མི་ཉག་རི་ཁུད་དགོན་པའི་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་འོད་ཟེར་མཆོག་གི་ངོ་སྤྲོད་མདོར་བསྡུས།

        2019-04-19

མི་ཉག་རི་ཁུད་དགོན་པའི་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་འོད་ཟེར་མཆོག་གི་ངོ་སྤྲོད་མདོར་བསྡུས།

    མི་ཉག་རི་ཁུད་དགོན་གྱི་དཔལ་ལྡན་བསམ་འགྲུབ་ཆོས་དར་གླིང་གི་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་འོད་ཟེར་མཆོག་ནི་བོད་རབ་བྱུང་བཅོ་ལྔ་པའི་ཆུ་བྱ་ལོར་སྤྱི་ལོ1885ལོར་འཛམ་གླིང་མཐོ་སྒང་བོད་ཁ་བ་ཅན་གྱི་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གི་ལྟེ་གནས་དར་རྩེ་མདོ་གྲོང་ལྕགས་ལ་རྒྱལ་པོའི་བློན་ཆེན་གྱི་གདུང་རྒྱུད་དབལ་གསས་སྐྱབས་པ་ཚང་ནས་སྐུ་འཁྲུངས། དགུང་ལོ་ལྔའི་ཐོག་མི་ཉག་རི་ཁུད་དགོན་པའི་སྤྲུལ་སྐུར་ངོས་འཛིན་ཏེ་མི་ཉག་རི་ཁུད་དགོན་མ་ལག་བཅུ་གསུམ་གྱི་བསྟན་པའི་བདག་པོར་མངའ་གསོལ་བ་དང་། དེ་བཞིན་དུ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་འོད་ཟེར་རིས་མེད་བསྟན་པའི་རྒྱལ་མཚན་ཞེས་མཚན་གསོལ། སྐྱ་སེར་ཕོ་མོ་ཡོངས་ཀྱིས་རྒྱུན་དུ་རི་ཁུད་སྐུ་ཞབས་ཞེས་གསོལ།

    གཅིག  རི་ཁུད་སྐུ་ཞབས་ཀྱི་སློབ་གཉེར་དང་སྲིད་གཞུང་གི་འགན་ལེན་བཞེས་སྟངས་ཀྱི་སྐོར། 

    སྐུ་ཞབས་མཆོག་ནི་རིག་པ་རྣོ་ཞིང་སློབ་སྦྱོང་ལ་མོས་པ་དང་དགེ་རྒན་གྱིས་བསླབས་མ་ཐག་ཐུགས་སུ་མཁྱེན་པ། ཆུང་དུས་ནས་འབྲི་ཀློག་དང་འབུད་རྡུང་བཅའ་གསུམ། གདངས་དབྱངས་རོལ་གསུམ་སོགས་ཡང་དག་སྦྱོང་བ། ཁྱད་པར་དུ་ས་སྐྱའི་ཆོས་སྤྱོད་དང་ཀྱེེ་རྡོར། མཁའ་སྤྱོད། རྡོ་རྗེ་ཕུར་པ། ཀུན་རིག་སོགས་དཀྱིལ་འཁོར་གྱི་ཐིག་རྡུལ་ཚོན་དང་སྒྲུབ་མཆོད། མགོན་པོ་དྲུག་བཅུའི་གཏོར་ཟློག  རྡོ་རྗེ་ཕུར་པའི་གར་འཆམ་སོགས་སྦྱངས་ཞིང་བློར་ཆུད་པ། 1905ལོར། དགོང་ལོ་ཉི་ཤུར་སླེབས་དུས་བོད་དབུས་གཙང་དཔལ་ལྡན་ས་སྐྱ་དགོན་དུ་ཕེབས་ཏེ་དཔལ་ལྡན་ས་སྐྱའི་སྐྱབས་མགོན་གོང་མ་དྲག་ཤུགས་འཕྲིན་ལས་རིན་ཆེན་གྱི་མདུན་དབང་ལུང་དང་ལམ་འབྲས་སོགས་ཀྱི་དཔལ་ས་སྐྱའི་ཆོས་གཞུང་ཟབ་སྦྱོང་བྱས། ལོ་བརྒྱད་ཀྱི་རིང་ལ་སློབ་གཉེར་བྱས་ནས་དཔལ་ལྡན་ས་སྐྱ་དགོན་དུ་རྡོ་རྗེ་ཕུར་པའི་སྒྲུབ་དཀྱིལ་དང་ཕུར་པའི་གར་འཆམ་སྐོར་རྒྱུགས་ཕུལ་ཏེ་ཁུངས་དག་པ་དང་གཟེངས་བསྟོད་ཆེན་པོ་ཐོབ། 1913ལོར། བོད་དབུས་གཙང་ནང་ཁུལ་དུ་ཟིང་ལོང་བྱུང་སྟེ་དབྱིན་ཇི་བཙན་རྒྱལ་རིང་ལུགས་རྒྱལ་ཁབ་ཀྱིས་ངན་ཇུས་དང་ལྐོག་འཇབ་འོག་རྒྱ་མི་བོད་ཁུལ་ལས་ཕྱིར་འདེད་པའི་ཟིང་འཁྲུག་སློང་། དེའི་སྐབས་སུ་སྐུ་ཞབས་མཆོག་གིས་ཟིང་འཁྲུག་ལ་ངོ་རྒོལ་བྱས་ནས་ཐད་ཀར་ངོ་ལོག་པ་དང་འཁྲུག་རྩོད་བྱུང་སྟེ་མཐར་དབུས་གཙང་ཕྱོགས་ནས་ཕྱིར་འདེད་པས་སློབ་གཉེར་གྱི་གོ་སྐབས་རྒྱུད་ཆད་དེ་དབུས་གཙང་ནས་ཕྱིར་མི་ལོག་ཐབས་མེད་བྱུང་། དེའི་རྗེས་སྐུ་ཞབས་མཆོག་ཁམས་སྡེ་དགེ་རྫོང་ས་ས་ཁུལ་དུ་ཕེབས་ནས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་གི་དྲུང་དུ་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཆོས་སྐོར་དང་མཁན་ཆེན་བསམ་གཏན་བློ་གྲོས་ཀྱི་དྲུང་དུ་གུར་མགོན་ཕྱི་ནང་གསང་གསུམ་གྱི་ཁྲིད་དང་ཆོས་སྐོར་ཆ་ཚང་གསན། 1914ལོར། སྐུ་ཞབས་མཆོག་མི་ཉག་རི་ཁུད་དགོན་དུ་ཕེབས་ཏེ་རྣམ་དཀར་དགེ་ལས་ཀྱི་མཛད་སྒོ་དང་སྡིག་སྤོང་དགེ་སྒྲུབ་ཀྱི་དམ་བཅའ་འབུལ་བ། སྐུ་བསོད་དང་མངའ་ཐང་རྒྱས་ཏེ་མི་དམངས་མང་ཚོགས་ལ་དགེ་སྒྲུབ་དང་སྨན་བཅོས་བྱས་པ། ཁྱད་པར་དུ་བླ་སྤྲུལ་མཁན་གསུམ་དང་མི་དམངས་མང་ཚོགས་སུ་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་བཏོན་ཏེ་གྲུབ་མཐའི་བར་དུ་མཐུན་སྒྲིལ་དང་ཕན་ཚུན་སློབ་སྦྱོང་། འགལ་རྩོད་བྱེད་མི་རུང་བའི་ཆོས་ཚོགས་དང་ཁྱབ་སྤེལ་བྱས། གོ་མིང་ཏང་གི་རིང་ལ། ཤིས་ཁམས་ཞིང་ཆེན་གྱི་ཀྲུའུ་ཞི་ཉུའུ་ཝེ་ཧྥེ་ཡིས་ཁམས་ཁུལ་དབང་བསྒྱུར་གྱི་ཆེད་དུ་སྐུ་ཞབས་མཆོག་གིས་བཏོན་པའི༼ཆོས་ཀྱིས་སྲིད་སྐྱོང་སྲིད་ཀྱིས་ཆོས་འདེགས༽ཀྱི་འདོད་བློ་དང་ལེན་བྱས་ཏེ་ཁམས་ཁུལ་དུ་ཁྱབ་སྤེལ་བྱས། 1940ལོར། ཤིས་ཁམས་ཞིང་ཆེན་བཙུགས་དུས་སྐུ་ཞབས་མཆོག་ནི་ཞིང་ཆེན་གྱི་སྤྱི་གྲོས་ལྷན་ཚོགས་ཀྱི་ཚོགས་མིར་བདམས་པ་དང་ལྔ་རིག་སློབ་གླིང་འཛུགས་དུས་གྲ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་གྱི་འགན་བཞེས། 1950ལོའི་ཟླ་བ6པར། སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་དུ་ཕེབས་ནས་ཤིས་ཁམས་ཞིང་ཆེན་ཀྲུའུ་ཞི་ལེའོ་ཀྲིའི་ཀོའོ་སོགས་དང་མཇལ་འཕྲད་གནང་བ་དང་ཁོང་ལ་རྒྱལ་ཁབ་ཀྱི་ལས་བྱེད་པའི་ལས་འགན་གནང་། བཅིངས་འགྲོལ་བཏང་རྗེས་ཁོང་ཤིས་ཁམས་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཨུ་ཡོན་དང་དྲུང་ཡིག་ཆེན་མོ། དམངས་སྲིད་ཁྲུའུ་ཡི་དབུ་ཁྲིད། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཤིས་ཁམས་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་མྱོང་། སྐུ་ཞབས་མཆོག་གིས་ལས་འགན་བཞེས་རིང་མ་སྐུལ་དང་བླངས་ཀྱིས་ཏང་གི་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁྱབ་བསྒྲགས་བྱས་པས་ཁམས་ཕྱོགས་ཀྱི་སྤྱི་ཚོགས་བདེ་འཇགས་དང་ཐོན་སྐྱེད་འཛུགས་སྐྲུན་སྐོར་ལ་ཕན་ཐོགས་དང་བྱས་རྗེས་མི་དམན་པ་བཞག་ཡོད་པ་རེད།

