ལི་ཐང་དགོན་ཆེན་དང་ཤོག་དྲུག་སྐྱབས་མགོན་ན་རིམ་གྱི་རྣམ་ཐར་མདོར་བསྡུས་བརྗོད་པ།

ཨ་ལྷ་དགེ་བཤེས་བྱམས་པ་བཀྲ་ཤིས།        2019-07-09

    དེ་ཡང《བརྒྱུད་འདེབས》ལས།བློ་བཟང་རྒྱལ་བ་གཉིས་པ་ཙོང་ཁ་པའི།།མདོ་སྔགས་དྲི་བྲལ་བསམ་འཕེལ་དབང་གི་རྒྱལ།།དཔག་མེད་བཤད་དང་སྒྲུབ་པའི་གྲུ་གཟིངས་སུ།།འདྲེན་མཁས་དེད་དཔོན་མཆོག་ལ་གསོལ་བ་འདེབས།།ཞེས་གསུངས་པ་ལྟར་ཞྭ་སེར་བསྟན་པའི་བདག་པོ་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ང་དྲུག་པ་མཁས་པའི་དབང་པོ་རྗེ་བཙུན་བློ་བཟང་དྲི་མེད་མཆོག་ནི་བོད་ཁམས་ལྷོ་རྒྱུད་ལི་ཐང་ཤོག་དྲུག་ཏུ་འཁྲུངས།འབྲས་སྤུངས་བློ་གསལ་གླིང་སྤོམ་ར་ཁང་ཚན་དུ་སྒྲིགས་ཞུགས་གནང་།གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་དཔྱིས་ཕྱིན་པ་གནང་།གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་ཕེབས།དེ་ནས་བྱང་རྩེ་ཆོས་རྗེ་དང་།དེ་ནས་ཕྱི་ལོ༡༧༥༡རབ་བྱུང་བཅུ་གསུམ་པའི་ལྕགས་ལུག་ལོར་འབྲོག་རི་བོ་དགའ་ལྡན་རྣམ་པ་རྒྱལ་བའི་གླིང་དུ་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་རྒྱལ་ཚབ་ཏུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་མངའ་གསོལ་ཏེ་ཕྱི་ལོ༡༧༥༧བར་བཞུགས།རྗེ་བླ་མས་དག་ཐེར་ལེགས་པར་མཛད་པའི་མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར་ཤེས་པའི་ཐུབ་བསྟན་ཡོངས་སུ་རྫོགས་པའི་སྲོལ་བཟང་པོ་འདི་ཉིད་ཕྱོགས་བརྒྱར་སྤེལ་བར་མཛད།ཁྲི་ལོ་ཐིམ་མཚམས་སུ༧རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ཚོགས་དབུས་སུ་སྤྱན་དྲངས་ཏེ་དངོས་འབྱོར་གྱི་འབུལ་བ་བསྟར།འཁྲུངས་གཤེགས་བརྒྱ་ཕྲག་བཅོ་བརྒྱད་པའི་ནང་དུ་གསལ་ལ།སྐུ་ཕྲེང་ཕྱི་མ་ལི་ཐང་ཤོག་དྲུག་སྐྱབས་མགོན་རིན་པོ་ཆེ་སྐུ་ཕྲེང་རིམ་གྱི་རྣམ་པར་ཐར་པ་མདོ་ཙམ་འགོད་པ་བྱ་བ་ལ།སྐུ་ཕྲེང་གཉིས་པ་བློ་བཟང་རིན་ཆེན་བསྟན་པའི་རྒྱལ་མཚན་མཆོག་ནི་ལི་ཐང་ཤོག་དྲུག་ཏུ་འཁྲུངས།ཡབ་ཡུམ་གྱི་མཚན་རྙེད་སོན་མ་བྱུང་།འོན་ཀྱང་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན་པ་ནི།ཤོག་དྲུག་རབ་བཏགས་དགོན་དུ་དམག་བསླེབས་སྐབས་དམག་གཅིག་གིས་མ་ཧེའི་ཞལ་ཅན་ཞིག་ཏུ་མཇལ་བར་ཡོངས་སུ་གྲགས།

སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་ནི་ཤོག་དྲུག་སྒྲོ་མདོངས་ས་ཆར་ཡབ་སྐལ་བཟང་ཕུན་ཚོགས་ལ་རབ་བྱུང་བཅུ་བཞི་པའི་ས་ཕོ་ཁྱི་ཡི་ལོར་ཕྱི་ལོ༡༨༣༨སྐུ་བལྟམས།གདན་ས་འབྲས་སྤུངས་སུ་ཕེབས་ཏེ་སྐྱབས་མགོན་གྱི་གོ་གནས་དང་ཚོགས་ཆེན་སྤྲུལ་སྐུའི་གོ་གནས་བཞེས།གཞུང་ཆེན་རྣམས་སློབ་གཉེར་གནང་།དགེ་བཤེས་ལྷ་རམས་ཀྱི་དམ་བཅའ་བཞག།ལི་ཐང་དགོན་པའི་མཁན་པོ་ལྔ་བཅུ་ང་གཅིག་པ་མཛད་དེ་དེར་ཡོད་གདུལ་བྱའི་ཚོགས་རྣམས་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད།སྐུ་ཚེ་སྨད་དུ་སྐུ་འཚམས་སུ་བཞུགས་པའོ།།

