགེ་སློང་དབང་ལུང་ཁྲིད་གསུམ་སོགས་ཆོས་འཁོར་ཐེངས་མང་བསྐོར།སྤྱི་ལོ1672ལོའི་ཟླ2པའི་ཚེས24ཉིན་སྔ་མོ་ཐོ་རངས་དུས་ལ་སྐུ་ཞི་བར་གཤེགས་སོ།

དུས་རབས་བཅུ་བདུན་པའི་མཇུག་ཏུ་མི་ཉག་རི་ཁུལ་དགོན་པའི་མཁས་གྲུབ་ཤཱཀྱ་དར་རྒྱས་ལ་སློབ་མ་གང་མང་བྱོན་པའི་ནང་དུ་མདོ་སྔགས་གཉིས་ལ་མཁས་པའི་ཤཱཀྱ་ཀུན་དགའ་ཞེས་པའི་མཁས་ཆེན་ཞིག་བྱུང་སྟེ་རྗེ་འདི་ཉིད་ཀྱིས་རི་ཁུད་དགོན་པའི་བསྟན་བདག་བླ་མའི་འགན་བཞེས་ནས་མུ་མཐུད་དུ་དགོན་པ་བདག་གཉེར་དང་རྒྱ་བསྐྱེད་བྱས་ཡོད་པ་རེད།

སྐབས་དེར་སྤྲུལ་སྐུ་ཀུན་དགའ་མཁས་གྲུབ་དབང་པོ་མཆོག་མི་ཉག་རི་ཁུད་དགོན་པའི་བསྟན་པའི་བདག་པོའི་འགན་བཞེས་ཤིང་མུ་མཐུད་དུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་བཏང་སྟེ་ཆོས་དཔལ་རིག་གསུམ་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ།རྗེ་འདི་ཉིད་ནི་བོད་རབ་བྱུང་བཅུ་གཉིས་པ་དུས་རབས་བཅོ་བརྒྱད་པའི་སྟོད་དུ་འཁྲུངས་ཤིང་བླ་མ་ཤཱཀྱ་ཀུན་དགའི་མདུན་དུ་ལམ་འབྲས་ཟབ་ཆོས་མང་པོར་གསན་སྦྱང་མཛད་དེ་རྟོགས་པའི་མངོན་སུམ་རིག་པ་རྩེ་གཅིག་ཏུ་གཞོལ་བར་ཡེ་ཤེས་ཀྱི་ཀློང་རྡོལ་མངའ་བ།དེ་རྗེས་རྗེ་ཉིད་བོད་ལྗོངས་དབུས་གཙང་ས་སྐྱའི་དགོན་གཙོས་པའི་དགོན་ཁག་སོ་སོར་ཕེབས་ཏེ་མདོ་སྔགས་དང་རིག་གནས་བཅས་པར་སློབ་གཉེར་མཛད།ཁྱད་པར་དུ་ས་སྐྱ་དགོན་ཆེན་དུ་ལོ་མང་པོར་བཞུགས་ཏེ་ཤེས་ཡོན་གཉིས་ལྡན་གྱི་མཁས་གྲུབ་དམ་པ་ཞིག་ཏུ་གྱུར།ས་སྐྱའི་གདུང་རབས་ལས་ས་ཆེན་ཀུན་དགའ་བློ་གྲོས་ཀྱི་སློབ་མ་གྲགས་ཆེ་བ་ཀ་བ་ལྟ་བུ་བཞི་དང་གདུང་མ་ལྟ་བུ་བརྒྱད་

བྱུང་སྟེ༼ ཀ་བཞི་གདུང་བརྒྱད ༽ ཅེས་གསོལ་ཞིང་གདུང་བརྒྱད་ཀྱི་ནང་དུ་རི་ཁུད་སྤྲུལ་སྐུ་ཀུན་དགའ་མཁས་གྲུབ་དབང་པོ་ཁོངས་སུ་འདུས།གཙང་ས་སྐྱ་དགོན་དུ་ལོ་དུ་མ་བཞུགས་ཡོད་པར་མ་ཟད་སེ་འབྲས་དགའ་གསུམ་གཙོས་པའི་དགེ་ལུགས་པའི་དགོན་ཁག་ཏུ་ཕེབས་ཏེ་རྒྱལ་བ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱལ་མཚོར་མཇལ་ཞིང་བླ་སློབ་ཀྱི་འབྲེལ་བ་བཟང་པོར་ཆགས།རྗེས་སུ་རང་ཡུལ་མི་ཉག་ཕྱོགས་སུ་ཡོང་དུས་རྒྱལ་བ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱལ་མཚོ་ཡིས་སྒྲོལ་མ་གསུང་འབྱོན་མ་བྱིན་རླབས་ཅན་གྱི་སྐུ་རྟེན་ཞིག་གནང་བ་དེ་ནི་དུས་ད་ལྟའང་རི་ཁུད་དགོན་པའི་སྒྲོལ་མ་ལྷ་ཁང་དུ་དངོས་སུ་མཇལ་རྒྱུ་ཡོད་པ་རེད།

དུས་རབས་བཅུ་བདུན་དང་བཅོ་བརྒྱད་པའི་བར་དུ་སོག་དམག་གིས་ཁམས་ཕྱོགས་ཀྱི་དགོན་སྡེ་མང་པོར་བཙན་གནོད་བྱས་ཏེ་འཇིགས་སྐྲག་དང་བྲེད་དངངས་བྱུང་བས་དགོན་པ་མི་ཉུང་བ་ཞིག་དགེ་ལུགས་དང་ས་སྐྱའི་དགོན་པ་རུ་བསྒྱུར་ཞིང་སྤྲུལ་སྐུ་ཀུན་དགའ་མཁས་གྲུབ་དབང་པོ་མཆོག་གིས་དཀའ་སྤྱད་འབད་བརྩོན་འོག་མི་ཉག་རི་ཁུད་དགོན་པ་དེ་དགོན་སྡེ་མང་པོའི་སྐྱབས་གནས་ལྟ་བུ་གྱུར།དེའི་སྐབས་སུ་རི་ཁུད་དགོན་པའང་རྒྱ་བསྐྱེད་དང་སྙན་གྲགས་ཀུན་ལ་ཁྱབ་པ་རེད།