མི་ཉག་རི་ཁུད་དགོན་པའི་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་འོད་ཟེར་མཆོག་གི་ངོ་སྤྲོད་མདོར་བསྡུས།

    གཉིས། སྡེ་དམག་རྩ་འཛུགས་བྱས་ཏེ་ཇག་རྐུན་ལ་ངོ་རྒོལ་དང་མི་དམངས་མང་ཚོགས་སྲུང་སྐྱོང་བྱས་པའི་སྐོར།

    རི་ཁུད་སྐུ་ཞབས་མཆོག་དབུས་གཙང་ནས་མི་ཉག་ཕྱོགས་སུ་ཕེབས་དུས་ཆིང་རྒྱལ་རབས་ཀྱིས་ཁམས་ཕྱོགས་སུ་ས་ཞིང་བཅོས་བསྒྱུར་གྱི་ལམ་ལུགས་བཏོན་ཏེ་ས་གནས་སོ་སོར་སྲིད་གཞུང་གི་རྫོང་བཙུགས་ནས་ས་བདག་ལམ་ལུགས་རྩ་མེད་བཏང་བ་དང་ས་ཞིང་ཆ་བགོས་བྱས་པའི་བཅོས་བསྒྱུར་ལམ་ལུགས་བཙུགས། ཡིན་ནའང་དེའི་སྐབས་སུ་རྒྱ་ནག་ཏུ་ལྕགས་ཕག་ལོའི་གསར་བརྗེ་བྱུང་བའི་རྐྱེན་གྱིས་ཆིང་རྒྱལ་རབས་ཀྱིས་མངགས་གཏོང་བྱས་པའི་རྫོང་དཔོན་སོ་སོས་སྲིད་འཛིན་དབང་ཆ་ལེགས་པོ་འཛིན་མ་ཐུབ། ཁྱད་པར་དུ་སི་ཁྲོན་ས་ཁུལ་དུ་ལམ་སྲུང་འགུལ་སྐྱོད(护路运动)བྱུང་བས་ཆིང་རྒྱལ་རབས་ཀྱི་བློན་ཆེན་སི་ཁྲོན་སྤྱི་དཔོན总督ཀྲའོ་ཨར་ཧྥེང(赵尔丰)ཡིས་ས་ཁུལ་སོ་སོའི་རྫོང་དཔོན་དང་དམག་དཔོན་ཚང་མ་རྒྱ་ནག་ས་ཁུལ་དུ་འབོད། དེའི་རྐྱེན་གྱིས་ཁམས་ཕྱོགས་སུ་སྲིད་འཛིན་ལམ་ལུགས་ལག་བསྟར་བྱས་མཁན་མེད་པ་ལྟ་བུ་འགྱུར་སོང་། གནས་ཚུལ་དེ་འདྲའི་འོག་ཁམས་ཕྱོགས་སུ་ཇག་པ་རྩ་འཛུགས་མང་པོ་བྱུང་། ཁྱད་པར་དུ་མི་ཉག་ཕྱོགས་སུ་ཇག་པས་གནོད་འཚེ་ཆེན་པོ་བཏང་ཡོད། ཕྱག་ཕྲེང་ཕྱོགས་ཀྱི་ཇག་དཔོན་བཀྲ་ཤིས་ཚོགས་བུ་དང་ལི་ཐང་ཕྱོགས་ཀྱི་མུ་ལགས་ཨ་ཀོ་དང་བཀྲ་ཤིས་མགོན་པོ་སོགས་ཀྱིས་ཇག་པ་རུ་ཁག་རྩ་འཛུགས་བྱས་ནས་མི་སྟོང་གཅིག་ལྷག་ཁྲིད་དེ་འཕྲོག་བཅོམ་རྒྱ་ཆེར་བྱས། 1912ལོ་ནས1927ལོའི་བར་ཕལ་ཆེར་ལོ15རིང་ལ་མི་ཉག་ས་ཁུལ་དུ་འཕྲོག་བཅོམ་རྒྱ་ཆེན་པོ་ཐེངས6ཙམ་བྱུང་ནས་མི་བསད་རྟ་ཁྱེར་དང་བུད་མེད་བཙན་གཡེམ་བྱས་པའི་ཡ་ང་བའི་བྱ་ངན་མང་པོ་བསྒྲུབས་ཡོད་ཅིང་། ཁྱིམ་ཚང་མང་པོ་ཞིག་ལ་མི་ཤི་ཁྱིམ་བཤིག་དང་ས་ཞིང་འདེབས་མི་མེད་པའི་གནས་ཚུལ་ཛ་དྲག་ཆེན་པོ་བྱུང་ནས་འཚོ་ཐབས་བྲལ་བ་དང་ས་ཞིང་ས་རྒོད་དུ་ཆགས་སོང་བ་རེད། དགོན་པའི་ཆོས་ཚོགས་དང་ཆོ་གའི་རྒྱུན་ཆད་པ། སྐུ་ཞབས་མཆོག་གིས་གནས་ཚུལ་འདིར་བྱམས་སྙིང་རྗེ་སྐྱེས་བཞིན་དུ་མི་དམངས་མང་ཚོགས་ཀྱི་དོན་དུ་ཐེངས་མང་པོར་དར་རྩེ་མདོ་རུ་ཕེབས་ནས་སྲིད་གཞུང་ལ་ཇག་པས་འཕྲོག་བཅོམ་བྱས་པའི་གནས་ཚུལ་ཞུ། དེའི་དུས་སུ་སྲིད་གཞུང་གི་ཆབ་སྲིད་གནས་ཚུལ་ཡང་རྙོག་འཛིང་ཆེ་བས་དོ་དམ་དང་རོགས་སྐྱོར་གྱི་ནུས་པ་ཟད། སྐུ་ཞབས་མཆོག་གིས་གོང་ཞུའི་འགྲོ་ལམ་མ་འགྲུབ་བས་མི་དམངས་མང་ཚོགས་རྩ་འཛུགས་བྱས་ནས་ངོ་རྒོལ་རུ་ཁག་ཅིག་བཙུགས། ཁོང་གི་བཀོད་སྒྲིག་འོག་མི་ཉག་བློ་བཟང་ཕུན་ཚོགས་ཨ་ཐེ་སྡེའི་འགོ་ཁྲིད་དང་མི་ཉག་སྐྱིད་ལེགས་དགོན་པའི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་རྫོང་ཞབས་སྡེའི་འགོ་ཁྲིད། ཉག་ཨེ་མགོན་རུ་ནི་ལྷ་སྒང་སྡེའི་འགོ་ཁྲིད། ཉག་ཆུ་ཁའི་དབྱང་སྡེའེ་ཀའེ(杨德贵)ཉག་ཆུ་ཁའི་འགོ་ཁྲིད་བཅས་བྱས་བཅུག་པ་དང་སོ་སོའི་གོ་མིང་ལ་མདའ་དཔོན(团座)ཟེར། དེའི་འོག་ཏུ་དམག་དཔོན་དང་བརྒྱ་དཔོན། གྲོང་སྡེ་རེ་ལ་རང་སྲུང་སྡེ་ཆུང་རུ་ཁག་རེ་བཙུགས་ཡོད་པ་རེད། ན་གཞོན་གྲྭ་པ་ཚོས་དགོན་པའི་སྲུང་སྐྱོང་རུ་ཁག་བཙུགས་ཏེ་ཁས་ལེན་པའི་སྲོག་བསྡོས་རུ་ཁག་བཙུགས། མདའ་གྲི་མདུང་གསུམ་དང་མདའ་མདེའུ་སོགས་ཀྱི་མཚོན་ཆ་བཟོ་ཞིང་ཉོ་བ། ལོ་གཅིག་རིང་ལ་བློ་བཟང་ཕུན་ཚོགས་དང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གཉིས་ཀྱིས་མེ་མདའ500ལྷག་དང་མེ་རྫས་ཁྲི2ལྷག་བསྡུ་བཟོ་བྱས་ཐུབ་ཡོད། དེ་ནས་བཟུང་གྲོང་སྡེ་སོ་སོས་ཁྱིམ་སྐྱོང་ཇག་རྒོལ་གྱི་རྦ་རླབས་དྲག་པོ་འཕྱུར། 1921ལོའི་དགུན་ཁར། ཇག་པ་བཀྲ་ཤིས་ཚོགས་ཀྱི་བུ་དང་ཕུ་བོ་གཙོར་བྱས་ཏེ་ལོ་ལྟར་ཉག་ཆུ་བརྒལ་ནས་མི་ཉག་ཕྱོགས་སུ་ཡོང་དུས་རི་ཁུད་སྐུ་ཞབས་ཀྱི་དབུ་ཁྲིད་འོག་ཨ་ཐེ་བློ་བཟང་ཕུན་ཚོགས་དང་སྐྱིད་ལེགས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གཉིས་ཀྱིས་ཕྱོགས་གཉིས་ནས་ཕར་རྒོལ་དྲག་པོ་བྱས་ཏེ་ཇག་པ་ཉི་ཤུ་ལྷག་ཙམ་རྨས་སྐྱོན་བཏང་བ་དང་ཇག་པའི་ལག་ནས་རྒྱུ་ནོར་མི་ཉུང་བ་ཞིག་ཚུར་ལེན་ཐུབ་ཡོད། དེ་ཡིས་མི་ཉག་མི་དམངས་མང་ཚོགས་ཀྱི་ཇག་རྒོལ་བྱེད་པའི་སེམས་ཤུགས་དང་ཡིད་ཆེས་བརྟན་པོ་ཆགས་ཐུབ་ཡོད་པ་རེད། 1925ལོའི་དགུན་ཁར་ཇག་པས་མི་རྟ་གཉིས་བརྒྱ་ལྷག་ཁྲིད་དེ་ཡང་བསྐྱར་ཉག་ཆུ་བརྒལ་ནས་མི་ཉག་ས་ཁུལ་དུ་འཕྲོག་བཅོམ་བྱས། དེ་བཞིན་དུ་རི་ཁུད་སྐུ་ཞབས་ཀྱི་དབུ་ཁྲིད་འོག་ཕར་རྒོལ་རུ་ཁག་གིས་ལམ་འཕྲང་ས་ཁུལ་དུ་ཕར་རྒོལ་ཛ་དྲག་བྱས་པ་དང་ཇག་མི་མང་པོ་རྨས་བསད་བཏང་བ་དང་ཆབས་ཅིགཉག་ཆུ་རབ་ཁའི་ཕྱོགས་སུ་ལམ་སྒུག་བྱས་ཏེ་ཕར་རྒོལ་དྲག་པོ་བྱས་མཐར། ཇག་པ་ཕམ་ཁ་ཁུར་ཏེ་བྲོས་བ་དང་དེའི་རྗེས་སུ་མི་ཉག་ཕྱོགས་སུ་དགྲ་ཇག་ཚར་བཅད་ནས་ཕན་ཚུན་རྩོད་འཕྲོག་དུས་སྐབས་མཇུག་རྫོགས་བ་དང་མི་དམངས་མང་ཚོགས་ཀྱི་འཚོ་བ་བདེ་འཇགས་བྱུང་ཡོད་པ་རེད།