སྐུ་ཕྲེང་བཞི་པ་རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་ཕྲིན་ལས་དཔལ་བཟང་པོ་ཞེས་མཚན་སྙན་གྱི་གྲགས་པས་གངས་ཅན་གྱི་ནོར་འཛིན་ཡོངས་སུ་ཁྱབ་པ་དེ་ནི་ལི་ཐང་ཤོག་དྲུག་སྒྲོ་མདོངས་གནས་སྨད་ནོར་བུའི་གྲོང་ཡབ་བློ་བཟང་ཕུན་ཚོགས་དང་ཡུམ་སྐལ་བཟང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས།དབུས་ཕྱོགས་སུ་ཕེབས་ཏེ་ལྷ་ལྡན་ཇོ་བོ་རིན་པོ་ཆེའི་ཞབས་པུས་སྤྱི་བོར་གཏུགས་ཏེ་ཐུགས་སྨོན་མཛད་པ་ན།ཇོ་བོའི་སྐུ་ལས་སིལ་སིལ་གྱི་སྒྲ་གྲགས་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་ངོ་།།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ལྡན་མ་སྟོང་དཔོན་རིན་པོ་ཆེ་ངག་དབང་ཆོས་འགྲུབ་དཔལ་བཟང་པོ་མཆོག་དང་།ཏྲེ་ཧོར་དགེ་བཤེས་ཡ་མ་ཚོགས་པ།ལྡན་མ་དགེ་བཤེས་ངག་བསྟན་ནམ་མཚན་གཞན་ཟླ་བའི་སྙིང་པོ་སོགས་ཡོངས་འཛིན་དུ་མར་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་དང་།སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ་མཆོག་དང་།སྐྱབས་རྗེ་ཁང་གསར་རྡོ་རྗེ་འཆང་།སྐྱབས་རྗེ་སྟག་བྲག་རིན་པོ་ཆེ་ལ་སོགས་དམ་པ་མང་པོའི་ཞལ་ནས་མདོ་སྔགས་གཉིས་ཀྱི་དབང་ལུང་ཁྲིད་གསུམ་གྱི་མན་ངག་མང་དུ་གསན་ཏེ་རྒྱུན་རིང་ཙམ་བཞུགས་བཞེད་ཡོད་ཀྱང་།ཁམས་ཕྱོགས་ནས་མགྱོགས་མྱུར་ཕེབས་དགོས་ཚུལ་གྱི་ཞུ་བ་ནན་ཆེ་ཕུལ་བར་བརྟེན།དགེ་བཤེས་དམ་འཇོག་མཛད་དེ་ཕ་ཡུལ་ཕྱོགས་སུ་ཕེབས།རི་ཁྲོད་སོགས་སུ་ཐུགས་དམ་བསྙེན་སྒྲུབ་རྒྱུན་རིང་མཛད་བཞིན་པའི་སྐབས་ཤིག་ལ་མནལ་ལམ་དུ་ཞལ་སྐྱུགས་གནང་ནས་གཟིམས་ཁྱིས་བཟས་པའི་མཚན་མར་བྱུང་།དེ་ནས་གསུང་རབ་ཀྱི་ཚིག་དོན་སྔར་མ་མཁྱེན་པ་ཐོགས་མེད་དུ་མཁྱེན་པ་སོགས་སྐུ་ཡོན་ཡར་ཟླའི་དཔལ་ལ་འགྲན་པར་མཛད།དེ་ཁུལ་གྱི་སེར་སྐྱ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་འབད་མེད་དུ་བསྩལ་བས་སྐལ་བ་དང་ལྡན་པའི་གདུལ་བྱ་གྲངས་མེད་ཐར་པའི་ལམ་དུ་དཀྲི་བར་མཛད་པའི་རྐྱེན་གྱིས།ཆོས་སྡེ་ཆེན་པོ་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་པོར་མངའ་གསོལ།དེར་སྔར་གྱི་སྒྲིག་ཁྲིམས་ཉམས་པ་སོར་ཆུད་དང་མི་ཉམས་གོང་དུ་འཕེལ་བའི་ཐབས་ཚུལ་ལྷུར་བཞེས་མཛད།མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ་པར་བརྟེན་ཁམས་དར་མདོའི་སྤྱི་ཁྱབ་ལུའུ་ཀྲུའུ་ཤི་ནས་རྒྱ་ཡུལ་དུ་ཕེབས་དགོས་པའི་བསྐུལ་མ་ནན་ཆེར་བྱུང་བར་བརྟེན།དེ་ཕྱོགས་སུ་ཕེབས་ནས་གདུལ་བྱ་རང་རང་གི་བློ་དང་འཚམས་པའི་སྐྱབས་འགྲོའི་སྐོར་དང་།བདེན་བཞི་ལས་འབྲས་སྐོར་ལ་སོགས་ཆོས་ཀྱི་ཆར་པས་གདུལ་བྱ་མཐའ་ཡས་པའི་རེ་བ་སྐོང་བར་མཛད།སྐབས་དེར་མཆོད་རྟེན་ཐོག་བརྩེགས་དུ་མ་ཡོད་པ་ཞིག་ལ་རབ་གནས་གནང་སྟེ་ཉེ་འཁྲིས་སུ་བཞུགས་ཏེ་སྐུ་པར་སྒྲོན་སྐབས།སྐྱབས་རྗེ་མཆོག་མཆོད་རྟེན་བང་རིམ་གྱི་ཐད་དུ་བར་སྣང་ལ་བཞུགས་པར་གསལ་འདུག་པས་སྐྱེ་བོ་ཀུན་ངོ་མཚར་བ་དང་ཡིད་ཆེས་ཀྱི་དད་པ་སྐྱེས་ནས་རྒྱ་མི་འབྱོར་ལྡན་རྣམས་ཀྱིས་དད་འབུལ་རྒྱ་ཆེ་ཞུས།རྒྱ་རྣམས་ཀྱིས་འབུལ་བའི་དངོས་རྫས་དང་།སྔར་ཡོད་བླ་བྲང་གི་དངོས་རྫས་རྣམས་གནང་སྟེ་ཇ་སྒམ་ཁྲི་ཕྲག་བརྒལ་བ་ལྷ་ལྡན་ཕྱོགས་སུ་དབོར་འདྲེན་མཛད་པ་དང་ཁོང་ཉིད་ཀྱང་ལྷན་དུ་ཕེབས་ཏེ།སེར་འབྲས་དགའ་གསུམ་སོ་སོར་དང་སྨོན་ལམ་ཆེན་མོ་བཅས་ལ་ཇ་འགྱེད་གནང་སྟེ་བོད་ཡུལ་ཀུན་ཇ་ཡིས་ཁྱབ་པར་མཛད།རྒྱ་བོད་འབྲེལ་ལམ་གྱི་སྐོར་སོགས་གལ་ཆེ་ཆོས་སྲིད་ཀྱི་བཀའ་མོལ་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་དང་།བཀའ་ཤག་བཅས་ལ་བཀའ་མོལ་ཟབ་རྒྱས་གནང་བའི་མཛད་རྗེས་སུ་གཏང་རག་གི་ཚུལ་དུ།བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་དང་གདན་ཐོབ་མཚུངས་ཤིང་།རྒྱལ་མཆོག་སྐུ་གོང་མའི་སྐབས་ཀྱི་མཚན་ཞབས་སོག་པོ་རྡོ་རྗེ་ཡིབ་མཆོག་ལ་བསྩལ་གནང་མཛད་པ་དང་འདྲ་བར“ཤ་ཅིན་ཐོ་ས་ལག་ཆི”ཞེས་པའི་མཚན་གནས་ཀྱང་འབུལ་བཞེས་མཛད།སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོ་མཆོག་དང་།སྐྱབས་རྗེ་སེར་སྨད་ལྷ་བཙུན་རྡོ་རྗེ་འཆང་།རྒྱུད་སྨད་སྔགས་རམས་པ་དགེ་བཤེས་བསམ་འགྲུབ་རིན་པོ་ཆེ་སོགས་ཀྱི་སྐུ་དྲུང་ནས་སྔར་མ་གསན་པའི་དབང་ལུང་མན་ངག་གི་རྒྱུན་བུམ་པ་གང་བྱོའི་ཚུལ་དུ་གསན།དེ་ནས་འབྲས་བློ་གླིང་སྤོམ་ར་ཁང་ཚན་དུ་སྐལ་ལྡན་གྱི་གདུལ་བྱ་མི་ཉུང་བ་ལ་ཐུགས་རྗེ་ཆེན་པོ་དཔལ་འཁོར་ལུགས་ཀྱི་དབང་དང་།དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་བཞི་ཡོངས་སུ་རྫོགས་པ་དགྱེས་བཞིན་དུ་བསྩལ་བར་མཛད།བླ་ཟླ༦ཚེས༤ནས་བརྒྱད་པའི་ཚེས་ཤར་བར་བློ་གླིང་གཉེར་ཟུར་སྦོམ་ར་རྒན་བརྩོན་འགྲུས་ལགས་ཀྱིས་གསོལ་བ་བཏབ་པར་བརྟེན།འབྲས་སྒོ་མང་ཧར་གདོང་རྒྱུད་ཁང་དུ་རྣམ་གྲོལ་དོན་དུ་གཉེར་བའི་སློབ་བུ་བདུན་བརྒྱ་བརྒལ་བ་ལ་བྱང་ཆུབ་ལམ་གྱི་རིམ་པ་ཆེན་པོ་དང་།བདེ་ལམ་དམར་ཁྲིད་བཅས་སྦྲགས་ཏེ་མྱུར་ཁྲིད་ཟབ་རྒྱས་བསྩལ།དེ་རྗེས་གསང་བདེ་འཇིགས་གསུམ་གྱི་དབང་ཆེན་སྟ་གོན་དང་བཅས་པ་སྐུ་བཞིའི་ས་བོན་ཐེབས་ངེས་སུ་བསྩལ།བོད་ཟླ༤པའི་ཚེས༡ནས༡༤བར་ལི་ཐང་ཨ་འབྲུག་ཚང་གིས་སྦྱིན་བདག་ཞུས་ཏེ་བློ་གླིང་གྲྭ་ཚང་གི་འདུ་ཁང་དུ་སློབ་མ་སྟོང་ཕྲག་བརྒལ་བ་ལ་བླ་མཆོད་བདེ་སྟོང་དབྱེར་མེད་མའི་ཁྲིད་ཡིག་ཆེན་མོའི་ཐོག་ནས་ཉམས་ཁྲིད་དང་།བློ་སྦྱོང་དོན་བདུན་མ།ཕྱག་ཆེན་རྩ་འགྲེལ་བཅས་སྦྲགས་ནས་སྨིན་རྒྱས་བཀའ་དྲིན་བསྐྱངས་པར་མཛད།འབྲས་ཕ་ར་ཁང་ཚན་དུ་དྲང་ངེས་ལེགས་བཤད་སྙིང་པོ་དང་སྤྱན་རས་གཟིགས་སེང་གེའི་སྒྲའི་རྗེས་གནང་དང་།སྐྱབས་རྗེ་ཤོག་དྲུག་རྡོ་རྗེ་འཆང