གསེར་ཐལ་ཞེས་པའི་ཡུལ་གྱི་མིང་ཐོགས་ཚུལ།

གསེར་ཀུན་དགའ།        2019-12-20

གསེར་ཐལ་ཞེས་པའི་ཡུལ་གྱི་མིང་ཐོགས་ཚུལ།

    དེ་ཡང་གསེར་ཡུལ་གྱི་མིང་འདི་ལ་གསེར་ཐར་དང་། གསེར་རྟ། གསེར་ཐང་། གསེར་ཐལ་ཞེས་འབྲི་ཚུལ་མི་འདྲ་བ་བཞི་ཙམ་ཡོད་པ་ལས་གསེར་ཐར་ཞེས་པའི་མིང་འདི་ཐོགས་དོན་ནི་ཡུལ་འདིའི་དམངས་ཁྲོད་དུ་གནས་འདི་ནི་གནའ་ནས་བཟུང་། སོག་སེར་པོ་ལ་རྟ་ཁྲལ་མ་འཇལ། རྒྱ་ནག་པོར་ཇ་ཁྲལ་མ་འཇལ་བར་གསེར་ཞོ་གང་གིས་རང་ཚུགས་བསྲུང་བསྡད་པའི་ཡུལ་རང་རྐྱ་པ་ཞིག་ཡིན་ཞེས་བཤད་སྲོལ་ཡོད་པ་རེད། ཉེ་རབས་ཀྱི་ལོ་རྒྱུས་སུའང་ཕར་གི་སྡེ་དགེ་རྒྱལ་པོའི་མངའ་འོག་ཏུ་མ་འཛུལ། མར་གི་ཁྲོ་སྐྱབས་རྒྱལ་པོའི་མངའ་འོག་ཏུ་བསྡུ་མ་ཐུབ་པར་དཔོན་མངའ་ཀུན་ལས་ཐར་ཏེ་རང་རྐྱ་ཐུབ་པའི་ཡུལ་ཞིག་ཡིན་པས་ཡུལ་མིང་དེ་ལྟར་ཐོགས་པར་སྐད། རབ་བྱུང་བཅོ་ལྔ་པའི་ནང་བྱོན་པའི་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་གྱི་རྣམ་ཐར་དུའང་གསེར་ཐར་ཞེས་མིང་འདི་བཞིན་བྲིས་ཡོད་པར་མ་ཟད། རྒྱའི་འབྲེལ་ཡོད་ལོ་རྒྱུས་འགའ་རེའི་ནང་དུ་ཡང་གཏོགས་མིན་གྱི་ས(化外之域)ཞེས་དཔོན་མངའ་ཀུན་ལ་མི་གཏོགས་ཚུལ་བྲིས་ཡོད། གཞུང་ཡིག་དང་ཐམ་ག་སྒོ་བྱང་སོགས་ཀྱི་ངོས་སུ་འབྲི་ཚུལ་འདི་བཞིན་བྲིས་ཡོད་པ་རེད།