    གསུམ། དཀར་མཛེས་དོན་རྐྱེན་གྱི་ཤུལ་བཞག་གནད་དོན་ཐག་གཅོད་སྐོར།

    ཤིས་ཁམས་ཞིང་ཆེན་ཀྲུའུ་ཞི་ལེའུ་ཝེན་ཧུའེ་ཡིས་མདོ་སྟོད་བྱང་ཕྱོགས་ཀྱི་ས་གནས་ཚོད་འཛིན་བྱེད་པའི་ཆེད་དུ1932ལོར་དཀར་མཛེས་ཁང་སའི་རྒྱལ་མོ་བདེ་ཆེན་དབང་མོ་དེ་རང་གི་གསོས་ཕྲུག་བུ་མོར་བརྩིས། དེ་བཞིན་དུ་ཆབ་སྲིད་གཉེན་སྟོན་བཀོད་སྒྲིག་བྱས་ཏེ་རང་གི་དམག་དཔོན་ནང་དུ་མག་པ་འདེམས་འཚོལ་བྱས། དེའི་སྐབས་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་གཙང་དུ་བླ་གཞུང་བར་གྱི་འགལ་ཟླའི་དབང་གིས་ཆུ་ཕག་ལོ་སྟེ1923ལོར་བྱང་ཐང་བརྒྱུད་ནས1825ལོར་རྒྱ་ནག་པེ་ཅིན་དུ་ཕེབས། རྒྱ་ནག་ལ་ལོ་བརྒྱད་ཙམ་བཞུགས་ཏེ1933ལོར་བོད་དུ་ཕེབས་པའི་སྐབས་སུ་བོད་ས་གནས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་གྱི་དམག་དཔོན་མར་པོ་ཧྥ་ཡིས་མཚོ་སྔོན་ཞིང་ཆེན་སྐྱེ་དགུ་མདོའི་ས་ཁུལ་དུ་ལམ་བཀག་བྱས་པ་དང་ཆབས་ཅིགཔཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མར་གློ་བུར་དུ་སྙུང་གཞི་ཕོག་ནས་སྐྱེ་དགུ་མདོར་སྐུ་གཤེགས་སོང་བ་རེད། 1937ལོའི་ཟླ་བ12པར་དཀར་མཛེས་སྡེ་དཔོན་ཡོངས་ཀྱིས་གདན་འདྲེན་འོག་པཎ་ཆེན་སྐུ་གདུང་ཁྱེར་ནས་དཀར་མཛེས་རྫོང་དུ་ཕེབས། པཎ་ཆེན་བསྐྱལ་མི་རུ་ཁག་དང་ས་གནས་དབང་སྒྱུར་གྲལ་རིམ་གྱི་མཉམ་འབྲེལ་འོག་ལིའུ་ཝེན་ཧུའེ་ཡི་དམག་དཔུང་རུ་ཁག24པ་དཀར་མཛེས་རྫོང་ནས་ཕྱིར་དེད་རྒྱུའི་འཆར་གཞི་བཀོད། དེ་ནི་གོ་མིང་ཏང་ཀྲུང་དབྱང་ཅང་ཅེ་ཧྲིའི་ཡིས་ལིའུ་ཝེན་ཧུའེ་རྩ་མེད་བཏང་བའི་འཆར་གཞི་དང་མཐུན་པས་རྒྱབ་སྐྱོར་བྱས། 1938ལོའི་ཟླ་བ6པར། ཅང་ཅེ་ཧྲིའི་ཡིས་པཎ་ཆེན་ལ་མྱ་ངན་ཞུ་བར་ཁ་གཡར་ནས་བསམ་བློ་དང་རིགས་པའི་གཞུང་ལུགས་མཁས་ཆེན་ཏའེ་ཁྲའེ་ཤ་ཉིད་དཀར་མཛེས་ས་ཁུལ་དུ་མངགས་གཏོང་བྱས་ཏེ་དཀར་མཛེས་ལ་ཐོན་དུས་ལིའུ་ཝེན་ཧུའེ་ཡིས་རི་ཁུད་སྐུ་ཞབས་ཕེབས་རོགས་སུ་མངགས། ཏའེ་ཁྲའེ་ཤས་དཀར་མཛེས་ལ་ཐོན་མ་ཐག་ས་གནས་དབང་སྒྱུར་གྲལ་རིམ་ཁང་ས་རྒྱལ་མོ་བདེ་ཆེན་དབང་པོ་དང་ཉག་རོང་བཀྲ་ཧྥའི་རྒྱལ་མོ་འཆི་མེད་སྒྲོལ་མ། སྡེ་དགེའི་སྡེ་དཔོན་དང་བླ་སྤྲུལ་མཁན་པོ་སོགས་ལ་མཇལ་འཕྲད་གནང་ནས་ནང་འབྲེལ་བྱས། ཁྱད་པར་དུ་པཎ་ཆེན་བསྐྱལ་མིའི་རུ་ཁག་གི་འགོ་འཛིན་པ་ཡེ་ཤེས་རྡོ་རྗེ་དང་ཁང་ས་རྒྱལ་མོ་བདེ་ཆེན་དབང་མོ་གཉིས་ཕན་ཚུན་བརྩེ་དུང་ཆགས་པ་དེ་གོ་མ་ཐག་གཉེན་སྒྲིག་བྱ་རྒྱུར་རྒྱབ་སྐྱོར་དང་ལིའུ་ཝེན་ཧུའེ་ཡིས་གཉེན་སྒྲིག་དེ་ལ་ཐད་ཀར་བཀག་འགོག་བྱས་པ་རེད།

    1938ལོའི་སྟོན་ཁར། ཁང་ས་རྒྱལ་མོ་བདེ་ཆེན་དབང་མོ་དང་ཡེ་ཤེས་རྡོ་རྗེ་གཉིས་གཉེན་སྒྲིག་གྲ་སྒྲིག་བྱེད་དུས་དཀར་མཛེས་སུ་བཅའ་སྡོད་བྱས་པའི་དམག་དཔུང24པ་ཡིས་ཁང་ས་མཁར་རྫོང་གི་མཐའ་བསྐོར་ནས་བཙན་དབང་བྱས་ཏེ་མདའ་གྲི་མདུང་གསུམ་་དང་མདའ་མདེའུ་སོགས་འཕྲོག་བཅོམ་དང་རྒྱལ་མོ་བཟང་བཙོན་བྱས། དེའི་རྐྱེན་གྱིས1939ལོའི་ཟླ་བ12པར། པཎ་ཆེན་བསྐྱལ་མི་རུ་ཁག་དང་དཀར་མཛེས་སུ་བཅའ་སྡོད་བྱས་པའི་དམག་དཔུང་གཉིས་འཐབ་འཛིང་བྱུང་སྟེ་ལིའུ་ཝེན་ཧུའེ་ཡི་དམག་དཔུང་ཕམ་ནས་བྲག་འགོ་བརྒྱུད་ནས་རྟའུ་ཕྱོགས་སུ་བྲོས། ལིའུ་ཝེན་ཧུའེ་ཡིས་ཡང་བསྐྱར་དམག་མི་སུམ་སྟོང་ལྷག་བཏང་སྟེ་ཕར་རྒོལ་དྲག་པོ་བྱས་པ་དང་ས་གནས་དབང་སྒྱུར་གྲལ་རིམ་དང་པཎ་ཆེན་བསྐྱལ་མི་རུ་ཁག་ཕམ་ནས་མཚོ་སྔོན་ཕྱོགས་སུ་བྲོས། དཀར་མཛེས་རྫོང་དེ་ཡང་བསྐྱར་ཚོད་འཛིན་བྱས་ཏེ་མཚོན་ཆ་དང་རྒྱུ་ནོར་མང་པོ་ཞིག་འཕྲོག  དེ་ནི༼དཀར་མཛེས་དོན་རྐྱེན༽ཞེས་པ་དེ་རེད། དཀར་མཛེས་དོན་རྐྱེན་གྱིས་དགོན་པ་དང་མི་དམངས་མང་ཚོགས་ཀྱི་འཚོ་བར་གནོད་འཚེ་དང་གྱོང་གུད་ཚབས་ཆེན་བཟོས། ཁམས་ཕྱོགས་ཀྱི་དགོན་ཁག་དང་མི་དམངས་མང་ཚོགས་ཁོང་ཁྲོ་ལངས་པའི་དོན་རྐྱེན་གྱིས་ཤུགས་བཞག་པའི་གནད་དོན་ཐག་གཅོད་ཡག་པོ་གཏོང་མ་ཐུབ་ན་གནད་འགག་ཛ་དྲག་བྱུང་བའི་ཉེན་ཁ་ཆེ། ལིའུ་ཝེན་ཧུའེ་ཡིས་རི་ཁུད་སྐུ་ཞབས་ལ་རེ་བ་ཞུ་སྟེ་སྐུ་ཞབས་མཆོག་བསྐྱར་དུ་དཀར་མཛེས་རྫོང་དུ་ཕེབས་ནས་ཕྱོགས་གཉིས་ལ་ཁ་ཏ་དང་གྲོལ་མོལ་བྱ་རྒྱུའི་རེ་བ་བཏོན། རི་ཁུད་སྐུ་ཞབས་ཀྱིས་ཟླ་བ་གཅིག་ལྷག་གི་རིང་ལ་འབད་བརྩོན་གནང་འོག་དོན་རྐྱེན་ཤུལ་བཞག་གི་གནད་དོན་དེ་ཐག་གཅོད་ཐུབ་ཡོད་པ་རེད།

