སྔོ་སེར་དཀར་དམར་བཞིའི་ཐ་སྙད་དང་ཐ་སྙད་ཀྱི་གོ་རིམ་གཏན་དུ་ཕབ་སྟངས།

རྒྱལ་ལོ།        2020-06-05

༡. རྩ་བའི་ཁ་དོག་ལ་བཤད་ཚུལ་འདྲ་མིན་ཡོད་ཀྱང་མང་ཆེ་བས་སྔོ་སེར་དཀར་དམར་བཞི་བོ་རྩ་བའི་ཁ་དོག་ཏུ་ངོས་འཛིན་བྱེད། སྔོ་མདོག་ནི་ནམ་མཁའི་ཁ་མདོག་ཡིན་ཞིང་ནམ་མཁའ་ཡང་ཀུན་གྱི་འབྱུང་གནས་ཡིན།དེ་བས་བོད་ཀྱི་མེས་པོ་ཚོས་སྤྱིར་རྩ་བའི་ཁ་དོག་ལ་སྔོ་སེར་དཀར་དམར་བཞི་དང་།སྒོས་རྩ་བའི་ཁ་དོག་བཞི་ཡི་དང་པོ་ལ་ཁ་དོག་ཀུན་གྱི་འབྱུང་གནས་སུ་གྱུར་བའི་སྔོ་པོ་འདི་གཏན་འཁེལ་བྱས་པ་རེད།

༢.མི་རིགས་གང་དང་གང་ཞིག་ཡིན་རུང་།སོ་སོའི་མི་རིགས་ཀྱི་དཔལ་ཡོན་འཕེལ་རིམ་ཁྲོད།ཐོག་མ་ནས་འཇིག་རྟེན་དང་རང་ཉིད་ལ་འཛིན་པའི་ངེས་ཤེས་སོགས་བསམ་བློའི་འཕེལ་ཚད་མཐོན་པོ་མེད་ཅིང་།གདོད་མའི་སྐབས་སུ་མི་རིགས་ཕལ་མོ་ཆེ་ཡིས་གནམ་ས་དང་།ཉི་ཟླ་སོགས་ལ་དད་པ་བྱེད་པ་ཤ་སྟག་ཡིན། གདོད་མའི་སྐབས་སུ་རང་རེ་བོད་ཀྱི་མེས་པོ་རྣམས་ཀྱིས་ཀྱང་གནམ་ས་དང་ཉི་ཟླ་སོགས་ལ་དད་པ་དང་མཆོད་འབུལ་བྱས་སྲོལ་ཡོད།དེའི་དུས་ཚང་མ་གནམ་ལས་བྱུང་བ་འདོད་ཅིང་གནམ་ལ་བརྟེན་ནས་ཉི་ཟླ་དང་སྤྲིན་དཀར།འཇའ་ཚོན།འགྲོ་བ་མི་སོགས་བྱུང་བ་འདོད། དེ་བས་བོད་ཀྱི་བརྡ་མཁན་ཚོས་དེ་དག་ལ་གཞིགས་སྟེ་སྔོ་སེར་དཀར་དམར་བཞི་ཡི་ཐ་སྙད་དང་ཐ་སྙད་ཀྱི་གོ་རིམ་འདི་ལྟར་གཏན་དུ་ཕབ་པ་སྟེ།

༣.འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་གཞི་སྟོང་པ་ནམ་མཁའ་ལས་བྱུང་བས་ན་ནམ་མཁའ་ནི་ཀུན་གྱི་རྩ་བ་ཡིན།ནམ་མཁའི་མདོག་ནི་སྔོན་པོ་ཡིན་ཞིང་དེ་བས་རྩ་བའི་ཁ་མདོག་བཞི་ཡི་དང་པོ་ནམ་མཁའི་ཁ་མདོག་བགྲང་པ་རེད།ནམ་མཁའ་ལ་བརྟེན་ནས་ཉི་མ་བྱུང་ཞིང་ཉི་མའི་མདོག་ཁ་ནི་གསེར་མདོག་སྟེ་སེར་པོ་དང་ཁ་ཐག་ཉེ་བས།རྩ་བའི་ཁ་དོག་བཞི་ཡི་གཉིས་པ་སེར་པོར་ངོས་འཛིན་བྱས་པ་རེད།ཉི་མ་ཤར་རྗེས་བར་སྐབས་ཤིག་ལ་སྤྲིན་པ་འཁྲིགས་ནས་ནམ་མཁའ་དང་ཉི་ཟླ་བསྒྲིབ་པས་རྩ་བའི་ཁ་དོག་བཞི་ཡི་གསུམ་པ་དཀར་པོར་ངོས་འཛིན་བྱས།དེ་ནས་ཆར་པ་བབ་རྗེས་དམར་མདོག་ཤས་ཆེ་བའི་འཇའ་ཚོན་སྣ་ལྔ་ཤར་བས་རྩ་བའི་ཁ་དོག་བཞི་ཡི་བཞི་པ་དམར་པོར་ངོས་འཛིན་བྱས་པ་རེད།