གསེར་ཐལ་ཞེས་པའི་ཡུལ་གྱི་མིང་ཐོགས་ཚུལ།

    དཔྱད་དགོས་པ་ཞིག་ལ་ད་ལྟའི་གསེར་ཐར་རྫོང་གི་བྱང་ཕྱོགས་ཀྱི་ལུང་པ་ཕུ་རིང་པོ་ཅན་དེ་ལ་གསེར་ལག་བླ་ཐར་ཞེས་བྱ་ལ། ངག་རྒྱུན་དུ་སྔོན་ལུང་པ་དེ་ལ་གསེར་ལག་ཟེར་ཞིང་། སྐབས་ཤིག་ན་དབལ་ཤུལ་བླ་མ་སྐྱབས་ཀྱིས་ལུང་པ་དེ་ནས་འབྲོང་ཞིག་བསད་དེ་སྡོད་པའི་མོད་ལ་ཇག་པ་སྐོར་ཞིག་གིས་འཕྲོག་བཅོམ་བྱེད་རྩིས་ཀྱིས་མཐས་བསྐོར་ཡང་། དབལ་ཤུལ་བླ་མ་སྐྱབས་ཀྱིས་འབྲོང་གི་རྐང་གཟུགས་ཀླད་ལ་བསྐོར་དེ་ཁྱོད་ཇག་འཁྱར་འགས་བཅོམ་དོགས་མེད་གསུངས་ཏེ། ཕར་དེད་ཚུར་དེད་བྱས་མཐར་ཇག་པ་རྣམས་ཀྱིས་བླ་མ་སྐྱབས་ལ་མགོ་སྒུར་ཕྱག་འཚལ་བྱས་ཏེ་སྐྱབས་བཅོལ་བས་བཏང་། བླ་མ་སྐྱབས་ཐུགས་ཤིན་ཏུ་དགྱེས་ཤིང་རྟེན་འབྲེལ་ཤིན་ཏུ་ལེགས། ཕྱིན་ཆད་གསེར་ཡུལ་འདི་ནས་མངའ་ཐང་གི་སྡེ་བསྐྱངས་ན་དགྲ་བོས་གླགས་མི་ཚུགས་ཐག་གིས་ཆོད་གསུངས་ནས་གསེར་ཡུལ་བསྐོར། ཕྱི་ནས་ལུང་པ་དེར་གསེར་ལག་བླ་ཐར་ཞེས་ཐོགས་ཤིང་ད་ལྟ་ད་དུང་ཡང་དེ་ལྟར་འབོད་བཞིན་ཡོད་ཅེས་དབལ་ཤུལ་བསོད་ནམས་དར་རྒྱས་ཀྱིས་བརྩམས་པའི་གསེར་ཐར་གྱི་ལོ་རྒྱུས་དང་སྲོལ་རྒྱུན་དུ་གསལ། དེས་ན་གསེར་ལག་བླ་ཐར་ཞེས་པའི་བསྡུས་མིང་གསེར་ཐར་ཡིན་ལ། ལུང་པ་དེའི་བསྡུས་མིང་ཡུལ་སྤྱིའི་མིང་དུ་ཆགས་མིན་དེ་ཡང་དཔྱད་པའི་གནས་སུ་བསྙིལ་ལོ།།

    གསེར་རྟ་ཞེས་པའི་མིང་དེ་ཐོགས་དོན་ནི་གནའ་མིའི་ངག་རྒྱུན་དུ་གསེར་རྒོད་རྒན་ཐང་། དཀར་མཛེས་དམར་ར་ཐང་། བྲག་འགོའི་ཤྭ་ར་ཐང་གསུམ་ལ་སྨད་ཀྱི་ཐང་ཆེན་གསུམ་ཟེར་ཞིང་། དེའི་ཡ་གྱལ་གསེར་གྱི་རྒོད་རྒན་ཐང་གི་ས་འོག་ན་རྟ་རྒོད་མ་དང་འདྲ་བའི་གསེར་ཞིག་ཡོད་པའི་བཤད་སྒྲོས་ལ་བརྟེན་ནས་ཡུལ་དེའི་སྤྱི་མིང་ལ་གསེར་རྟ་ཞེས་ཐོགས་སོ་སྐད་ཀྱང་། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་ཚུན་ཆད་ནས་གསར་དུ་དར་བའི་འབྲི་སྲོལ་ཞིག་ལས་གནའ་ནས་ཡོད་པ་ཞིག་མིན་ཞེས་བྲིས་ཡོད་པའང་མཐོང་ཞིང་། མིང་འདིར་སྙན་པའི་ངག་དང་ལྡན་པས་ན་སྒྱུ་རྩལ་དང་རྩོམ་རིག་སོགས་ཀྱི་ཁྲོད་དུ་འབྲི་ཚུལ་འདི་རྒྱུག་ཆེའོ།།

གསེར་ཐལ་ཞེས་པའི་ཡུལ་གྱི་མིང་ཐོགས་ཚུལ།

    གསེར་ཐང་ཞེས་པ་ནི་པཎ་ཆེན་རིན་པོ་ཆེས་བསྩལ་པའི་བླ་རུང་ཆོས་སྒར་ཆེན་མོའི་མཚན་བྱང་ནང་དུ་བྲིས་ཡོད་པ་ཙམ་ལས་ཡོངས་སུ་མ་གྲགས་ཞེས་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་མཛད་པའི་ཆོས་རྗེ་བླ་མའི་རྣམ་ཐར་རྒྱས་པར་བཀོད་པ་རུ་གསུངས། བླ་རུང་ཆོས་སྒར་ཆེན་མོ་སྤྱི་དང་དགོན་ཁག་ཁ་ཤས་ཀྱིས་འབྲི་ཚུལ་འདི་གཙོ་བོར་བཟུང་ནས་ཡོད།

