མིའི་རིགས་ཀྱི་རིམས་ནད་སྔོན་འགོག་བྱ་ཐབས་ཀྱི་རྒྱུན་སྤྱོད་ཤེས་བྱ།

རྡོ་རྗེ་ཚེ་རིང་།    གཉན་པོ་གཡུ་རྩེ།    2011-05-31

དེ་ཡང་འགྲོ་བ་མིའི་རིགས་ལ་རྒྱུན་དུ་འགོས་ཤིང་མཆེད་མང་པའི་རིམས་ནད་ལ་ནི་རིགས་མི་འདྲ་བ་ཧ་ཅང་མང་པོ་ཡོད་པ་ལས་འདིར་རིམས་ནད་ཀྱི་མཆེད་ལམ་ལྟར་དབུགས་ལམ་གྱི་འགོ་ནད་དང་།འཇུ་ལམ་གྱི་འགོ་ནད་དང་།ཁྲག་རྒྱུན་གྱི་འགོ་ནད་དང་།ཕྱི་པགས་ངོས་ཀྱི་འགོ་ནད་བཅས་རིགས་ཆེན་པོ་བཞིར་ཕྱེ་ནས་མདོར་ཙམ་བསྟན་པར་བྱ་སྟེ།
                                            ༡ དབུགས་ལམ་གྱི་འགོ་ནད།
ནད་ཡམས་རང་བཞིན་ཅན་གྱི་ཆམ་རིམས་དང་།གློ་གཅོང་དང་།མགོ་བོའི་རྒྱུངས་ཚད་སོགས་ནི་དབུགས་ཀྱི་རྒྱུ་ལམ་ལ་བརྟེན་ནས་འབྱུང་བ་ཡིན་ཏེ།དེ་འདྲའི་འགོ་ཞིང་ཡམས་པའི་རིམས་ནད་དག་གི་ཐོག་མའི་མཆེད་ལམ་ནི་གྲེ་གཞུང་དང་།གློ་ཡུ་དང་།གློ་བ་བཅས་ཡིན་ཞིང་།དེ་ལྟར་ནད་ཡམས་རིགས་ཀྱི་ཐོག་མའི་མཆེད་གཞི་གཙོ་བོ་ནི་དོར་བའི་ཁ་ཆུ་དང་།མཁའ་རླུང་ལ་བརྟེན་ནས་ཕན་ཚུན་གཅིག་ལ་གཅིག་བརྒྱུད་དེ་མཆེད་པ་ཡིན་གཤིས།དེའི་སྔོན་འགོག་གི་ཐབས་ཤེས་ནི་ལུད་པ་གང་བྱུང་དུ་མི་འཕེན་པ་དང་།རྟག་ཏུ་སྒོའམ་སྒེའུ་ཕྱེ་ནས་མཁའ་རླུང་རྒྱུ་བ་དང་ཉི་འོད་ཕོག་ཏུ་འཇུག་པའི་ཁར་ལུས་པོ་སྦྱོང་བརྡར་བྱ་དགོས།
                                             ༢ འཇུ་ལམ་གྱི་འགོ་ནད།
       ནད་འབུ་རང་བཞིན་ཅན་གྱི་འཁྲུ་ནད་དང་།ནད་དུག་རང་བཞིན་ཅན་གྱི་མཆིན་ཚད་དང་།རྒྱུ་ཚད་དང་།རྒྱུ་སྲིན་དང་།གཞང་སྲིན་སོགས་ནི་འཇུ་བྱེད་མ་ལག་གི་ཁོངས་སུ་གཏོགས་པའི་འགོ་ནད་ཀྱི་རིགས་ཤ་སྟག་ལགས།དེ་འདྲའི་འགོ་ནད་རྣམས་ཀྱི་ཐོག་མའི་མཆེད་ལམ་དེ་སྣོད་དྲུག་གི་ཁོངས་སུ་ཚུད་པའི་འཇུ་བྱེད་མ་ལག་གང་རུང་ཡིན་ཞིང་།དེ་ལྟར་གྱི་ནད་ཡམས་དག་གི་དང་ཐོག་གི་མཆེད་གཞི་གཙོ་བོ་ནི་བཟའ་བཏུང་དང་།འཐུང་ཆུ་དང་།ཟ་ཕོར་སོགས་བརྒྱུད་ནས་ནད་འགོས་མང་པ་ཞིག་ཡིན་སྟབས།དེའི་སྔོན་འགོག་གི་ཐབས་ཤེས་དེ་རང་གི་སྡོད་ཁང་དུ་སྦྲང་ནག་མི་འཁོར་བ་བྱ་རྒྱུ་དང་།བཟའ་བཏུང་གི་སྔོན་དང་གཅིན་སྐྱག་བཏང་རྗེས་ལག་པ་བཀྲུ་དགོས་པ་དང་།གཞན་གྱི་ཟ་ཕོར་གང་བྱུང་དུ་བེད་མི་སྤྱད་པ་དང་།ཚོད་མ་དང་སིལ་ཏོག་གི་རིགས་ཟ་ཚེ་ཐོག་མར་ཆུ་ཁོལ་གྱིས་ཡང་ཡང་བཤལ་དགོས་ཤིང་།རུལ་པ་དང་དྲི་ངན་མནམ་པའི་ཟས་རིགས་མི་ཟ་བ་དང་།ཆུ་ཁོལ་འཐུང་བ་ལས་ཆུ་གྲང་མོའི་རིགས་མི་འཐུང་བར་བྱའོ།།