    1946ལོར། བོད་ལྗོངས་ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་བྲག་གཡབ་དགོན་གྱི་སྤྲུལ་སྐུ་བློ་ལྡན་ཤེས་རབ་གྱི་སྐུ་ཕྲེང་དེ་མི་ཉག་སྐྱིད་ལེགས་དགོན་གྱི་སྦྱིན་བདག་བྱ་རྔ་ཐོག་གི་དུད་ཚང་ཞིག་ལ་སྐུ་འཁྲུངས་ཏེ་སྤྲུལ་སྐུ་ངོས་འཛིན་དུ་ཕྱིན། དེ་བཞིན་དུ་སྤྲུལ་སྐུའི་ཡབ་ཡུམ་གཉིས་དང་གྲོང་སྡེའི་འགོ་པ་སོགས་ལ་ཁ་བཏགས་གནང་བར་མ་ཟད་སྤྲུལ་སྐུའི་རྒྱབ་ལྗོངས་དང་ངོས་འཛིན་ཡོང་བའི་གོ་རིམ་གསལ་བཤད་གནང་བ་དང་ཉིན་སྐར་བཟང་བའི་དུས་ལ་སྤྲུལ་སྐུ་གདན་འདྲེན་བྱ་རྒྱུའི་གྲོས་འཆམས་བྱུང་། མི་ཉག་དར་མདོ་རྫོང་བོན་པོ་གཤིས་ཤང་འགེ་བ་ཁ་དགོན་པས་གཅིག་རྗེས་གཉིས་མཐུད་ངང་སྤྲུལ་སྐུ་དེ་ངོས་འཛིན་བྱས་ནས་རང་དགོན་དུ་གདན་འདྲེན་ཞུས། ཆབ་མདོ་བྲག་གཡབ་དགོན་གྱིས་གནས་ཚུལ་དེ་ཤེས་མ་ཐག་མི་དམངས་མང་ཚོགས་རྩ་འཛུགས་བྱས་ཏེ་མི་ཉག་ཕྱོགས་སུ་འཐབ་འཛིང་གི་གྲ་སྒྲིག་བྱས། དེ་བཞིན་དུ་འགེ་བ་ཁའི་དགོན་གྱིས་ཉུང་སྣ་མང་གཏུག་གི་གནས་ཚུལ་ཤེས་ཏེ་ཕར་རྒོལ་གྱི་གྲ་སྒྲིག་དོར་བས་སྤྲུལ་སྐུ་མི་ཉག་དར་མདོ་རྫོང་སྲིད་གཞུང་ལ་སྤྲད། དེའི་སྐབས་སུ་བྲག་གཡབ་དགོན་གྱིས་དམག་སྒར་བརྒྱབ་ཏེ་དར་མདོ་རྫོང་སྲིད་གཞུང་ལ་གྱོད་དོན་ཞུ་གཏུག་བྱེད། ལིའུ་ཝེན་ཧུའེ་ཡིས་གྱོད་དོན་དེ་དགོན་ཁག་བར་གྱི་འགལ་ཟླ་རྙོག་འཛིང་ཆེ་བ་དང་ཐག་གཅོད་གཏོང་དཀའ་བས་འདུམ་འགྲིག་གི་ལས་ཀ་རི་ཁུད་སྐུ་ཞབས་མཆོག་ལ་སྤྲད། རི་ཁུད་སྐུ་ཞབས་གིས་དགོན་ཁག་གཉིས་ཀྱི་གྱོད་དོན་གྱི་གནས་ཚུལ་ལ་གཞིགས་ཏེ་ཕན་ཚུན་གྱི་རེ་བ་རྒྱུས་ལོན་གནང་བའི་མཐའ་མཇུག་ལ། གཅིག་ནི་བྲག་གཡབ་དགོན་གྱིས་ལུགས་དང་མཐུན་པའི་སྤྲུལ་སྐུ་ངོས་འཛིན་བྱས་པའི་བརྒྱུད་རིམ་གསལ་བས་བྲག་གཡབ་དགོན་གྱི་སྤྲུལ་སྐུ་ཡིན་པ་ནི་ཁས་ལེན་རྒྱུ་དང་། གཉིས་ནི་འགེ་བ་ཁའི་དགོན་གྱིས་ཕར་རྒོལ་མི་བྱ་རྒྱུ། གསུམ་ནི་འགེ་བ་ཁའི་དགོན་གྱི་འགྲོ་སྒོ་དེ་བྲག་གཡབ་དགོན་གྱིས་སྦྱིན་དགོས་རྒྱུ། བཞི་ནི་འགེ་བ་ཁའི་དགོན་གྱི་སྤྲུལ་སྐུ་ངོས་འཛིན་བྱ་རྒྱུ་དེ་སྐུ་ཞབས་ཁོང་རང་གིས་རོགས་སྐྱོར་བྱ་རྒྱུའི་ཁས་ལེན་པ་སོགས་གྲོས་འཆམས་བྱུང་སྟེ་ཕྱོགས་གཉིས་ཀྱིས་ཁས་ལེན་དམ་བཅའ་དང་གན་རྒྱའི་ཡི་གེ་བཞག་ནས་ཕྱོགས་གཉིས་ཀྱི་མི་དམངས་མང་ཚོགས་ཡོངས་ལ་རྐྱེན་ངན་གྱི་སྡུག་བསྔལ་སེལ་ཐུབ་ཡོད་ཅིང་ཞི་འཇགས་ཀྱི་བདེ་བ་ཐོབ་ཐུབ་པ་རེད། རི་ཁུད་སྐུ་ཞབས་མཆོག་གིས་གནད་དོན་ལ་དབྱེ་ཞིབ་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་གྱོད་གཞི་འདུམ་འགྲིག་བྱུང་བ་ལ་ཚང་མས་ཁས་ལེན་པ་དང་ལིའུ་ཝེན་ཧུའེ་ཡིས་ཀྱང་གཟེངས་བསྟོད་བྱས་པ་རེད།