དུས་རབས་བཅོ་བརྒྱད་པར་རི་ཁུད་དགོན་པའི་བསྟན་པའི་བདག་པོ་ཀུན་དགའ་མཁས་གྲུབ་དབང་པོའི་དངོས་སློབ་སྤྲུལ་སྐུ་བསོད་ནམས་དབང་ཕྱུག་ཡིན་ཞིང་།ཁོང་ནི་བོད་རབ་བྱུང་བཅུ་གསུམ་པ་དུས་རབས་བཅོ་བརྒྱད་པའི་རིང་ལ་ཤར་སྟོད་བཞག་བྲ་དཀར་པོ་ཤར་སྨད་འབོ་གངས་དཀར་གྱི་ཉེ་འདབས།ཤར་རྒྱུ་ལ་ཕྲ་མོའི་འོག་ཏུ་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་ཚོང་ར།མི་ཉག་དར་རྩེ་མདོའི་དབལ་གསས་སྐྱབས་པ་ཚང་ནས་སྐུ་འཁྲུངས།ཁོང་ནི་མི་ཉག་འགུ་ཐོམ་རྒྱལ་པོའི་ཚ་བོ་ཡིན་ཏེ་རྒྱུན་དུ་འགུ་ཐོམ་རྒྱལ་པོ་ལ་འགུ་ཐོམ་དབོན་པོ་དང་སྤྲུལ་སྐུ་ཁོང་ལ་སྐུ་ཞང་ཟེར་བའི་མཚན་གསོལ་སྲོལ་ཆགས།རྗེས་སུ་སྡེ་བའི་མི་སེར་རྣམས་ཀྱིས་ཐད་ཀར་རི་ཁུད་དབོན་པོ་དང་རི་ཁུད་སྐུ་ཞང་ཞེས་པའི་བརྗོད་སྲོལ་བྱུང་།རྗེ་འདི་ཉིད་ནི་སྤྲུལ་སྐུ་ཀུན་དགའ་མཁས་གྲུབ་དབང་པོ་དང་དུས་མཉམ་པ་ཡིན་ཞིང་བླ་སློབ་ཀྱི་འབྲེལ་བ་ཆགས་ཏེ་རྗེས་སུ་བོད་ལྗོངས་དབུས་གཙང་དུ་ཕེབས་ནས་ས་སྐྱའི་མཁས་ཆེན་ས་ཆེན་ཀུན་དགའ་བློ་གྲོས་ཀྱི་དྲུང་དུ་དབང་ལུང་ཁྲིད་གསུམ་དང་མདོ་སྔགས་གཉིས་སུ་མ་ཆད་པར་ཡང་དག་པར་གསན་ནས་མདོ་སྔགས་དང་རིག་གནས་ཀུན་ལ་བྱང་ཆུབ་པའི་མཁས་ཆེན་ཞིག་ཏུ་གྱུར་པར་མཚོན།དཔེར་ན་ས་སྐྱའི་གདུང་རབས་ས་ཆེན་ཀུན་དགའ་བློ་གྲོས་ཀྱི་རྣམ་ཐར་ལས༼། རིམ་གྲོས་གཉིས་ལྡན་གྱི་ཡོན་ཏན་ལ་དབང་འབྱོར་བ།ཨ་ལི་ཆོས་རྗེ་སྤྲུལ་སྐུ་ངག་དབང་ཆོས་གྲགས།རི་ཁུད་སྤྲུལ་སྐུ་བསོད་ནམས་དབང་ཕྱུག ༽ ཅེས་བྱུང་བ་ལས་ཤེས་ཐུབ།དགུང་ལོ་མཐོ་དུས་རི་ཁུད་དགོན་དུ་ཕེབས་ནས་རི་ཁུད་དགོན་པའི་བསྟན་བདག་བླ་མའི་འགན་བཞེས་ཏེ་དགོན་པའི་བསྟན་པ་མ་ཉམས་གོང་འཕེལ་བཏང་ཞིང་ཕུར་པའི་སྒྲུབ་མཆོད་གསར་འཛུགས་བྱས་ཏེ་ད་བར་དུ་ཕུར་སྒྲུབ་ཀྱི་ལམ་ལུགས་རྒྱུད་མ་ཆད་པའོ།།

མཆན། རྩོམ་འདི་ནི་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི༼ མི་ཉག་རི་ཁུད་དགོན་པའི་རིག་གནས་དང་ལོ་རྒྱུས་མདོར་བསྡུས། ༽ སྒྲུབ་གཞི་རྣམ་གྲངས་ལས་ཚན་གྱི་ཨང་རྟགས18SB0502ཀྱི་གྲུབ་འབྲས་ཡིན།

༼ སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཚེ་རིང་དོན་གྲུབ་ཀྱིས་བྲིས།༽

( མུ་འགོད།)

  • ལེ་ཚན་སྔོན་མ།:གཡུ་མཁར་དགོན་གྱི་ལོ་རྒྱུས་མདོར་བསྡུས།
  • ལེ་ཚན་རྗེས་མ།:ཁྲ་འབྲུག་གཙུག་ལག་ཁང་།
  • དོ་སྣང་ཆེ་བའི་རྩོམ།