་ཁོང་ཉིད་ནས་བཀའ་བརྩམས་གནང་བའི་དབུ་མའི་ལྟ་བའི་ཞལ་གདམས་ཚིགས་བཅད་མའི་བཤད་ལུང་བཅས་ཟབ་རྒྱས་བསྩལ།ལྷ་སའི་སྐལ་བཟང་ལྕང་རྭའི་ནང་སྔགས་རིམ་ཆེན་མོ་ཆ་ཚང་ཟླ་བ་གཅིག་ལྷག་ཙམ་གནང་།གཙང་ཕྱོགས་སུ་ཕེབས་ཏེ་བཀྲ་ཤིས་ལྷུན་པོའི་རྒྱ་ཁང་ཚན་དང་།མཚན་སྒྲོག་དགའ་གདོང་སོགས་དགོན་ཁག་མང་པོར་ཞབས་ཀྱིས་བཅག་སྟེ་རང་རང་གི་འདོད་ཆོས་ཀྱིས་རེ་བར་སྐོང་བ་དང་།བསྟན་པའི་རྩ་བ་སོར་ཐར་གྱི་སྡོམ་པ་ཡིན་པ་ཐུགས་ལ་དགོངས་ཏེ་དགེ་ཚུལ་སློང་གི་སྡོམ་པ་ཡང་མང་དུ་བསྩལ།དེ་བཞིན་ལྷོ་ཁ་ཕྱོགས་སུ་ཡང་བཀའ་ཆོས་མི་ཉུང་བ་ཙམ་གསུངས།རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ཏེ་གནས་ཆེན་བཞི་ལ་སོགས་པར་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེར་མཛད།དེ་རྗེས་ལི་ཐང་དུ་ཕེབས་ནས་བྱང་ཆུབ་ལམ་གྱི་རིམ་པ་ཆེན་པོའི་བཀའ་ཁྲིད་ཤིན་ཏུ་རྒྱས་པ་ཞིག་དང་།དུས་འཁོར་དབང་ཆེན་དང་གསང་བདེ་འཇིགས་གསུམ་གྱི་དབང་ལུང་ཁྲིད་གསུམ་བཅས་གནང་།སྐབས་དེར་དོ་གལ་ཆེ་ཞིང་ཡིད་ཕམ་པའི་གནས་ཚུལ་ཞིག་ལ་སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་ཆོལ་ཁ་གསུམ་གྱི་ཁྱོན་ལ་བཞུགས་པའི་བླ་ཆེན་གསུམ་དུས་མཚུངས་སུ་དགོངས་པ་ཞི་དབྱིངས་སུ་གཤེགས་ཚུལ་བསྟན་གྱི་ཡོད་ཅེས་གསུངས་འདུག་ཀྱང་།བདུད་ཀྱི་ཐིབས་ཀྱིས་ནོན་པ་ལྟ་བུའི་སྐྱེ་བོ་སུ་ལ་ཡང་དོ་སྣང་བྱུང་མི་འདུག།དེ་ནས་རིང་པོ་མ་ལོན་པར་རེ་ཞིག་དགོངས་པ་མི་མངོན་ཞི་བའི་དབྱིངས་སུ་གཤེགས་ཚུལ་བསྟན།གོང་དུ་བགྲངས་པའི་བླ་ཆེན་གསུམ་ནི།རྭ་སྒྲེང་རིན་པོ་ཆེ་དང་།འཇམ་དབྱངས་བཞད་པ་རིན་པོ་ཆེ།སྐྱབས་རྗེ་ཤོག་དྲུག་སྐྱབས་མགོན་རིན་པོ་ཆེ་རྣམ་པ་གསུམ་ཡིན་འདུག།རྭ་སྒྲེང་རིན་པོ་ཆེ་དང་།སྐྱབས་རྗེ་ཤོག་དྲུག་སྐྱབས་མགོན་རིན་པོ་ཆེ་རྣམ་པ་གཉིས་སྔོན་ནས་ཐུན་མོང་མིན་པའི་འབྲེལ་བ་ཡོད་དེ།དཔེར་ན།སེ་རར་རྭ་སྒྲེང་རིན་པོ་ཆེའི་མཚན་བཏགས་དང་འབྲས་སྤུངས་སུ་སྐྱབས་རྗེ་ཤོག་དྲུག་རིན་པོ་ཆེས་མཚན་བཏགས་གནང་བ་གཉིས་ཉིན་ཅིག་ལ་འཁེལ་ཞིང་།དེའི་ཉིན་ལྷ་སའི་གླིང་བསྐོར་འགྲོ་མཁན་བུད་མེད་རྒན་གྲས་འགའ་ཤས་ནས་འབྲས་སྤུངས་དང་སེ་རའི་བར་སྤྲིན་པ་གདུགས་དང་རྒྱལ་མཚན་གྱི་རྣམ་པར་མཐོང་བ་བྱུང་འདུག།ཡང་རྭ་སྒྲེང་རིན་པོ་ཆེ་རྒྱལ་ཚབ་ཀྱི་ཁྲིར་ཕེབས་པ་དང་།སྐྱབས་རྗེ་ཤོག་དྲུག་རིན་པོ་ཆེ་ལི་ཐང་དགོན་ཆེན་གྱི་མཁན་པོའི་ཁྲིར་ཕེབས་གནང་བར་དུས་མཚུངས་སུ་གྱུར།སྐྱབས་རྗེ་ཤོག་དྲུག་རྡོ་རྗེ་འཆང་ཆེན་པོ་མཆོག་རྭ་སྒྲེང་ལ་གནས་མཇལ་ཕེབས་ཏེ་རྭ་སྒྲེང་རིན་པོ་ཆེ་མཇལ་བཅར་སྐབས།རྭ་སྒྲེང་རིན་པོ་ཆེ་ནས་དེ་རིང་གནམ་གཤིས་ཁྱད་དུ་མཚར་བ་ཞིག་འདུག་པ་དེ་ཁྱེད་རང་ཕེབས་པ་ལ་ལྟས་འདུག་ཅེས་གསུངས།སྐྱབས་རྗེ་ཤོག་དྲུག་སྐྱབས་མགོན་རིན་པོ་ཆེ་མཆོག་ནི་བཀའ་གདམས་པའི་རྣམ་ཐར་གཙང་མར་བདག་གིར་མཛད་མཁན་ཞིག་དང་ཐུན་མོང་གདུལ་བྱའི་སྣང་ངོར་ཡང་འཕགས་མཆོག་སྤྱན་རས་གཟིགས་མི་ཡི་རྣམ་པར་རོལ་པ་ཞིག་ཡིན་པ་ནི་སྐལ་བ་དང་ལྡན་པའི་གདུལ་བྱ་འགའ་ཞིག་ནས་སྤྱན་རས་གཟིགས་ཕྱག་བཞི་པ་དངོས་སུ་མཇལ་བ་དང་།འགའ་ཤས་ནས་དབུ་ཡི་གཙུག་གཏོར་དངོས་སུ་མཇལ་མྱོང་མཁན་གྱི་རྒན་གྲས་འགའ་ཞིག་དུས་ད་ལྟ་ཡང་ཡོད།སྐྱབས་རྗེ་རིན་པོ་ཆེ་མཆོག་གི་དགོངས་བཞེད་ལ་བླ་བྲང་གི་ནོར་རྫས་ཅི་ཡོད་ཆོས་ཕྱོགས་འབའ་ཞིག་ཏུ་གཏོང་གནང་མཛད་བཞེད་ཡོད་ཀྱང་།ཕྱག་མཛོད་བསྟན་འཕེལ་ནས་དེ་ལྟར་མཛད་ན་བླ་བྲང་ཁུངས་མི་འཁྱོལ་བའི་ཉེན་ཁར་མཐོང་ནས་བཀའ་བཞིན་སྒྲུབ་དཀའ་བར་བརྟེན།དགེ་འདུན་ལ་བསྙེན་བཀུར་དང་རྟེན་ལ་མཆོད་འབུལ་སྐབས་བླ་བྲང་དང་འབྲེལ་ཡོད་ཀྱི་མི་ཚད་ལྡན་ཞིག་གིས་འགྲེལ་བཤད་གོ་བསྐོན་བྱས་པ་ལས་སྐྱབས་རྗེ་རིན་པོ་ཆེའི་དགོངས་བཞེད་ཕྱེད་ཙམ་འགྲུབ་ཐུབ་པ་བྱུང་ཡོད་འདུག།འབྲས་བློ་གླིང་གྲྭ་ཚང་དུ་ལོ་ལྟར་བོད་ཟླ༤པའི་ཚེས༡༥ཉིན་གནས་བརྟན་ཕྱག་མཆོད།རྒྱལ་བསྟན་འཛད་མེད་ནོར་བུ་གྲྭ་ཇའི་ཐོག་ཚོགས་འདོན་མཛད་རྒྱུའི་ཐེབས་རྩར་རྡོ་ཚད་སྟོང་ཕྲག་འགའ་ཤས་དང་།རྒྱ་ཡུལ་དུ་འཚེམ་གྲུབ་ལས་བསྐྲུན་པའི་ཐུབ་དབང་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པའི་ཞལ་ཐང་མི་ཚད་མ་ཉི་ཤུ་རྩ་གསུམ་བཅས་སྐྱབས་མགོན༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་རྣམས་སྐུ་ཚེ་བརྟན་ཅིང་རླབས་ཆེན་མཛད་ཕྲིན་རྒྱས་པའི་ཐུགས་སྨོན་མཚམས་སྦྱོར་དང་འབྲེལ་སྦྱོར་འཇགས་འབུལ་གནང་མཛོད།སྐྱབས་རྗེ་ཤོག་དྲུག་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཕྲིན་ལས་ལྷ་ལམ་དང་འགྲན་པའི་དངོས་སློབ་ཀྱང་མང་དུ་བྱོན་ཏེ།དཔེར་ན།དེང་གི་སྙིགས་མའི་དུས་འདིར་འཇམ་མགོན་བླ་མའི་བསྟན་པ་འཛིན་པ་ལ་འཇམ་མགོན་བླ་མ་གཉིས་པ་ལྟ་བུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམ་གྲྭ་མཁན་ཟུར་ལྡན་མ་བློ་ཆོས་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་བློ་བཟང་འོད་ཟེར་ཆོས་དབྱིངས་རྒྱ་མཚོ་དཔལ་བཟང་པོ་མཆོག་དང་།ཟླ་གྲགས་གཉིས་པ་ཤག་སྒོ་མཁན་རིན་པོ་ཆེ་རྗེ་བཙུན་ཉི་མ་རྒྱལ་མཚན་དཔལ་བཟང་པོ་མཆོག་དང་།ཏྲེ་ཧོར་རྫ་ཆོས་རྗེ་སྐུ་གོང་མ་ལ་སོགས་པ་ལུང་དང་རྟོགས་པའི་ཡོན་ཏན་དུ་མའི་མཛོད་འཛིན་པའི་སྐྱེས་ཆེན་མང་དུ་བྱུང་།སྐྱབས་རྗེ་ཤོག་དྲུག་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཟབ་མོ་དབུ་མའི་ལྟ་བ་དེ་ཁོ་ན་ཉིད་གཟིགས་པ་དང་གཞན་གྱི་སེམས་ཤེས་པའི་མངོན་ཤེས་དང་ལྡན་པ་ནི་གངས་ཅན་ཡོངས་སུ་རླུང་ལྟར་གྲགས།མདོར་ན་སྐུ་ཚེ་རིལ་པོར་རླབས་ཆེན་རྒྱལ་སྲས་ཀྱི་སྤྱོད་པ་ཁོ་ནས་དུས་འདའ་བར་མཛད་པ་ནི་མཁའ་དབྱིངས་ཀྱི་ཉི་ཟླ་ལྟར་གྲགས་སོ།།