    བཞི། མི་དམངས་མང་ཚོགས་ཀྱི་དོན་དུ་གུང་ཁྲན་ཏང་དང་འབྲེལ་བ་བྱེད་པའི་སྐོར།

    1935ལོར། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་མཛད་པའི་བཟོ་ཞིང་དམར་དམག་གིས་ལེ་བར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་བྱས་ནས་ཁམས་མི་ཉག་དར་རྩེ་མདོའི་སྐྱིད་ཐང་། འཁོབ་ཡུལ། མགོ་ཐང་ཕྱོགས་སུ་བསླེབས་དུས་སྐུ་ཞབས་མཆོག་གིས་གཙོ་བོ་བྱས་པའི་མི་དམངས་མང་ཚོགས་ཀྱིས་ཕེབས་བསུ་བྱས། 1948ལོ་ནས1949ལོའི་བར། རི་ཁུད་སྐུ་ཞབས་གིས་གུང་ཁྲན་ཏང་གིས་མགོ་ཁྲིད་མཛད་པའི་མི་དམངས་བཅིངས་འགྲོལ་དམག་གིས་མེས་རྒྱལ་གྱི་ནང་ལོགས་ས་ཁུལ་བཅིངས་འགྲོལ་བཏང་བའི་འཕྲིན་བཟང་དེ་ཐོས་མ་ཐག་གུང་ཁྲན་ཏང་དང་འབྲེལ་བ་བྱ་དགོས་རྒྱུ་དགོངས། ཡིན་ནའང་ས་གནས་དབང་སྒྱུར་གྲལ་རིམ་གྱིས་བཀའ་འགོག་བྱས་ཀྱང་སྐུ་ཞབས་མཆོག་གིས་རི་ཁུད་དགོན་པའི་སྤྲུལ་སྐུ་རྟ་མགྲིན་ཆོས་དར་གྱི་སྐུ་ཕྲེང་ངོས་འཛིན་རྒྱུར་ཁ་གཡར་ནས1949ལོའི་ཟླ3པར་རྒྱ་ནག་ཕེབས། ཟླ་བ་གསུམ་ཙམ་གྱི་རིང་ལ་རྒྱ་ནག་ཁྲིང་ཏུའུ་དང་གླང་ཆེན་འགྱིང་རི་སོགས་ཀྱི་ས་གནས་སུ་བཞུགས་ཀྱང་གུང་ཁྲན་ཏང་དང་མཇལ་འཕྲད་གོ་སྐབས་མ་ཐོབ། འོན་ཀྱང་དེའི་སྐབས་སུ་སྔོན་ཆད་ཤིས་ཁམས་ཞིང་ཆེན་ཀྲུའུ་ཞི་ལིའུ་ཝེན་ཧུའེ་ལ་མུན་དོར་གསལ་ལེན་བྱ་རྒྱུའི་སློབ་གསོ་དང་སྐུལ་སློང་བྱས་ཏེ་མཐར་ལིའུ་ཝེན་ཧུའེ་ཡིས་གུང་ཁྲན་ཏང་ལ་མགོ་འདོགས། 1950ལོའི་ཟླ་བ4པར། ཁོང་གིས་བཀོད་སྒྲིག་འོག་མི་ཉག་དར་རྩེ་མདོའི་རྡོ་རྗེ་བྲག་དགོན་གྱི་མཁན་པོ་ཐུབ་བསྟན་ཆོས་དབྱིངས་དང་ལྷ་སྒང་དགོན་གྱི་བླ་ཆེན་འཇམ་རྡོ་དཔལ་རྒྱས་གཉིས་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་དུ་གདན་འདྲེན་ཞུས་ནས་ཤིས་ཁམས་ཞིང་ཆེན་ཀྲུའུ་ཞི་ལེའོ་ཀྲིའི་ཀོའོ་གཙོ་བོའི་ཏང་སྲིད་འགོ་ཁྲིད་སོགས་དང་དངོས་སུ་ཐུགཁོང་གིས་མི་ཉག་ས་ཁུལ་གྱི་དགོན་ཁག་དང་མི་དམངས་མང་ཚོགས་ཚབ་མཛད་ནས་གོས་དར་དང་ཁ་བཏགས་འབུལ་ཏེ་ཁམས་ཕྱོགས་ཀྱི་སྤྱི་ཚོགས་རྣམ་པ་བསྒྱུར་བཅོས་དང་མི་སེར་གྱི་སྡུག་བསྔལ་སེལ་རྒྱུ། མི་སེར་ལ་གཉའ་གནོན་བྱེད་མཁན་དང་དགོན་པའི་བླ་ལོག་གྲྭ་ལོག་སོགས་གཙང་སེལ་བྱ་དགོས་རྒྱུའི་རེ་བ་ཞུ། དེ་དང་ཆབས་གཅིག་ཏུ་ཆོས་ལུགས་དད་མོས་རང་དབང་དང་མི་རིགས་ས་ཁུལ་གྱི་སྐད་དང་ཡི་གེ་སྲུང་སྐྱོང་བྱ་དགོས་རྒྱུའི་རེ་བ་ཞུ། ཤིས་ཁམས་ཞིང་ཆེན་ཀྲུའུ་ཞི་ལེའོ་ཀྲིའི་ཀོའོ་གཙོ་བོའི་ཏང་སྲིད་འགོ་ཁྲིད་རྣམས་ཀྱིས་རེ་བ་དང་ལེན་བྱས་ནས་རི་ཁུད་སྐུ་ཞབས་མཆོག་ལ་ཧ་ཅང་བརྩི་མཐོང་བྱས། 1950ལོའི་ཟླ་བ7པར། རི་ཁུད་སྐུ་ཞབས་ཀྱིས་གཡག་རྔ་ནས་མི་ཉག་ས་ཁུལ་གྱི་དགོན་པ་དང་མི་དམངས་མང་ཚོགས་ཡོངས་ལ་འཕྲིན་ཡིག་བསྐུར་ཏེ་གུང་ཁྲན་ཏང་གི་མི་དམངས་སྲིད་གཞུང་དང་བཅིངས་འགྲོལ་དམག་གི་གནས་ཚུལ་བྲིས་སྟེ་མི་དམངས་མང་ཚོགས་ལ་གུང་ཁྲན་ཏང་ལ་ཡིད་ཆེས་བྱེད་ཆོག་པའི་སྐུལ་སློང་ཡག་པོ་བྱས་མཐར། ཁམས་ཕྱོགས་ཞི་བས་བཅིངས་འགྲོལ་བཏང་ཐུབ་པར་ཕན་ཆེན་པོ་ཐོགས་ཡོད་པ་རེད།

མི་ཉག་རི་ཁུད་དགོན་པའི་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་འོད་ཟེར་མཆོག་གི་ངོ་སྤྲོད་མདོར་བསྡུས།

    ལྔ། མི་ཉག་གད་འཛོམས་ས་ཁུལ་དུ་མི་དམངས་མང་ཚོགས་ཡོངས་ལ་ཏང་གི་སྲིད་ཇུས་ཁྱབ་བསྒྲགས་བྱས་པའི་སྐོར།

   རི་ཁུད་སྐུ་ཞབས་མཆོག་དངོས་སུ་རྒྱ་ནག་ཏུ་ཕེབས་ནས་གུང་ཁྲན་ཏང་ལ་རྒྱུས་ལོན་བྱས་ཏེ་ཏང་གི་སྲིད་ཇུས་དང་ལམ་ཕྱོགས་ཡང་དག་པ་ཡིན་པ་གོ་མ་ཐག་ཏུ་ཕ་ཡུལ་དུ་ལོག་སྟེ་མི་ཉག་སྐྱ་གད་ཤང་དང་བོན་པོ་ཤང་གི་བར་གྱི་གད་འཛོམས་ཞབས་ཀྱི་རྩྭ་ཐང་དུ་ཉིན་མ་བཅུའི་རིང་ལ་མི་ཉག་གི་མི་སེར་ཡོངས་ལ་ཏང་གི་སྲིད་ཇུས་དང་ལམ་ཕྱོགས་ཁྱབ་བསྒྲགས་བྱས། ཁྱད་པར་དུ་ཆོས་ལུགས་སྲིད་ཇུས་ཡག་པོ་བྱུང་རྒྱུ་དང་མི་རིགས་འདྲ་མཉམ་ཡིན་རྒྱུ། གྲུབ་མཐའ་རིས་མེད་དང་ཏང་གི་སྲིད་ཇུས་ཡག་པོ་ཡིན་ཚུལ་སོགས་དྲིལ་བསྒྲགས་བཏང་ཡོད། དེ་བཞིན་དུ་མ་འོངས་པར་བཅིངས་འགྲོལ་དམག་ཁམས་ཕྱོགས་སུ་བསླེབ་དུས་ཚང་མས་དགའ་བསུ་དང་ཏང་གི་སྲིད་ཇུས་ལ་ཡིད་ཆེས་ལས་གཏམ་འཁྱར་ངན་སྐུལ་ལ་ཉན་མི་རུང་རྒྱུ་ལ་སོགས་པའི་སློབ་གསོ་གང་མང་གནང་ཡོད་པ་རེད།

    གུང་ཁྲན་ཏང་གི་བཅིངས་འགྲོལ་དམག་ཁམས་ཁུལ་དུ་ཐོན་དུས་གོ་མིང་ཏང་ལོག་སྤྱོད་ཤོག་ཁག་དང་ངོ་རྒོལ་རུ་ཁག་གིས་མི་དམངས་མང་ཚོགས་ལ་ངན་སྐུལ་གཏམ་འཆལ་ཁྱབ་བསྒྲགས་བྱས་ཏེ་མི་དམངས་ཀྱི་སེམས་ཁམས་དཀྲུགས་ཤིང་། མི་དམངས་མང་ཚོགས་གནས་སྐབས་སུ་འཇིགས་སྐྲག་དང་མ་འོངས་པའི་མདུན་ལམ་ལ་སེམས་ཁྲལ་བྱེད། དེའི་སྐབས་སུ་སྐུ་ཞབས་མཆོག་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་ཕེབས་ནས་ཏང་གི་སྲིད་ཇུས་ལ་ཡིད་ཆེས་བྱེད་འོས་པའི་ཐད་གནས་ལུགས་དྲངས་ནས་སློབ་གསོ་བྱས་པ་དང་། ཁྱད་པར་དུ་དགོན་པ་ཁག་གི་མཁན་སྤྲུལ་བླ་གསུམ་དང་ཤེས་ཡོན་མི་སྣ་རྣམས་ལ་སྐུལ་སློང་ཡག་པོ་བཏང་སྟེ་དོགས་པའི་གནད་དོན་རེ་རེར་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ཕྲ་ཞིང་རྒྱས་པའི་གསལ་བཤད་བྱས་ནས་བོད་ཁུལ་ཞི་བས་བཅིངས་འགྲོལ་བཏང་ཐུབ་པར་བྱས་རྗེས་མི་དམན་པ་བཞག་ཡོད་པ་རེད།

