འཆི་མེད་སྨན་ཁུག

ལྟག་ཨོ་རྒྱན་ཆོས་འཕེལ།        2019-07-09

འཆི་མེད་སྨན་ཁུག

  སྨན་ཁུག་ནད་ཀུན་འཇོམས་པ་འདི་ལི་ཐང་གཡོན་རུ་དཔོན་འཆི་མེད་མཆོག་གི་ཡིན། དུས་རབས་བཅོ་བརྒྱད་ནས་ཕྲེང་ལྟར་བསྒྲིགས་པའི་གཡོན་རུའི་དཔོན་ཡོད་ཚད་ནང་། དཔོན་འཆི་མེད་ཞེས་ན་ཆོས་ཀྱི་རྒྱལ་པོ་དང་སྨན་གྱི་བླ་མ། ཡང་ན་གྲུབ་ཐོབ་ཆེན་མོ་ཞེས་བསྟོད་པའི་མེ་ཏོག་རྟག་ཏུ་འཐོར།

གཡོན་རུ་དཔོན་འཆི་མེད་མཆོག་གི་མཚན་ཆ་ཚང་ལ་འཆི་མེད་རྡོ་རྗེ་ཞེས་གསོལ། སྐུ་ཆུང་ངུའི་དུས་ནས་རིག་པ་རྣོ་ལ། དྲག་རྩལ་སྣ་ཚོགས་ལ་བྱང་། ཐུགས་རྒྱུད་འཇམ་ཞིང་སྙིང་རྗེ་དང་ལྡན་པ་ཞིག་ཡོད། གྲུབ་མཐའ་ཁག་གི་བླ་མ་དུ་མའི་ཞབས་ལ་གཏུགས་ཏེ་ནང་ཆོས་ཀྱི་སློབ་སྦྱོང་མི་དམན་པ་གནང་། ཁྱད་པར་དུ་རྒྱུད་བཞི་གསོ་བ་རིག་པའི་གནས་ལ་མཁས་པ་གྱུར། དགུང་ལོ་དར་མའི་དུས་སུ་གཡོན་རུ་དཔོན་གྱི་གསེར་ཁྲི་ལ་མངའ་གསོལ། འབངས་རྣམས་རང་གི་བུ་ལྟར་བསྐྱངས་པ། ཚང་མས་ཆོས་ཀྱི་རྒྱལ་པོ་ཞེས་བསྔགས་སོ།།

གཡོན་རུ་ནི་ལི་ཐང་གི་འབྲོག་སྡེ་ཆེ་ཤོས་དེ་ཡིན། སྡེ་བ་སོ་དྲུག(སོ་བརྒྱད)ཡོད། དཔོན་འཆི་མེད་མཆོག་ལ་སྲས་ལྔ་འཁྲུངས། བུ་གསུམ་བུ་མོ་གཉིས། ཆོས་རྒྱལ་འཆི་མེད་རྡོ་རྗེ་ཉིད་དཔོན་མཛད་པའི་གོ་རིམ་དུ་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་དང་རྫོགས་པ་ཆེན་མོའི་ལྟ་བས་ཐུགས་རྒྱུད་ཡང་ཡང་སྨིན་པར་བྱས། འབངས་རྣམས་མཐོ་དམན་མེད་པར་ཚང་མ་རང་གི་ཕ་མ་ཡིན་པའི་འདུ་ཤེས་འཛིན་དེ་བདག་གཞན་མཉམ་བརྗེའི་སྒོས་གསོ་བ་སྨན་གྱིས་ལག་ལེན་བསྟར་བས། སྨན་ཁུག་བྱིན་ཅན་འདི་ཁོང་དང་མི་ཚེ་མཉམ་དུ་བསྐྱལ་བ་ཞེས་གྲགས།

ནམ་ཞིག་གི་ཚེ་ན། དཔོན་འཆི་མེད་མཆོག་གིས་བློ་ངོར་འཁོར་བ་མི་རྟག་པ་དང་དེ་ལ་ཞེན་པ་ལོག་པའི་ངེས་འབྱུང་ཚད་ལྡན་སྐྱེས་ནས། རྒྱལ་སྲས་གཞོན་ནུ་དོན་ཀུན་གྲུབ་པ་ལྟར་ཉིད་ཀྱི་གསེར་ཁྲི་བུ་རྒན་པ་བསོད་རྒྱལ་ལ་སྤྲད་དེ། རང་ཉིད་རྣལ་འབྱོར་བའི་ཚུལ་འཛིན་ནས་ཀམ་པོའི་གནས་སུ་སྒྲུབ་པ་ལ་གཞོལ། གནས་ནང་དུ་བཞུགས་རིང་ལི་ཐང་དུ་སྙན་གྲགས་འབར་བའི་《མ་འོངས་ལུང་བསྟན་མ》ཞེས་པ་བརྩམས་གནང་འདུག ལུང་བསྟན་གྱི་ཚིག་ཏུ། “འབུམ་ནག་ཐང་ལ་ལྕགས་ཀྱི་རྟ་ཕོ་རྒྱུག། ” ཞེས། ཤིན་ཏུ་ཡ་མཚན་སྐྱེ་དགོས་པའི་ཚིག་དུ་མ་གསུངས་ཡོད། མི་མེད་དབེན་པའི་གནས་སུ་བྱང་ཆུབ་སེམས་ཀྱི་བདུད་རྩིས་འཚོ་ནས་བྱམས་པ་བླ་རིའི་མདུན་སའི་ཆོས་འབྱུང་སྟེང་དུ་སྐུ་འཇའ་ལུས་སུ་གཤེགས་སོ།།

དེང་སང་སྨན་ཁུག་ནད་ཀུན་འཇོམས་པ་འདི་མི་རབས་བདུན་ལ་སྨན་གྱི་བརྒྱུད་པ་ཆད་མ་མྱོང་བའི་རྒྱལ་འཕེལ་ལྷ་རྗེ་བཅོ་ལྔ་ཡེ་ཤེས་ལགས་ཀྱི་ཉར་ཚགས་གནང་ཡོད། དེ་དང་མཉམ་དུ་དཔོན་འཆི་མེད་མཆོག་གི་ཐོམ་བུ་མུན་པ་རང་སེལ་ཞེས་པ་དེའང་། ལྷ་རྗེ་བཅོ་ལྔ་མཆོག་ནས་དཔྲལ་བའི་མིག་དང་ཁོག་པོའི་སྙིང་ལྟར་བདག་འཛིན་ལེགས་པོར་གནང་འདུག་གོ། དགེའོ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:སྐུ་འབུམ་བྱམས་པ་གླིང་གི་བོད་ས་ཕག་ལོའི་མེ་ཏོག་མཆོད་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་དམངས་ཁྲོད་དུ་དར་བའི་ཁང་ཚོན་རི་མོའི་སྐོར་ངོ་སྤྲོད་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།