མཆོག་སྤྲུལ་འཇིགས་མེད་བསྟན་པའི་ཉི་མ་མཆོག་གི་མཛད་རྣམ་སྙིང་བསྡུས་བཞུགས་སོ།།

        2019-06-20


མཆོག་སྤྲུལ་འཇིགས་མེད་བསྟན་པའི་ཉི་མ་མཆོག་གི་མཛད་རྣམ་སྙིང་བསྡུས་བཞུགས་སོ།། 

             འཇིགས་མེད་སྙིང་སྟོབས་ཆེན་པོའི་གོ་ཆ་གྱོན།།

              ལུང་རྟོགས་བསྟན་པའི་རྒྱལ་མཚན་མཁའ་རུ་བསྒྲེངས།།

              མཛད་འཕྲིན་ཉི་ཟླའི་འོད་སྣང་ཕྱོགས་བཅུར་འགྱེད།།

              རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།།

༧མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་བསྟན་པའི་ཉི་མ་ཁོང་ནི་མདོ་ཁམས་ས་ཡི་ཐིག་ལེ་ཤར་མི་ཉག་མགར་ཐར་ཡན་ཆོད་སྡེ་བའི་ཝ་ཤུལ་མ་ལོ་ཚང་ཞེས་པའི་ཁྱིམ་རྒྱུད་དུ་ཡབ་བྱམས་པ་མཐུ་སྟོབས་དང་ཡུམ་ནོར་འཛིན་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ༡༩༤༠ལོར་སྐུ་འཁྲུངས། མིང་སྲིང་བཞི་ཡོད་པ་ལས་ཁོང་ནི་ཆེ་བ་དེ་ཡིན་ཞིང་ཆུང་དུས་ནས་ལ་ཐང་སྤྲུལ་སྐུ་སྒྲ་གཅན་འཛིན་གྲོལ་གྱིས་ཐུགས་སྐྱོང་འོག་མཚན་ལ་འཇིགས་མེད་རྣམ་རྒྱལ་ཞེས་གསོལ། དེ་ཡང་དགེ་བཤེས་ལྷ་རམས་པ་རྒྱ་གར་བཀྲ་ཤིས་དང་འཁོར་གདོང་འགྱུར་མེད་རྡོ་རྗེ། ལ་ཐང་སྤྲུལ་སྐུ་བློ་གྲོས་རྒྱལ་མཚན་སོགས་ཀྱི་མདུན་ནས་ཆོས་སྤྱོད་ཀློག་འདོན་ནས་བཟུང་སྟེ་ལམ་རིམ་སོགས་ལ་སློབ་གཉེར་གནང་མགོ་ཚུགས། དགེ་བའི་བཤེས་གཉེན་ཀེའུ་ཚང་ཐུབ་བསྟན་དཔལ་ལྡན་དགེ་ལེགས་རྣམ་རྒྱལ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་མཚན་ལ་དཔལ་ལྡན་རྒྱལ་མཚན་ཞེས་གསོལ།

   ཕྱི་ལོ༡༩༤༥ལོར་གངས་རིའི་སྐྱེས་ཆེན་དུ་མས་མགར་ཐར་དགོན་གྱི་གདན་རབས་དང་པོའི་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནངས།

མཆོག་སྤྲུལ་འཇིགས་མེད་བསྟན་པའི་ཉི་མ་མཆོག་གི་མཛད་རྣམ་སྙིང་བསྡུས་བཞུགས་སོ།།

   ཕྱི་ལོ༡༩༥༦ལོར་མགར་ཐར་དགོན་པའི་གདན་སར་འཁོད་དེ་གྲུབ་དབང་གོང་མའི་གསེར་ཁྲི་ལ་མངའ་གསོལ་མཛད། དུས་འགྱུར་གྱི་དབང་གིས་སྐུ་གཞོན་ནུའི་དུས་ནས་རོང་འབྲོག་མང་ཚོགས་དང་མཉམ་དུ་ཞིང་ལས་དང་འབྲོག་ལས། ཤིང་གཅོད་པ། ལམ་ལས་པ་སོགས་ལས་ཀ་ཙག་ཙིག་མང་པོའི་དཀའ་སྡུག་གི་ཁུར་བོ་དུ་མ་རྒྱབ་ཏུ་ཁུར་དགོས་བྱུང་ཡང་སྐྱེས་བུ་དམ་པའི་རང་རྟགས་ངོ་མཚར་བ་མང་དུ་ཡོད་པར་གྲགས་ཤིང་སྦས་པའི་བརྟུལ་ཞུགས་དང་དུ་བླངས་ཏེ་བཞུགས།