    དྲུག  སྡིག་སྤོང་དགེ་སྒྲུབ་དང་སྒེར་དོར་གཞུང་སྒྲུབ་སོགས་ཀྱི་ཕྱག་ལས་མཛད་པའི་སྐོར།

   1954ལོའི་ཤིང་ཕོ་རྟའི་ལོར་དར་མདོར་བཞུགས་དུས། ས་སྐྱ་གོང་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་རྒྱ་ནག་ནས་ཡར་ཕེབས་དུས་རྗེ་ཉིད་ཀྱིས་གཙོ་བོས་མཛད་པའི་རང་སྐྱོང་ཁུལ་སྲིད་གཞུང་གི་དཔོན་རིགས་དང་སྐྱ་སེར་གྲངས་མེད་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས། ཉིན་ཤས་རིང་གོང་མ་རིན་པོ་ཆེ་ཟུར་རི་ཕུ་དགོན་དུ་ཕེབས་ནས་རབ་གནས་དང་ཆུ་གཉིས་པ་ཚང་སར་ཚེ་དབང་གནང་། དབལ་གསས་སྐྱབས་ཚང་སར་འཕོ་ལུང་གསུངས། རྒྱ་བོད་སྐྱ་སེར་མང་པོར་ཞལ་མཇལ་གནང་བ་རེད།

    1951ལོར། ཁམས་ཕྱག་ཕྲེང་རྫོང་གི་སྤྲུལ་སྐུ་བླ་རྒན་ཞིག་གིས་ཆེད་དུ་རི་ཁུད་སྐུ་ཞབས་ལ་འཕྲིན་ཡིག་བསྐུར་ཏེ་གུང་ཁྲན་ཏང་གིས་ཁོང་ལ་དར་རྩེ་མདོའི་ཚོགས་འདུ་རུ་གདན་འདྲེན་ཞུ་ཡོད་པས་ཁོང་རང་ཡོང་མི་ཕོད་པ་དང་སྐྲག་སྣང་ཆེ་རྒྱུ་སོགས་ཞུས། རི་ཁུད་སྐུ་ཞབས་ཀྱིས་དེ་མ་ཐག་ཏུ་འཕྲིན་ལན་བསྐུར་ཏེ་ཁྱེད་རང་འཇིགས་སྣང་ཡོང་མི་དགོས་རྒྱུ་དང་ཏང་གི་སྲིད་ཇུས་བཟང་པོ་ཡིན་རྒྱུ་སོགས་གསལ་པོ་བཤད་ནས་བླ་རྒན་དོགས་པ་སེལ་ཞིང་ཚོགས་འདུ་རུ་ཞུགས་ཡོད། 1952ལོར། གསེར་ཐར་རྫོང་གི་སྤྲུལ་སྐུ་རྡོ་དྲིན་ཆེན་དང་རྣམ་སངས་གཉིས་དར་རྩེ་མདོར་ཚོགས་འདུ་ལ་ཞུགས་སྐབས་ཁོང་རྣམ་གཉིས་ཀྱིས་ཏང་གི་སྲིད་ཇུས་དང་དགོངས་པར་དོགས་པ་སྐྱེས་ཤིང་གོ་བ་ཡང་དག་པ་མི་ལེན་པའི་རྒྱུ་མཚན་ལ་བརྟེན་ནས་རི་ཁུད་སྐུ་ཞབས་གིས་ཉིན་འགའི་རིང་ལ་ཏང་གི་དགོངས་པ་དང་མི་དམངས་ལ་ཞབས་འདེགས་ཞུ་སྟངས་སོགས་ཞིབ་ཕྲ་བཤད། སྡེ་དགེ་རྒྱལ་མོ་འཇམ་དབྱངས་དཔལ་མོ་དང་བྱ་རྒོད་སྟོབས་ལྡན་གཉིས་བར་འགལ་རྩོད་བྱུང་བར་རི་ཁུད་སྐུ་ཞབས་ཀྱིས་སྡེ་དགེ་རྒྱལ་མོ་འཇམ་དབྱངས་དཔལ་མོར་བསླབ་བྱ་གནང་ཡོད།

    རི་ཁུད་སྐུ་ཞབས་ཀྱིས་ཁོམ་པ་ཡོད་དུས་ཏང་གི་སྲིད་ཇུས་སློབ་སྦྱོང་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་དགོངས་ཏེ་རྒྱུན་དུ་ཏང་སྲིད་ལས་བྱེད་པ་དང་བགྲོ་གླེང་བྱས། ཁོང་དང་རྒྱལ་གཅེས་རིང་ལུགས་པ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུའུ་ཞི་གཞོན་པ་ཨ་དབང་རྒྱ་མཚོ་གཉིས་མཉམ་དུ་བསམ་བློ་བརྗེ་རེས་བྱས་ཏེ་སོ་སོའི་དོགས་པའི་གནད་དོན་དང་ཏང་གི་སྲིད་ཇུས། མི་དམངས་མང་ཚོགས་ཀྱི་གནད་དོན་སྐོར་ཕན་ཚུན་བསམ་འཆར་འདོན། གནད་དོན་རེ་རེར་ཞིབ་འཇུག་དང་གྲོས་བསྡུས་བྱས་ཏེ་ཏང་གི་སྲིད་ཇུས་དང་མི་དམངས་ཀྱི་ཁེ་ཕན་རྒྱུན་འཛིན་དང་སྲུང་སྐྱོང་བྱས་པ་རེད།