༤.སྔོ།སེར།དཀར།དམར་བཞི་ཡི་སེར་དང་།དཀར།དམར་ནི་སྔོ་ལ་བརྟེན་ནས་འཕེལ་བ་ཡིན་པས་གསུམ་ཀ་རྗེས་སུ་དར་བ་དང་འཕེལ་བའི་རང་བཞིན་མཚོན་པའི་རྗེས་འཇུག་ར་ཡིག་ཐོབ།སྔོ་ནི་འབྱུང་བ་གནམ་མཚོན་པའི་དབྱངས་ཡིག་ན་རོའི་འོག་ཏུ་འབྱུང་བས་ས་མཚོན་པའི་མགོ་ཅན་ས་ཡིག་དང་།དེའི་འོག་ཏུ་གནམ་ས་གཉིས་ལ་བརྟེན་ནས་གྲུབ་པའི་སེམས་ཅན་མཚོན་པའི་མིང་གཞི་ང་ཡིག་བཅས་ལས་གྲུབ། མཚོན་དོན་ནི་སྔོ་མདོག་གིས་གནམ་ས་ཁ་སྤྲོད་དང་།སྣོད་བཅུད་མཐུན་པོ།འབྱུང་བཞི་དོ་སྙོམས་སོགས་ཀྱི་རྟེན་འབྲེལ་མཚོན་པ་རེད།

༥.མདོག་དང་འོད་ཀྱི་བར་ལ་རྟེན་འབྲེལ་གྱི་འབྲེལ་བ་གྲུབ་པས་འོད་ལ་མ་བརྟེན་པའི་མདོག་ཅིག་མི་སྲིད།ཉི་མའི་འོད་སོགས་དངོས་པོ་ལ་བརྒྱབ་སྟེ་དངོས་པོའི་སྟེང་གི་འོད་མིག་ཏུ་ལྡོག་འཕྲོ་བྱས་པས།མིག་ལ་དབྱིབས་དང་ཁ་དོག་སོགས་ཀྱི་སྣང་བརྙན་འཆར།ན་རོས་འོད་དང་མགྱོགས་ཀྱི་དན་བསྟན་ཚུལ་ཁོ་བོའི་སྔོན་གྱི་རྩོམ་དག་ཏུ་གསལ་ཁ་ཡོད་པས་འདིར་རྒྱས་པ་མི་སྤྲོས། མདོག་དང་ཚོན། སྔོ། འོད། འཕྲོ། གློག་སོགས་ནི་འོད་དང་འབྲེལ་བ་ཡོད་པས་དེ་དག་ན་རོ་ཅན་གྱི་ཡི་གེ་ཤ་སྟག་གོ། དེ་ནང་བཞིན་དཀར་དང་སེར།དམར་སོགས་ལ་འོད་ཀྱི་དོན་བསྟན་པའི་དབྱངས་ཡིག་ན་རོ་མ་སྦྱར་ཡང་།ཉི་མ་དང་མེ་ཡི་ས་བོན་གྱུར་པའི་རྗེས་འཇུག་ར་ཡིག་ཐོབ་པ་ཀུན་ཀྱང་ནམ་མཁའ་དང་འོད་ལས་གྲུབ་པ་ཡིན་པས་དགེའོ།

དེ་ལྟར་ཁ་དོག་བཞི་ཡི་གོ་རིམ་དང་།།

མིང་གི་གྲུབ་ཚུལ་ཡང་དག་རྗེས་དཔགས་ཀྱིས།།

ལན་གཅིག་དཔྱད་པའི་སྐལ་བཟང་བསོད་ནམས་འདི།།

ལྡེའུ་བསྟན་པ་དར་བའི་དོན་དུ་བསྔོ།།


  • ལེ་ཚན་སྔོན་མ།:ཁལ་ཁ་རྗེ་བཙུན་དམ་པ་ཡེ་ཤེས་བསྟན་པའི་ཉི་མ།
  • ལེ་ཚན་རྗེས་མ།:འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར།
  • དོ་སྣང་ཆེ་བའི་རྩོམ།