  ཕྱི་ལོ༡༩༨༠ལོར་དེ་ཡང་རྟེན་འབྱུང་ཆོས་ཉིད་བདེན་པའི་སྟོབས་ཀྱིས་བསྟན་པ་ཡང་དར་གྱི་ཆོས་སྒོ་གསར་འབྱེད་སྐལ་བཟང་མངོན་དུ་བྱུང་བའི་སྐབས་སུ་ཐུགས་བསྐྱེད་དུས་ལ་བབ་པར་གཟིགས་ནས་དཀའ་བ་བརྒྱ་ཕྲག་ཁུར་དུ་བཞེས་ཏེ་རང་དགོན་མགར་ཐར་བྱམས་པ་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཉམས་པ་སླར་གསོ་དང་ཁྱད་པར་གཞི་གསུམ་གྱི་ཆོ་ག་དང་ཕྱི་ཀློག་པ་ཐོས་བསམ་དང་ནང་འདུལ་བའི་ཀུན་སྤྱོད་ཀྱི་བཅས་ཁྲིམས། འདོན་ཆོས་སྤྱོད་བསྐང་གསོ་སོགས་འཁོར་ལོ་གསུམ་གྱི་བྱ་བས་བཤད་སྒྲུབ་དུས་མཐར་གསལ་བའི་དཔལ་དུ་མངོན་པར་བསྐྲུན།

  ཕྱི་ལོ༡༩༨༧ལོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་གཉེར་ཆེད་ཕེབས་གནང་སྐབས༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུ་མདུན་ནས་འཇིགས་བྱེད་ལྷ་བཅུ་གསུམ་དང་ཤམ་བྷ་ལའི་སྨོན་ལམ་སོགས་བཀའ་ཆོས་ཀྱི་དབང་ལུང་ནང་པོ་གསན་ཞིང་། པཎ་ཆེན་ཐམས་ཅད་མཁྱེན་པས་ཐུགས་བརྩིས་ཆེན་པོས་མགར་ཐར་མཆོག་སྤྲུལ་བསྟན་པའི་ཉི་མ་ཞེས་པའི་མཚན་གྱི་ཅོད་པན་སྤྱི་བོར་བསྩལ།  སྐྱབས་རྗེ་ཤར་གདོང་རིན་པོ་ཆེའི་མདུན་ནས་ལམ་རིམ་ཆེན་མོ་དང་བླ་མ་མཆོད་པའི་ཁྲིད་ཡིག  ཨ་ལགས་ཤིང་བཟའ་རིན་པོ་ཆེའི་མདུན་ནས་ཐུའུ་བཀན་གྲུབ་མཐའ་སོགས་ཆོས་བཀའ་ཅི་རིགས་གསན་བཞེས་མཛད།  དུས་འཁོར་མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས་དབང་ལུང་མན་ངག་དུ་མ་ཞུས་ཤིང་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་མདོ་སྔགས་གསུང་རབ་རྒྱ་མཚོའི་ཐོས་བསམ་མཐར་ཕྱིན་པར་མཛད་ཅིང་ཕྱི་ལོ༡༩༨༨ལོར་རང་ཡུལ་དུ་ཕེབས་ནས་དགོན་པ་དང་ལྷ་སྡེ་མི་སྡེ་ཀུན་ཆོས་སྲིད་གཉིས་ཆར་ནས་བསྐྱངས།