    གསེར་ཐལ་ཞེས་པའི་འབྲི་ཚུལ་འདི་ནི་གོང་གི་འབྲི་ཚུལ་དག་ལས་ཡང་དག་ཤོས་དེ་ཡིན་པར་མངོན་ལ། མདོ་སྨད་ཆོས་འབྱུང་དུ། གེ་ལིའི་བུ་ཆུང་བ་བན་ཞར་གྱི་མི་རྒྱུད་དབལ་ཤུལ་སྟག་སྐྱབས་ཀྱིས་རྡོ་སྟོད་རྗེ་མདར་མགོ་ལོག་ལ་ས་བསླང་ནས་མཁར་གཞི་བཟུང་། འདི་ལ་བུ་གཉིས་ཡོད་པའི་ཆེ་བ་སྟག་ལྷ་འཕན་གྱི་བུ་ཤོས་ཁོག་ཏུ་རུ་བ་བྱས་ནས་བསྡད་པའི་རྒྱུད་པ་གསེར་ཐལ་དཔོན་རིགས། ཞེས་དང་། ཡང་ཆོས་འབྱུང་དེ་ཉིད་ལས། ཨ་སྐྱབས་ཀྱི་མི་རིགས་གསེར་ཐལ་མའི་མངའ་འོག་ཏུ་ཡོད་ཅེས་བྲིས་པ་དང་གཞན་རྫ་དཔལ་སྤྲུལ་དང་མཁས་དབང་ནམ་མཁའི་ནོར་བུ་སོགས་ཀྱི་གསུང་དུའང་འབྲི་ཚུལ་འདི་བཞིན་བྲིས་ཡོད། ཡུལ་འདིའི་འབྲོག་དམངས་རྣམས་ཀྱི་ཁ་སྲོལ་དུའང་ཐལ་ཞེས་པ་འབྲོག་མིའི་རུ་བའམ་ཚོ་བ་ཞེས་པའི་ཚབ་ཏུ་སྦྱོར་བ་མང་སྟེ། དཔེར་ན་སྙི་ཁོག་ཏུ་ཡོད་པའི་འབྲོག་མིའི་རི་ཁྱིམ་རྣམས་ལ་སྙི་ཐལ་མ་དང་། འོམ་ཁོག་ཏུ་ཡོད་པའི་རུ་བ་རྣམས་ལ་འོམ་ཐལ་མ། ཟླ་ཁོག་ཏུ་ཡོད་པའི་རུ་བ་རྣམས་ལ་ཟླ་ཐལ་མ་ཞེས་བརྗོད་པ་དང་། དེ་དག་གིས་ཟླས་དྲངས་ཏེ་གསེར་ཁོག་ཏུ་ཡོད་པའི་རུ་བ་རྣམས་ལ་གསེར་ཐལ་ཞེས་འབོད་པར་མངོན། གཞན་ཡང་ཁ་སྐད་དུ་གསེར་ཐའ་ཞེས་རྗེས་འཇུག་འ་སྒྲ་དང་ལྡན་པའི་ཚུལ་དུ་ཀློག་པ་དེའང་ཐལ་ཞེས་པའི་སྒྲ་ཟུར་ཆག་པ་ལས་བྱུང་བ་ཡིན་ཞེས་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་གསུངས་པ་དེ་ནི་ཇི་འདྲའི་དོན་དང་ལྡན་པ་ཞིག་ཡིན་པ་སྨྲོས་མི་དགོས་སོ།།

  • ལེ་ཚན་སྔོན་མ།:ལྡོང་སྤྱང་མི་ཉག་གི་བྱུང་རིམ་དང་འབྲེལ་བའི་ལོ་རྒྱུས་བསྡུས་པ་དཔྱོད་ལྡན་འཇུག་པའི་སྒོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།