སྐུ་ཕྲེང་ལྔ་པ་ཤོག་དྲུག་སྐྱབས་མགོན་རིན་པོ་ཆེ་རྗེ་བཙུན་འཇམ་དབྱངས་དཔལ་ལྡན་རྡོ་རྗེ་མཆོག་ནི་ཕྱི་ལོ༡༩༤༩རབ་བྱུང་བཅུ་དྲུག་པའི་ས་མོ་གླང་གི་ལོར་བོད་ཁམས་ལྷོ་རྒྱུད་ལི་ཐང་དབྲ་བ་ཡར་མདའ་གྲོང་ཡབ་བྱང་ཆུབ་དང་ཡུམ་ཆོས་ཉིད་གཉིས་ཀྱི་སྲས་སུ་འཁྲུངས།འཁྲུངས་སྐབས་ཁྱིམ་ཚང་གི་ཐབ་ཁུང་ན་འོ་མ་འཁྱིལ་བའི་ཤུལ་ད་ལྟ་ཡང་མཇལ་རྒྱུ་ཡོད།ཕྱི་ཉིན་ཞོགས་པར་ཡབ་བྱང་ཆུབ་ཀྱིས་ཁང་པའི་ཐོག་ཁའི་བར་སྣང་ནས་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཕུབ་པའི་དབུས་སུ་སྤྱན་རས་གཟིགས་ཕྱག་བཞི་པ་ཞིག་མཇལ་བ་ལ་སོགས་པའི་ལྟས་ཁྱད་པར་ཅན་མང་དུ་བྱུང་འདུག་ཀྱང་ཡིག་ཚོགས་མང་བར་འཇིགས་ནས་རྒྱས་པ་མ་སྤྲོས།དགུང་གྲངས་བཅུ་གཉིས་པར་ཡོངས་འཛིན་ཆེན་པོ་འབྲས་སྤོམ་ར་མཁས་པའི་དབང་པོ་དགེ་བཤེས་ངག་དབང་སྙན་གྲགས་མཆོག་གི་ཞབས་ལ་གཏུགས་ཏེ་བསྡུས་གྲྭ་དང་བློ་རྟགས་སོགས་གསན་སྦྱངས་མཛད།དགེ་ཚུལ་གྱི་སྡོམ་པ་ཡང་བླ་མ་འདིའི་དྲུང་ནས་མནོས།ད་ལྟའི་ཆར་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་ཉམས་པར་སོ་ཆུད་དེ་སྔར་ལས་ལྷག་པའི་གསར་བཞེངས་དང་དེ་སྔར་གྱི་སྒྲིག་ཁྲིམས་ཉམས་པ་སོར་ཆུད་དང་མི་ཉམས་གོང་དུ་སྤེལ་བ་དང་།རྟེན་ཁྱད་པར་ཅན་གསེར་ཟངས་ལས་བསྐྲུན་པའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཐོག་བརྩེགས་གཉིས་ཅན་ཞིག་བཞེངས་པ་ལ་སོགས་ཕྱི་ནང་གི་བཀོད་པ་ཐམས་ཅད་སྔར་ལས་ལྷག་པའི་དར་རྒྱས་མཛད།སྐུ་གོང་མའི་རྣམ་ཐར་གཙང་མ་བདག་གིར་བཞེས་ནས་བསྟན་འགྲོའི་དོན་ཆེན་ཁུར་དུ་བཞེས་ཏེ་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་དུ་འཚོ་ཞིང་བཞུགས་ཡོད་དོ།།