  ཕྱི་ལོ༡༩༨༩ལོར་རྟའུ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་བཞེས་ཏེ་སྐྱ་སེར་ཡོངས་ལ་ཆོས་དང་སྲིད་ཀྱི་སློབ་གསོ་ཡང་ཡང་གནངས་པ་དང་། རང་དགོན་གྱི་གྲྭ་བཙུན་རྣམས་ལ་ཐོས་བསམ་སྒོམ་པའི་སློབ་གཉེར་གྱི་མཐུན་རྐྱེན་དུ་དམ་པ་ཁོང་གི་བཞུགས་ཤག་སློབ་གྲྭར་བསྒྱུར་ནས་འདོད་རྟ་དབྱངས་དང་ཆོ་ག་ཕྱག་ལེན་སོགས་ཉམས་པ་སླར་གསོའི་ཕྱིར་དུ། མི་ཉག་དང་འདྲ་པ་སོགས་ནས་དགེ་རྒན་གདན་ཞུ་དང་རང་དགོན་དུ་བཞུགས་པའི་བླ་མ་རྒན་པ་དང་ལས་གནས་སོགས་དགེ་རྒན་དུ་བསྐོ་བཞག་བྱས་ནས་གྲྭ་གཞོན་མང་པོ་གསོ་སྐྱོང་བྱས་ཤིང་དགོན་པའི་སློབ་གྲྭའི་ཐོག་མ་དེ་ཡིན།


མཆོག་སྤྲུལ་འཇིགས་མེད་བསྟན་པའི་ཉི་མ་མཆོག་གི་མཛད་རྣམ་སྙིང་བསྡུས་བཞུགས་སོ།།


    ཕྱི་ལོ༡༩༩༢ལོར་རྫོང་མི་དམངས་འཐུས་མི་ཚོགས་ཆེན་དུ་བཞུགས་ཤིང་། ཨ་དཀོན་རིན་པོ་ཆེའི་རྒྱབ་སྐྱོར་འོག་རང་ཡུལ་དགོན་པའི་ལྷ་སྡེ་མི་སྡེ་ཚོའི་ཆེད་དུ། ཕན་བདེ་སློབ་གྲྭ་ཞེས་པའི་སློབ་ཆུང་བཙུགས་ཏེ་སློབ་མ་མང་དུ་བསྐྱངས་ཏེ་བོད་ཀྱི་སྐད་དང་ཡི་གེ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ལ་མཛད་རྗེས་བླ་ན་མེད་པ་མཐོ། ཁྱད་པར་དུ་ཁོང་གིས་དགོན་པ་ཞིག་ལ་མཚོན་ན་འདོན་ཆོས་སྤྱོད་དང་ཆོ་ག་ཕྱག་ལེན་ཙམ་གྱིས་མི་ཆོག་པར་གཟིགས་ཏེ་སྐུ་ཚེགས་ལ་མ་འཛེམ་པར་བྲག་མགོ་དགོན་པའི་དགེ་བཤེས་རིན་པོ་ཆེ་བློ་བཟང་དོན་འགྲུབ་མཆོག་གདན་འདྲེན་ཞུས་ཏེ། གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བྱ་ཕྱིར་དུ་མཚན་ཉིད་སློབ་གྲྭ་གསར་འཛུགས་གནངས་ཤིང་། དགེ་བཤེས་རིན་པོ་ཆེ་མཆོག་གིས་བློ་རྟགས་བསྡུས་གསུམ་དང་། ལམ་རིམ་སོགས་ཀྱི་སྒོ་ནས་སློབ་ཁྲིད་དང་དགེ་ཚུལ་གྱི་སྡོམ་པ་གནངས། གཞན་ཡང་དགེ་བཤེས་རིན་པོ་ཆེའི་སྐུ་ཚ་ཚོགས་སྤྲུལ་ཕྲིན་ལས་དོན་འགྲུབ་དང་། རྫ་སེར་ཤུལ་དགོན་གྱི་དགེ་བཤེས་རིན་པོ་ཆེ་ཐུབ་བསྟན་དཔལ་འབྱོར་སོགས་གདན་ཞུ་མཛད་དེ་མཚན་ཉིད་སློབ་གྲྭ་ཇེ་རྒྱས་ཇེ་ལེགས་སུ་བཏང་།