                                             ༣ ཁྲག་རྒྱུན་གྱི་འགོ་ནད།
    མཆིན་ཚད་དང་།ཨེད་ཙིའི་ནད་དང་།ནད་ཡམས་རང་བཞིན་ཅན་གྱི་ལེབ་རྒན་དང་།རིམས་སྨྱོན་ཏྲེ་ཏྲེ་ཧོ་དང་།རེག་དུག་སོགས་ནི་ཁྲག་རྒྱུན་འགོ་ནད་ཀྱི་ཁོངས་སུ་གཏོགས་པ་དང་།ནད་ཡམས་དེ་རིགས་ཀྱི་ཐོག་མའི་མཆེད་ལམ་ནི་ཁྲག་དང་སྲིན་བུ་བརྒྱུད་ནས་གཅིག་ལ་གཅིག་ལ་གཅིག་མཆེད་དེ་འགོས་པ་ཡིན་གཤིས།དེའི་སྔོན་འགོག་བྱ་ཐབས་ནི་བྱིས་པར་ཆུང་དུས་ནས་རིམས་འགོག་སྨན་ཁེབ་འདེབས་རྒྱུ་དང་།གཞན་གྱི་ལུས་ནས་འཛག་པའི་ཁྲག་གང་བྱུང་དུ་མི་རེག་པ་དང་།དུག་སྦྲང་རྩ་མེད་གཏོང་བར་བྱ་དགོས་སོ།།
                                             ༤ ཕྱི་པགས་ངོས་ཀྱི་འགོ་ནད།
      ཁྱི་སྨྱོན་གྱི་ནད་དང་།འབྱུང་གཞིའི་ནད་དང་།བསྐུར་བའི་དུག་ནད་དང་།རྔོ་ནད་དང་།མཛེ་ནད་ལ་སོགས་པ་ནི་ལུས་པོའི་ཕྱི་ངོས་ཀྱི་འགོ་ནད་གྲལ་དུ་ཚུད་པ་ཡིན།དེ་འདྲའི་འགོ་ནད་རིགས་ཀྱི་དང་ཐོག་གི་མཆེད་ལམ་གཙོ་བོ་ནི་ལུས་ཀྱི་སྐྱི་པགས་དང་བ་སྤུ་བརྒྱུད་ནས་མཆེད་པ་དང་།ཞིབ་པར་བརྗོད་ན་ཕན་ཚུན་འབྲེལ་ཐུག་ལ་བརྟེན་ནས་འབྱུང་བ་ཡིན་ཏེ།ཐད་ཀར་རམ་གཞན་བརྒྱུད་སྒོས་ནད་པར་ཐུག་པའང་ནད་ཀྱི་འབྱུང་གཞི་འདུས་པའི་ས་ཆུ་སོགས་འབྲེལ་པས་ནད་ཀྱི་འབྱུང་གཞི་སྐྱི་པགས་བརྒྱུད་དེ་མིའི་ལུས་སུ་འཛུལ་རྗེས་འགོས་པ་ཡིན་སྟབས་རིམས་ནད་དེ་རིགས་ལ་འབྲེལ་ཐུག་གི་འགོ་ནད་ཀྱང་ཟེར་ཆོག དེའི་སྔོན་འགོག་གི་བྱ་ཐབས་ནི་མི་སྒེར་གྱིས་གཙང་སྦྲ་ཡག་པོ་བྱ་དགོས་པའི་ཁར།ནད་པའི་མཁོ་ཆས་གང་བྱུང་གིས་བེད་སྤྱོད་བྱ་རྒྱུ་མེད་ལ།ནད་ཀྱི་འབྱུང་གཞི་ཡོད་སར་ཉར་པའི་དངོས་པོ་མི་ཁྱེར་བ་དང་།དེ་བཞིན་མི་གཙང་བའི་ཁོར་ཡུག་སོགས་སུ་འདུག་སྡོད་མི་བྱེད་པ་བྱ་དགོས་སོ།།
  • ལེ་ཚན་སྔོན་མ།:བ་མོའི་འོ་མ་འབབ་ཚད་ཇེ་མང་དུ་གཏོང་ཐབས་གསུམ།
  • ལེ་ཚན་རྗེས་མ།:མཁལ་ནད་བཅོས་ཐབས།
  • དོ་སྣང་ཆེ་བའི་རྩོམ།