ཞར་ལ་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་བྱུང་བ་མདོ་ཙམ་གླེང་ན།ཆོས་སྡེ་ཆེན་པོ་འདི་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ལ།ནང་གསེས་བོད་དང་བོད་ཆེན་པོ་གཉིས་ཡོད་པ་ལས་བོད་ཆེན་པོར་གྲགས་པ་མདོ་ཁམས་ཀྱི་བརྒྱུད།དེ་ལ་སྒང་དྲུག་ཡོད་པ་ལས་ལི་ཐང་སྤོམ་འབོར་སྒང་དེར༧རྒྱལ་མཆོག་བསོད་ནམས་རྒྱ་མཚོས་ཕྱི་ལོ༡༥༨༠ལོ་རབ་བྱང་བཅུ་པའི་ལྕགས་ཕོ་འབྲུག་གི་ལོར་ཕྱག་བཏབ།

དེ་ཡང་བུ་ཆོས་ལེའུ་ལྔ་པ་ལས།

ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།།

གནས་ཆེན་པོ་སྤོམ་འབོར་བྱ་བ་ཡོད།།

གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད།།

རི་མཐོན་པོ་གནམ་གྱི་ཀ་བ་ཡོད།།

མཚོ་སྔོན་པོ་གཡུ་ཡི་མཎྡལ་ཡོད།།

སྤང་སེར་པོ་གསེར་གྱི་རི་བོ་ཡོད།།

ཅེས་སོགས་དང་།ཡང་།

ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས།།

གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད།།

ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད།།

ངེད་མཁའ་འགྲོ་འབུམ་གྱི་གོ་ར་ལ།།

ཡིད་རྟག་ཏུ་གུས་པའི་འདུད་པ་བྱེད།།

ས་དེ་ལ་བཞུགས་ཏེ་བསྟན་པ་སྐྱོང་།།

ཚོགས་ཟག་པ་མེད་པའི་དགའ་སྟོན་འབྱེད།

ཅེས་ལུང་གིས་དངོས་སུ་ཟིན་པ་དང་།ཕྱག་བཏབ་ལོ་དེར།གཙུག་ལག་ཁང་ཀུན་དགའ་རྭ་བ་དང་བཅས་རྨང་བཏིང་།ཐུབ་ཆེན་སོགས་རྟེན་བརྟེན་པ་དང་བཅས་བཞེངས་ཏེ།དགའ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་ཞེས་མཚན་གསོལ།དཔལ་དགེ་ལྡན་པའི་ཆོས་སྡེ་ཀན་གྱི་རྩ་དགོན་དང་གྲྭ་ས་ཆེན་པོ་ལྟ་བུ་ཞིག་ཏུ་མངོན།