    ཕྱི་ལོ༢༠༠༢ལོར་དགའ་ཤར་དགེ་བཤེས་བྱམས་པ་ཤེས་རབ་དང་བྲག་གཡབ་དགེ་བཤེས་རིན་པོ་ཆེ་བློ་བཟང་ཚེ་རིང་མཆོག་མཚན་ཉིད་སློབ་གྲྭའི་དགེ་རྒན་དུ་གདན་ཞུ་མཛད་ཅིང་མཚན་ཉིད་སློབ་གྲྭའི་འདུ་ཁང་གསར་བཞེངས་དང་ཨ་མདོ་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་དགེ་བཤེས་རིན་པོ་ཆེ་དཀོན་མཆོག་སྦྱིན་པ་གདན་དྲངས་ནས་གྲྭ་བཙུན་རྣམས་ལ་དགེ་ཚུལ་སློང་གི་སྡོམ་པ་གནངས། ད་དུང་མདོ་སྨད་ཀྱི་འཇང་དགུན་ཆོས་ཐེངས་དང་པོའི་ཚོགས་འགོ་འདི་ནས་བཙུགས་ཤིང་། ལྷ་སྡེའི་ཡུལ་མི་རྒན་པ་ཚོའི་སྨྱུང་གནས་དང་མ་ཎི་ཚོགས་ས་སོགས་བསོད་ནམས་ཀྱི་ཞིང་དུ་དམིགས་ཏེ། སྒྲོལ་མ་ལྷ་ཁང་གི་རྟེན་དང་བརྟེན་པ་བཅས་གསར་དུ་བཞེངས། ལོ་རེར་རིས་མེད་གངས་ལྗོངས་སྨོན་ལམ་ཐེངས་རེ་དང་། ལྷ་སྡེ་ཡོངས་ཀྱིས་སྡེ་བ་རེས་མོས་བྱས་ཏེ་ཉིན་མཚན་ཆད་ལྷག་མེད་པར་སྒྲོལ་མ་ཉིན་བཅུ་ཕྲག་ཁ་ཤས་ལ་འདོན་པ་སོགས་ཀྱི་ཆོས་རྒྱུན་བཙུགས། ཨ་མདོ་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་དགེ་བཤེས་ཆོས་གྲགས་དང་དགེན་ཤེས་རབ། དགེ་བཤེས་ལྷ་རམས་པ་སེང་གེ། བློ་གླིང་དགེ་བཤེས་ལྷ་རམས་པ་དཀོན་མཆོག་ནོར་བུ་སོགས་དགེ་བཤེས་མང་དུ་གདན་ཞུ་གནང་སྟེ་མཚན་ཉིད་སློབ་གྲྭ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་པ་འདིས་མཚོན་སྐུ་དྲིན་གཞལ་ཐབས་བྲལ་བའི་མཛད་པ་མང་དུ་མཆིས་པ་ལས་མཚོན་ཙམ་སྤེལ་བ་འདིས་རང་གཞན་གཉིས་ཀྱི་དགེ་ཚོགས་འཕེལ་བ་དང་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་ཞབས་པད་བརྟན་པའི་རྒྱུར་གསོལ་བ་འདེབས་པ་ལགས་སོ།།

         རྗེ་བཙུན་བླ་མ་སྐུ་ཚེ་རབ་བརྟན་ཅིང་།།

         རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་།།

         བློ་བཟང་བསྟན་པའི་སྒྲོན་མེ་ས་གསུམ་དུ།།

         འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག།

 ཅེས་པ་འདི་ཡང་བླ་མ་དམ་པའི་མཛད་པ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་ཐོག་མའི་ས་བོན་དུ་སྤྲུལ་མིང་འཛིན་པ་མཁྱེན་རབ་བསོད་ནམས་ཚེ་བརྟན་གྱིས་ཕྱི་ལོ༢༠༡༨ཟླ༧པའི་ཚེས༢༩ཉིན་སྤོས་ལྡན་གྲོང་ནས་འཕྲལ་མར་སྦྱར་བ་དགེ་ལེགས་འཕེལ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:མི་ཉག་རི་ཁུད་དགོན་པའི་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་འོད་ཟེར་མཆོག་གི་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།: ལི་ཐང་དགོན་ཆེན་དང་ཤོག་དྲུག་སྐྱབས་མགོན་ན་རིམ་གྱི་རྣམ་ཐར་མདོར་བསྡུས་བརྗོད་པ།
  • དོ་སྣང་ཆེ་བའི་རྩོམ།