    1952ལོར། རི་ཁུད་སྐུ་ཞབས་ཀྱིས་དགོན་པའང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བཅོས་བསྒྱུར་བྱ་དགོས་པར་མ་ཟད་དགོན་པའི་དགེ་འདུན་རྣམས་ཀྱིས་ཀྱང་སློབ་སྦྱོང་བྱ་དགོས་པའི་དགོངས་འཆར་འདོན། ཁོང་གིས་འབད་བརྩོན་གནང་འོག་མི་ཉག་རི་ཁུད་དགོན་དང་འགེ་བ་ཁའི་དགོན་པ་སོགས་སུ་ལྔ་རིག་བཤད་གྲྭ་བཙུགས། བཤད་གྲྭ་རུ་རིས་མེད་ལྟ་བ་བསྒོམས་ཤིང་ས་དགེ་བཀའ་རྙིང་གྲུབ་མཐའི་སློབ་མ་བཞུགས་ཆོག་ལ་རང་དགོན་གྱི་ན་གཞོན་དགེ་འདུན་པ་ངེས་པར་དུ་སློབ་གླིང་དུ་སློབ་སྦྱོང་བྱེད་དགོས་པའི་སྒྲིག་སྲོལ་དང་ལོ་ལྔའི་རིང་ལ་གཞུང་ཆེན་བཅུ་གསུམ་སྦྱང་དགོས་རྒྱུ་དང་དེ་བཞིན་དུ་ས་དགེ་བཀའ་རྙིང་གྲུབ་མཐའི་སྐྱེས་ཆེན་དམ་པའི་གསུང་འབུམ་སྦྱང་དགོས་པའི་སྲོལ་བཟང་བཞགཁམས་ཕྱོགས་ཀྱི་མཁས་གྲུབ་མང་པོ་ཞིག་སློབ་གྲྭའི་དགེ་རྒན་དུ་གདན་དྲངས། དཔེར་ན། བཀའ་བརྒྱུད་པའི་ཕྱོགས་ཀྱི་གངས་དཀར་བཤད་སྒྲུབ་ཀརྨ་ཆོས་ཀྱི་སེང་གེ་དང་། རྙིང་མའི་ཕྱོགས་ཀྱི་གསེར་ཁ་ཆོས་གྲགས། དགེ་ལུགས་པའི་ཕྱོགས་ཀྱི་ཁུ་ཏིག་དགེ་བཤེས་ངག་དབང་ཕན་བདེ། ས་སྐྱའི་ཕྱོགས་ཀྱི་སྡེ་གཞུང་ཆོས་འཕེལ་དང་བྲག་གཡབ་བྱང་ཆུབ་སོགས་རིས་མེད་ཀྱི་མཁས་གྲུབ་དུ་མ་གདན་དྲངས་ཡོད། བཤད་གྲྭ་འཕེལ་རྒྱས་དང་མི་སྣ་གསོ་སྐྱོང་བྱེད་པའི་ཆེད་དུ་སྤྱང་གྲུང་ལྡན་པའི་མི་སྣ་འགའ་བདམས་ཏེ་དཀར་མཛེས་ཁུལ་གྱི་མི་རིགས་ལས་བྱེད་སློབ་གྲྭ་རུ་སློབ་སྦྱོང་ལ་བཏང་། འགེ་བ་ཁའི་དགོན་པའི་གྲྭ་པ་བློ་གཡང་དང་རི་ཁུད་དགོན་པའི་རྡོ་རྗེ་སོགས་བཏང་ཏེ་སློབ་མཐར་ཕྱིན་རྗེས་སློབ་གླིང་དུ་ལོག་ནས་སློབ་གཉེར་མཛད། རི་ཁུད་དགོན་པའི་བཤད་གྲྭ་བཙུགས་པའི་ལོ་སུམ་ཅུའི་རིང་ལ་ཤེས་ལྡན་མི་སྣ་གང་མང་ཞིག་གསོ་སྐྱོང་བྱས་ཡོད། དཔེར་ན་མཁན་པོ་འཇམ་དབྱངས་བློ་གྲོས། མཁན་ཆེན་འཆི་མེད་རྒྱ་མཚོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བརྡ་སྤྲོད་མཁན་པོ་མི་ཉག་བུ་ཕྲུགརི་ཁུད་དགོན་པའི་མཁན་པོ་ངག་དབང་ཤེས་རབ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་པད་མ་རྒྱལ་མཚན། ཀརྨ་དཔལ་ཕྲུག་སོགས་མཁས་པ་རིམ་པར་བྱོན་ཏེ་མི་ཉག་ཕྱོགས་སུ་མཁས་པ་དུ་མ་འབྱུང་བའི་སྒོ་ལྟ་བུར་གྱུར། དེ་བཞིན་དུ་སྒྲུབ་གྲྭ་ཁང་གསར་དུ་བཙུགས་བས་ཆོས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་འཕེལ་རྒྱས་བྱུང་ཡོད། 1955ལོར། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ནང་ཞུགས་ནས་གྲངས་ཉུང་མི་རིགས་ས་ཁུལ་དུ་དམངས་གཙོ་སྲིད་ཇུས་ལག་བསྟར་བྱ་རྒྱུའི་དགོངས་འཆར་བཏོན་ཏེ་ཡུན་རིང་མ་འགོར་བར་མི་དམངས་སྲིད་གཞུང་གིས་དམངས་གཙོ་སྲིད་ཇུས་དངོས་སུ་ལག་བསྟར་བྱས་པ་རེད།

    རི་ཁུད་སྐུ་ཞབས་འཇིགས་མེད་ཆོས་ཀྱི་འོད་ཟེར་ནི956ལོའི་ཟླ12པའི12ཉིན་སྐུ་སྙུང་སྟེ་དགོང་ལོ71ཐོག་སྐུ་ཞི་བའི་དབྱིངས་སུ་འཐིམས། དར་མདོ་ས་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས༼མི་སྣ་གཏམ་སྒྲུང༽གི་དེབ་ཐོག་ཏུ་དགོང་ལོ་མཐོ་བའི་སྐུ་ཞབས་མཆོག་དེ་སྤྱི་ཚོགས་ཀྱི་ཉམས་མྱོང་ལྡན་ཞིང་ངན་རུལ་ཅན་ལ་ཕར་རྒོལ་བྱས་པའི་དཔའ་བརྟུལ་ལྡན། ང་ཚོའི་མི་རིགས་ཀྱི་སྲིད་ཇུས་སྐུལ་འདེད་བྱེད་མཁན་གཙོ་བོ་ཡིན་ལ་སེམས་འགུལ་ཐེབས་པའི་མི་སྣ་ཞིག་ཀྱང་ཡིན། ཏང་གི་སྲིད་ཇུས་ལ་བློ་སེམས་གཅིག་བསྒྲིམས་ཀྱིས་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པ་སྟེ། དཔེར་ན། 1950ལོའི་དཀར་མཛེས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོའི་ཐོག་མཐུན་སྒྲིལ་སྤྱི་ཆིངས་ཐག་གཅོད་གཏོང་རྒྱུའི་སྐོར་ལ་རྒྱབ་སྐྱོར་ཚད་མེད་གནང་ཡོད། ཁོང་ནི་གཤིས་རྒྱུད་བཟང་ཞིང་སྒེར་དོར་གཞུང་སྐྱོང་བྱེད་མཁན་ཞིག་ཡིན་པས་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་ཤིན་ཏུ་སྙན་གྲགས་ལྡན། ལོ་གསུམ་རིང་ལ་ང་ཚོས་བོད་ཁུལ་གྱི་གནས་ཚུལ་དང་མི་སྣ་ཆ་རྒྱུས་ལོན་རྒྱུར་རོགས་སྐྱོར་དང་ས་ཁུལ་རང་སྐྱོང་འཛུགས་རྒྱུར་ཕན་ཆེན་པོ་ཐོགས་ཡོད། ཏང་དང་སྲིད་གཞུང་ལ་གཞུང་སེམས་འགྱུར་མེད་དང་བློ་སེམས་དཀར་བའི་སྤྲུལ་སྐུ་མཆོག་ཏུ་གྱུར་པ་ཞིག་ཡིན། ༽ཞེས་པ་དང་ཀྲུང་གུང་དར་མདོ་རྫོང་ཨུ་དང་དཀར་མཛེས་ཁུལ་ཨུ། དཀར་མཛེས་ཁུལ་སྲིད་དོན་མཉམ་འབྲེལ་ལས་ཁུངས་བཅས་ཀྱིས༼ཁོང་གིས་མི་རིགས་མཐུན་སྒྲིལ་དང་མངའ་ཁོངས་རང་སྐྱོང་གི་ཆེད་དུ་ཧུར་བརྩོན་ཚད་མེད་བྱས་ཡོད། དམངས་གཙོ་བཅོས་བསྒྱུར་དང་བོད་ཁུལ་གོང་འཕེལ་བཏང་བའི་དུས་སུ་སྟབས་མ་ལེགས་པ་སྐུ་གཤེགས་སོང་། ༽ཞེས་པ་བཅས་ཕུལ་ཡོད། དེ་ནི་ཏང་ཨུ་དང་་སྲིད་གཞུང་གིས་མི་ཉག་རི་ཁུད་དགོན་གྱི་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་འོད་ཟེར་མཆོག་གིས་བྱ་གཞག་དང་བྱས་རྗེས་ལ་ཁས་ལེན་གཟེངས་བསྟོད་དང་མྱ་ངན་ལས་འདས་པར་ཕངས་སེམས་སྐྱེལ་བའི་མྱ་ངན་ཞུ་ཚིག་ཡིན་ནོ། །

 ༼སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཚེ་རིང་དོན་འགྲུབ་ནས། ༽

  • ལེ་ཚན་སྔོན་མ།:དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་གི་མཛད་རྣམ་བསྡུས་པ།
  • ལེ་ཚན་རྗེས་མ།:མཆོག་སྤྲུལ་འཇིགས་མེད་བསྟན་པའི་ཉི་མ་མཆོག་གི་མཛད་རྣམ་སྙིང་བསྡུས་བཞུགས་སོ།།
  • དོ་སྣང་ཆེ་བའི་རྩོམ།