《བཻ་སེར》ལས།ལི་ཐང་གི་འཇུག་སྐྱོང་རྣམས་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོར་མཛད་དུ་བཅུག་པ་ཡིན་ལ།ཞེས་གསུངས།སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོ་ནི་དགའ་ཁྲི་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པའི་སྤྲུལ་སྐུ་ཡིན་ལ།༧རྒྱལ་མཆོག་བསོད་ནམས་རྒྱ་མཚོའི་ཞབས་ཕྱི་ཞུས་ཏེ།སོག་ཡུལ་ཨ་མདོ་ཁམས་དང་བཅས་པར་ཕེབས་ཏེ།བསྟན་དོན་རླབས་ཆེ་བ་མཛད་ཅིང་ཕྲིན་ལས་ཆེས་ཆེར་རྒྱས།ཆོས་སྡེ་འདིའི་ནང་དུ་འཆད་ཉན་བྱས་པའི་དབུ་ཕར་མངོན་པ་དང་འགྲེལ་པ་བཞི་སྦྲགས་སོགས་བཻ་སེར་ལས་གསུངས་པར་ལྟར་སྨད་རྒྱུད་གྲྭ་ཚང་གི་ཕྱག་བཞེས་ལྟར་ཡིན་འདུག་ཀྱང་།ཕྱིས་སུ་ཚང་མ་གཞན་དུ་བསྒྱུར་འདུག།དགོན་འདིའི་བསྟན་སྲུང་ཡང༧རྒྱལ་བ་བསོད་ནམས་རྒྱ་མཚོའི་ཆོས་སྐྱོང་དམར་ཟོར་རྒྱལ་མོ་དང་གནས་ཆུང་ཆོས་རྒྱལ་གཙོ་བོ་ཡིན།གཞན་ཡང་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོའི་སྲུང་མ་མགོན་པོ་ཞལ་བཞི།༧རྒྱལ་མཆོག་བསོད་ནམས་རྒྱ་མཚོས་དགོན་འདི་ཕྱག་བཏབ་སྐབས།འབྲི་གུང་ནས་རྒྱལ་སྲས་ལྷ་རྗེའི་རྣམ་སྤྲུལ་ཆོས་རྒྱལ་སྣ་ཚོགས་གནས་འདིར་གདན་དྲངས་བ་ནས་བཟུང་།རྣམ་སྤྲུལ་ཆོས་རྒྱལ་ཕུན་ཚོགས་ཀྱི་སྲུང་མ་ཨ་ཕྱི་ཆོས་སྒྲོན་འདི་ཉིད་ཀྱང་ཐོག་མ་བསྟེན་སྲོལ་དེ་ནས་བྱུང་།ལི་ཐང་ཐུབ་ཆེན་བྱམས་པ་གླིང་གི་མཁན་ཁྲི་དང་པོར་༧རྒྱལ་མཆོག་བསོད་ནམས་རྒྱ་མཚོ་དང་།མཁན་ཁྲི་གཉིས་པར་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོ་དང་།དེ་ནས་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོས་ལྷ་ས་འབྲས་སྤོངས་དགོན་པས་ལི་ཐང་དགོན་དུ་དབུ་བླ་བཏང་སྟེ་མཁན་པོ་མཛད་པའི་དགོས་པའི་སྲོལ་བཙུགས་པ་ནས་བཟུང་མཁན་པོ་རིམ་བཞིན་བྱོན་པ་ནི།མཁན་ཁྲི་གསུམ་པ་ཚ་བ་ཆོས་རྗེ་རིན་ཆེན་སེང་གེ།བཞི་པ་ནམ་ལངས་ཆོས་རྗེ་བློ་བཟང་བསྟན་འཛིན།ལྔ་པ་སྤ་ཡན་ཆོས་རྗེ་རིན་ཆེན་དོན་འགྲུབ།དྲུག་པ་ཝ་ཤུལ་ཆོས་རྗེ་དགེ་འདུན་ལམ་གྲུབ།བདན་པ་ཀོང་པོ་ཆོས་རྗེ་ལྷུན་འགྲུབ་དཔལ་འབྱོར།བརྒྱད་པ་ཨི་ཏི་ཆོས་རྗེ་བློ་བཟང་བསྟན་འཕེལ།དགུ་པ་སྐྱེ་ཤོག་ཆོས་རྗེ་བློ་བཟང་འོད་ཟེར།བཅུ་པ་ཚ་བ་ཆོས་རྗེ་བློ་བཟང་རྒྱ་མཚོ།བཅུ་གཅིག་པ་བེ་རི་ཆོས་རྗེ་བློ་བཟང་བསྟན་དར།བཅུ་གཉིས་པ་ཉག་རེ་ཆོས་རྗེ་བློ་བཟང་ཆོས་གྲགས།བཅུ་གསུམ་པ་ཨེ་བར་ཆོས་རྗེ་བློ་བཟང་མཁས་གྲུབ།བཅུ་བཞི་པ་འཕན་པོ་ཆོས་རྗེ་བློ་བཟང་འཇམ་དཔལ།བཅོ་ལྔ་པ་སྒོ་མང་ཆོས་རྗེ་དོན་འགྲུབ་རྒྱ་མཚོ་སོགས།མདོར་ན་ལུང་དང་རྟོགས་པའི་ཡོན་ཏན་གྱི་མཛོད་འཛིན་པའི་མཁན་པོ་ད་ལྟའི་བར་བརྒྱད་ཅུ་གྱ་དགུ་ཙམ་བྱོན་ཟིན།ཡང༧གོང་ས་ལྔ་པས་རྒྱལ་དབང་གསུམ་པའི་རྣམ་ཐར་མཛད་པ་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་ཞེས་བྱ་བ་ལས།ལི་ཐང་འདེབས་པའི་དགོངས་པ་གཏད་པའི་སྐྱིད་ཤོད་ནས་བཟོ་བོ་རྫོང་དགོས་ཚུལ་གནང་འདུག་པ་ལྟར།པཱུ་ནེ་ཤིང་སོགས་བལ་པོ་བཞི་ཙམ་འབྱོར།ཞེས་དང་།ཧོར་ཟླ་ལྔ་པའི་ཚེས་བཅུ་གཉིས་ནས་གཙུག་ལག་ཁང་ཀ་བ་བཅོ་བརྒྱད།འདུ་ཁང་ཀ་བ་བརྒྱད་ཅུ་གྱ་གཉིས།མགོན་ཁང་ཀ་བ་བཞི།གཟིམ་ཁང་ཀ་བ་བརྒྱད།གཟིམ་ཆུང་ཡང་དབེན་ཀ་བ་དྲུག།རྒྱལ་པོ་ལྕོག་ཀ་བ་དྲུག་གི་གྲྭ་སྤྱིལ་སོགས་འགྱངས་མེད་དུ་ཟིན་པ་དང་ལྷན་ཅིག་པར།གསེར་ཟངས་ལས་གྲུབ་པའི་བྱང་ཆུབ་ཆེན་པོ་ཐུབ་ཆེན་ཁམས་གསུམ་ཟིལ་གནོན་རྒྱབ་ཐོ་རེ་བཞི་པ་བཞེངས།དགོན་པའི་མིང་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་བཏགས།རབ་བྱུང་བསྙེན་རྫོགས་བརྒྱ་ཕྲག་བརྒལ་བ་བསྒྲུབས་ཞེས་སོགས་གསུངས་ཏེ།ཞིབ་པར་གཞན་དུ་ཤེས་པར་བྱའོ།།གཞན་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྡེ་སྲིད་གནང་ནས་བོད་དུ་དགོན་སྡེ་ཁག་ཉམས་གསོ་དང་།རྟེན་གསུམ་སོགས་གསར་བཞེངས་མཛད་ཚུལ་གསུངས་པའི་སྐབས་བཻ་སེར་ན།མདོ་ཁམས་ལྗོངས་ཀྱི་ཆར་ཐམས་ཅད་མཁྱེན་པ༧བསོད་ནམས་རྒྱ་མཚོས་ཕྱག་བཏབ་པའི་ལི་ཐང་བྱམས་པ་གླིང་བར་སྐབས་མིང་ཙམ་དུ་གྱུར་པ།སླར་གཙུག་ལག་ཁང་གསར་རྒྱག།ཐུབ་ཆེན་གྱི་ཁྲི་པད་ལ་ཟངས་ཁལ་བརྒྱ་གསེར་དང་བཅས་པའི་ཞིག་གསོས།གཙང་ཁང་དུ་བྱམས་པའི་སྨན་སྐུ་ཐོག་ཚད།འདུ་ཁང་ལྡེབས་རིས་ལ་བདག་ཅག་གི་སྟོན་པའི་མཛད་པ་བརྒྱ་པ་བྲིས་ཞེས་སྩལ་ཞིང་རྣམ་ཐར་ལའང་དེ་བཞིན་འཁོད་འདུག་རུང་།དར་ཁན་དཀའ་བཅུ་སོགས་མཐོང་རྒྱ་ཆུང་བས་སྐྱེས་རབས་སོ་བཞིའི་སྟེང་རྗེ་རང་བྱུང་པས་མཛད་པའི་སྐྱེས་རབས་བརྒྱ་རྩ་བྲིས་པ་སོགས་རྟེན་བཞེངས།ས་ཐམ་རྒྱལ་པོས་བཞེངས་པའི་བཀའ་འགྱུར་རོ་ཅོག་ཚལ་པའི་དཀར་ཆག་དང་མཐུན་པའི་པར་སོགས་སྤྱི་རྫས་རྒྱ་ཆེ།དགེ་འདུན་ཕྱེད་ལྔ་བརྒྱ་ལ་ཆོས་ཐོག་བརྒྱད་ཀྱི་ཟླ་ཕོགས་ཉིན་ལྟར་མང་ཇ་གཉིས།ཆོ་འཕྲུལ་ལྔ་མཆོད།ཉེར་བདུན་སོགས་དུས་མཆོད་བཅས་ལ་མཐུན་རྐྱེན་ཆོས་གཞིས།ཞེས་གསུངས།གོང་གི་བཀའ་འགྱུར་ཞེས་པ་འདི་ནི།གཽ་ཤྲཱི་ཧན་གྱི་སྐུ་ཚ་མཁའ་འགྲོ་བསྟན་སྐྱོང་གིས་འཇང་ས་ཐམ་ཕྱོགས་སུ་དམག་དྲངས་ནས་འཇང་ས་ཐམ་རྒྱལ་པོས་བཞེངས་པའི་བཀའ་འགྱུར།ཞྭ་དམར་དྲུག་པས་རབ་གནས་གནང་བ་དེ་གདན་དྲངས་ཏེ་དགོན་འདིར་བཞུགས་པས།ལི་ཐང་བཀའ་འགྱུར་ཞེས་གྲགས།

