གནས་ནང་དགོན།

ལྟག་ཨོ་རྒྱན་ཆོས་འཕེལ།        2019-07-09

གནས་ནང་དགོན་དེ་སྟོང་ལུང་བདེ་ཆེན་རྫོང་གི་ཁོངས་སུ་གཏོགས། སྤྱི་ལོ1333ལོར་ཞྭ་དམར་སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་པ་སེང་གེ་མཆོག་ནས་ཕྱག་བཏབ། དགོན་འདི་ཆགས་ཡུལ་དེ་རྡོ་རྗེ་ཕག་མོའི་སྐུ་ལྟར་འགྱིང་། སྐུའི་སྤང་དུ་གནས་ནང་དགོན་ཆགས་ཡོད། རྟོགས་ལྡན་གྲགས་པ་སེང་གེ་ནི་སྤྱི་ལོ1283ལོར་ཁམས་ཆ་ཕྲེང་གི་ཡུལ་དུ་སྐུ་བལྟམས། སྐུ་ཆུང་ངུའི་དུས་ནས་ཤེས་རབ་འཛོམས་པ། ལྷན་སྐྱེས་ཀྱི་སྙིང་རྗེ་འབར་བཞིན་པ་ཞིག་ཡོད། དགུང་ལོ་ཉེར་དྲུག་སྐབས་མཚུར་ཕུར་ཕེབས། རྗེ་རང་བྱུང་རྡོ་རྗེའི་ཞབས་སུ་གཏུགས་ཏེ་རྨད་དུ་བྱུང་བའི་གདམས་པ་མང་པོ་གསན། ནམ་ཞིག་གི་ཚེ་ན་རྗེ་རང་བྱུང་རྡོ་རྗེ་མཆོག་གིས་ཞྭ་དམར་བ་གྲགས་པ་སེང་གེ་ལ་ངེས་པར་དུ་ལི་ཐང་ཀམ་པོ་གནས་ནང་དུ་ཕེབས་དགོས་པའི་བཀའ་མང་བ་འབྱོར། གལ་སྲིད་གནས་ནང་དུ་མ་ཕེབས་ཚེ་རྟེན་འབྲེལ་འཆུག་པས་སྐུ་ཚེ་གང་རུང་ལ་བར་ཆད་ཆེན་པོ་ཞིག་ཡོད་པའི་ལུང་བསྟན། (ཞྭ་དམར་སྐུ་ཕྲེང་བཅུ་པའི་བར་ཆད་དེ་དེ་ཡིན་པ་མཁས་དབང་དུ་མས་གསུངས) ཡིན་ནའང་ཞྭ་དམར་བ་མཆོག་ཉིད་བླ་མའི་བཀའ་ལྟར་ཀམ་པོ་གནས་ནང་དུ་འབྱོན་ཐུབ་མེད། དེར་བརྟེན་ཞྭ་དམར་བ་མཆོག་གིས་བླ་མའི་བཀའ་ལ་དགོངས་པ་གསོལ་བའི་ཆེད་གནས་ནང་ཕུན་ཚོགས་གླིང་འདི་ཕྱག་བཏབ། དགོན་པའི་ཞལ་ཡང་ཤར་ཕྱོགས་ལི་ཐང་གི་ཡུལ་དུ་གཏད་ཡོད་པས་མ་ཚད། རྒྱབ་རིའི་ལྡེབས་ཀྱི་བཞུགས་གནས་ཐོག་མའི་སྒོ་དང་། ཞྭ་དམར་སྐུ་ཕྲེང་དང་པོ་རང་གི་གསེར་གདུང་གི་བུམ་སྒོ་ཡང་ཤར་ལི་ཐང་ཀམ་པོ་གནས་སུ་ཁ་གཏད་ཡོད། འདི་ནི་གནས་ནང་དགོན་འདེབས་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་དེ་ཡིན། རེད་དེ། ལོ་རྒྱུས་ཀྱི་དེབ་ཁ་ཤས་ནས་གནས་ནང་ཞེས་པ་དེ་གནས་ཙ་རི་ལ་གོ་འདུག དགོན་འདིར་སླེབས་ན་གནས་ཙ་རི་སྐོར་དང་ཁྱད་མེད་ཅེས་གསུངས་པ་སོགས་ནོར་འཁྲུལ་དུ་སེམས།

ཞྭ་དམར་སྐུ་ཕྲེང་གཉིས་པ་དཔལ་ལྡན་མཁའ་སྤྱོད་ནས་བདེ་ཅན་ཡངས་པ་ཅན་དགོན་པ་བསྐྱངས་པ་ནས་ཞྭ་དམར་སྐུ་ཕྲེང་ལྔ་པ་དཀོན་མཆོག་ཡན་ལག་བར་དབྱར་གྱི་དུས་སུ་ཡངས་པ་ཅན་དགུན་གྱི་དུས་སུ་གནས་ནང་དུ་བཞུགས་སྲོལ་ཡོད། དེ་རྗེས་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་མཆོག་ནས་གནས་ནང་དགོན་འདི་དཔའ་བོ་གཙུག་ལག་ཕྲེང་བ་ལ་གནང་བས། དེ་ནས་བཟུང་གནས་ནང་དགོན་འདི་དཔའ་བོ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་རུ་གྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས། 

  • ལེ་ཚན་སྔོན་མ།: འགྲོ་མགོན་དགོན་པའི་ལོ་རྒྱུས་སྐྱ་རེངས་གསར་པ་།
  • ལེ་ཚན་རྗེས་མ།:ལི་ཐང་དགོན་པའི་དགོན་ས།
  • དོ་སྣང་ཆེ་བའི་རྩོམ།