ལི་ཐང་དགོན་ཆེན་འདི་ཉིད་དགེ་ལྡན་པའི་ཆོས་སྡེ་ཀུན་གྱི་རྩ་དགོན་དང་གྲྭ་ས་ཆེན་པོ་ཞིག་ཡིན་པས་ན།ཆོས་སྡེ་ཆེན་པོ་འདི་རང་ནས་བྱོན་པའང་མཁས་གྲུབ་མཛད་རྗེས་ཅན་མང་དུ་བྱོན་པར་སྨྲོས་མ་དགོས་མོད།ཁུངས་ཡིག་ཆ་མ་རྙེད་པ་བཞག་ལ།ཆོས་སྡེ་ཆེན་པོ་འདི་ལ་རི་ཁྲོད་བཞི་ཡོད་དེའི་ནང་ནས་དགོན་ཆེན་དང་ཉེ་བ་ད་ལྟ་རྩེ་རི་ཁྲོད་ཅེས་འབོད་པ་འདི་ཉིད་ནི་༧རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོས་ཕྱག་བཏབ་པ་ཞིག།ཐུགས་རྩེ་གཅིག་ཏུ་བསྒྲུབས་པ་སྙིང་པོར་གཞོལ་བའི་བྱ་བྲལ་བ་དགེ་འདུན་སུམ་ཅུ་རྩ་གཉིས་ལྷག་ཙམ་བྱོན།བོད་ཁམས་ལི་ཐང་སྤོམ་འབོར་སྒང་གི་དགའ་ལྡན་ཐུབ་ཆེན་བྱམས་པ་གླིང་འདིའི་འོག་ཏུ་དགེ་ལྡན་པའི་སྐྱེས་ཆེན་ཡང་མཚན་སྙན་ཆེ་བ་མང་དུ་འཁྲུངས་ཏེ་དཔེར་ན༧རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་ལི་ཐང་གྲོང་ཁྱེར་གཟིམས་ཁང་ཚང་དུ་འཁྲུངས།སྐུ་ཕྲེང་བཅུ་པ༧ཚུལ་ཁྲིམས་རྒྱ་མཚོ་ལི་ཐང་ཤོག་དྲུག་གཡུ་ཐོག་ཚང་དུ་འཁྲུངས།ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་གཅིག་ལི་ཐང་གྲོང་ཁྱེར་གཟིམས་ཁང་ཚང་དུ་འཁྲུངས།རྭ་སྒྲེང་སྐུ་ཕྲེང་གཅིག་ལི་ཐང་དུ་འཁྲུངས།ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་ལི་ཐང་གྲོང་ཁྱེར་གྲྭ་ཕྲུག་ཚང་དུ་འཁྲུངས།བྲག་གཡབ་སྐྱབས་མགོན་སྐུ་ཕྲེང་གཅིག་ལི་ཐང་དུ་འཁྲུངས།འཕགས་པ་ལྷ་སྐུ་ཕྲེང་བདུན་པ་དང་བརྒྱད་པ་དགུ་པ་བཅུ་གཅིག་བཅས་སྐུ་ཕྲེང་བཞི་ལི་ཐང་དུ་འཁྲུངས།གཞན་ཡང་ཆོས་བརྒྱུད་རིས་མེད་ཀྱི་སྐྱེས་ཆེན་མང་དུ་འཁྲུངས་ཀྱང་འདིར་མ་བཀོད།ཆོས་སྡེ་ཆེན་པོ་འདི་ལ་སྔོན་ཆད་ཆོ་འཕྲུལ་སྨོན་ལམ་སོགས་ཀྱི་སྐབས་སུ་དགེ་འདུན་སུམ་སྟོང་བདུན་བརྒྱ་ལྷག་ཙམ་བཞུགས།

ནང་དུ་རྟེན་བྱིན་ཅན་རྡོ་ཡི་སྟེང་དུ༧རྒྱལ་མཆོག་བསོད་ནམས་རྒྱ་མཚོའི་ཞབས་རྗེས་དང་།ཆིབས་རྟའི་སྒ་སྲབ་ཆ་ཚང་བཅས་དུས་ད་ལྟ་ཡང་བདག་ཅག་སྙིགས་དུས་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་དངོས་སུ་མཇལ་རྒྱུར་ཡོད།ཆོས་སྡེ་འདིར་སྔར་ཁང་ཚན་ཆེན་པོ་བརྒྱད་ཡོད་པར་གྲགས།ཕྱིས་སུ་གཞིས་བ་ཁང་ཚན།སྒ་བ་ཁང་ཚན།གྱང་པ་ཁང་ཚན།བཞག་པ་ཁང་ཚན།དབྲ་བ་ཁང་ཚན།ཤོག་དྲུག་ཁང་ཚན།མོ་ལྷ་ཁང་ཚན།ཚོ་གསུམ་ཁང་ཚན།མགོ་ལོག་ཁང་ཚན།སྣལ་པོ་ཁང་ཚན།འདབས་པ་ཁང་ཚན།ཆ་ཕྲེང་ཁང་ཚན་བཅས་ཁང་ཚན་བཅུ་གཉིས་བྱུང་།དགོན་ཆེན་འདིའི་ཡན་ལག་ཏུ་གྲགས་པའི་དགོན་མ་ལག་བརྒྱ་དང་བཅུ་གསུམ་གྱི་བདག་པོ་ནི་ལི་ཐང་ཤོག་དྲུག་སྐྱབས་མགོན་རིན་པོ་ཆེ་ཉིད་ཡིན་ནོ།།གཞིས་པ་ཁང་ཚན་ནང་གི་འབྲོག་པ་ཨོ་ཏོག་དང་གཡོན་རུ།སྡེ་གཞུང་མ།ཁྲོམ་ཐར་བཅས་ཀྱི་གྲྭ་རྒྱུན་རྣམས་འབྲས་སྒོ་མང་ཧར་གདོང་ཁང་ཚན་དང་།དགའ་བྱང་རྡོ་རྭ་ཁང་ཚན།སེར་བྱེས་བྱ་བྲལ་ཁང་ཚན་གསུམ་གྱི་ཐོབ་ཁུངས་དང་།གཞིས་པ་ཁང་ཚན་ནང་གི་གྲོང་པ་མི་ཚན་དང་ཁང་ཚན་གཞན་བཅུ་གཅིག་གི་གྲྭ་རྒྱུན་རྣམས།འབྲས་སྤུངས་བློ་གསལ་གླིང་སྤོམ་འབོར་ཁང་ཚན་དང་།དགའ་བྱང་གསེར་ཀོང་ཁང་ཚན།དགའ་ཤར་རྡོ་ཁང་ཁང་ཚན།སེར་སྨད་སྤོམ་འབོར་ཁང་ཚན་ཞེས་པའི་མཚན་བཏགས་ཚུལ་ཡང་།སྒང་དྲུག་གི་ནང་ཚན་མདོ་ཁམས་ལི་ཐང་སྤོམ་འབོར་སྒང་གི་མིང་དེ་ཉིད་ཁང་ཚན་འདི་ལ་བཏགས་པ་ཞིག་ཡིན་ཏེ།ལི་ཐང་སྒོམ་འབོར་སྒང་ཞེས་པའི་མིང་ནི་སྔར་རྗེ་ཙོང་ཁ་པའི་དངོས་སློབ་མཁས་གྲུབ་རྗེའི་སྐབས་ནས་ཀྱང་ཡོད་པ་ཡིན་ཏེ།མཁས་གྲུབ་ཐམས་ཅད་མཁྱེན་པ་རྗེ་ཙོང་ཁ་པའི་རྒྱལ་ཚབ་ཏུ་གསེར་ཁྲིར་མངའ་གསོལ།རྗེ་བླ་མའི་གདན་ས་ལུགས་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས།དགའ་ལྡན་དུ་བཞུགས་སྐབས།སྤོམ་འབོར་སྒང་ནས་གདན་འདྲེན་གྱི་ཞུ་བ་ནན་ཆེར་བྱུང་བར།

ད་ལྟ་ཕྱོགས་འདིར་ཆོས་མིན་དཔུང་ཚོགས་དགྲ།།

ལེགས་བཤད་བསྟན་པའི་རུ་མཚོན་ཁོ་བོས་འཛིན།།

དེ་ཕྱིར་ཁོ་བོས་ཕྱོགས་འདི་བཏང་བ་ན།།

ཐུབ་པའི་གཅེས་མཛོད་སུ་ཡིས་འཛིན་པ་སྨྲོས།།

ཞེས་སོགས་གསུངས་ནས་ཕེབས་མ་བཞེད།ཅེས་དགེ་ལྡན་ཆོས་འབྱུང་གསེར་གྱི་མཆོད་སྡོང་འབར་བའི་ནང་དུ་གསལ།སྤོམ་འབོར་ཁང་ཚན་གྱི་སྐོར་རྒྱས་པ་ཁང་ཚན་གྱི་ཆོས་འབྱུང་སྐབས་སུ་གསལ་བར་སེམས་སོ།།

མཐར་དོན་གཟུར་གནས་མང་པོས་ནན་ཆེར་བསྐུལ་བར་བརྟེན་སྐྱབས་རྗེ་ཤོག་དྲུག་སྐྱབས་མགོན་རིན་པོ་ཆེ་རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་འཕྲིན་ལས་དཔལ་བཟང་པོའི་སྲས་ཀྱི་ཐུ་བོ་འཇམ་དབྱངས་མིའི་རྣམ་རོལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམ་གྲྭ་མཁན་ཟུར་ལྡན་མ་བློ་ཆོས་རིན་པོ་ཆེ་མཆོག་གས་ཞལ་སྔ་ནས་དངོས་སུ་གསུངས་པའི་སྐྱབས་རྗེ་ཤོག་དྲུག་སྐྱབས་མགོན་རིན་པོ་ཆེའི་རྣམ་ཐར་ཕྱག་བྲིས་སུ་བཏང་གནང་མཛད་པ་དེ་དང་།དགེ་ལྡན་ཆོས་འབྱུང་གསེར་གྱི་མཆོད་སྡོང་འབར་བ་དང་།ཁྲི་རབས་ཡོངས་འདུའི་ལྗོན་བཟང་།རྒྱུད་སྨད་ཆོས་འབྱུང་གཡའ་དག་འཕྲུལ་གྱི་མེ་ལོང་བཅས་ལ་གཞིར་བཅོལ་ཏེ་བྲིས་པ་ཞིག་ཡིན་གྱི་རང་བཟོ་བྱས་པ་ཞིག་གཏན་ནས་མིན་ནོ།།

འདིར་སྨྲས་པ།

དཔལ་ལྡན་བླ་མའི་རྣམ་ཐར་ཆུ་གཏེར་ཆེ།།

བདག་བློ་རུས་སྦལ་རྐྱལ་གྱི་གནས་མིན་པས།།

དེའི་ཕྱིར་འདི་ལ་ནོངས་ཉེས་ཅི་མཆིས་རྣམས།།

མཁས་པའི་སྤྱན་སྔར་འཆགས་སོ་དག་ཐེར་མཛོད།།

ཅུང་ཟད་འབད་ལས་ཐོབ་པའི་དགེ་བ་དེས།།

བདག་སོགས་དེང་ནས་བྱང་ཆུབ་སྙིང་པོའི་བར།།

གྲུ་འཛིན་མགོན་དེས་ཕྱག་གིས་ཉེར་བཟུང་ནས།།

འབྲལ་མེད་དགྱེས་བཞིན་འཛིན་པའི་རྒྱུ་རུ་བསྔོ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:མཆོག་སྤྲུལ་འཇིགས་མེད་བསྟན་པའི་ཉི་མ་མཆོག་གི་མཛད་རྣམ་སྙིང་བསྡུས་བཞུགས་སོ།།
  • ལེ་ཚན་རྗེས་མ།:ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན།
  • དོ་སྣང་ཆེ་བའི་རྩོམ།