ཁམས་ལི་ཐང་མ་ལ་སྟོད་ཇ་འགོ་རྫོང་གི་ལོ་རྒྱུས་མདོར་བསྡུས།

​ཨ་ལྷ་དགེ་བཤེས་བྱམས་པ་བཀྲ་ཤིས།        2019-04-12

ཁམས་ལི་ཐང་མ་ལ་སྟོད་ཇ་འགོ་རྫོང་གི་ལོ་རྒྱུས་མདོར་བསྡུས།


     མ་ལ་སྟོད་ཇ་འགོ་རྫོང་ནི་ཁམས་ཕྱོགས་སུ་ཆགས་པའི་རྫོང་ཆེ་ཤོས་ཤིག་ཡིན་ལ། རྫོང་དེ་ནི་ཇ་གཙོ་བོར་བྱས་པའི་ཚོང་གི་ལྟེ་གནས་ཤིག་ཡིན། ཇ་ཡི་འབྱུང་ཁུངས་གཙོ་བོ་ནི་གཡག་རྔ་དང་ཡུན་ནན་ས་ཆ་ཡིན། གཡག་རྔ་ཡི་ཇ་བག་ཁག་དང་ཡུན་ནན་གྱི་ཇ་རིལ་ཞེས་བརྗོད་སྲོལ་ཡོད། ཇ་ཚོང་རྣམས་གཡག་རྔ་ནས་དར་རྩེ་མདོ་དང་དེ་ནས་མ་ལ་སྟོད་ཇ་འགོ་རྫོང་དུ་འབྱོར་བ་དང་། ཡུན་ནན་ནས་རྒྱལ་ཐང་བརྒྱུད་དེ་མ་ལ་ཇ་འགོ་རྫོང་དུ་འབྱོར་བ་ཡིན། ཇ་ལམ་ནི་གཡག་རྔ་ནས་ཇ་དར་རྩེ་མདོ་དང་། མི་ཉག ཉག་ཆུ།བདེ་ཚ་བཅས་བརྒྱུད་ནས་མ་ལ་སྟོད་ཇ་འགོ་རྫོང་དུ་འབྱོར་བ་ཡིན་ལ། མ་ལ་སྟོད་ཇ་འགོ་རྫོང་གི་རི་རྐེད་དུ་ལམ་ཞིག་ཡོད་པ་དེར་ད་ལྟའང་མགོན་པོ་ཇ་ལམ་ཞེས་མིང་རང་འཇགས་སུ་གནས་ཡོད། མགོན་པོ་ཞེས་པ་ནི་ཇ་ཡི་ཚོང་ལས་ཀྱི་མགོ་དཔོན་ཡིན་པས་ལམ་དེ་ལའང་མགོན་པོ་ཇ་ལམ་ཞེས་མིང་ཐོགས་པ་རེད། མི་རབས་རྒན་པའི་བཤད་སྲོལ་ལྟར་ན་ཇ་ལམ་དེ་བརྒྱུད་ནས་ཆིང་རྒྱལ་རབས་ཀྱི་དམག་མི་དང་བཅིངས་འགྲོལ་དམག་དཔུང་བཅོ་བརྒྱད་པ་སོགས་ཇ་འགོ་རྫོང་དུ་བསླེབས་མྱོང་བར་མ་ཟད། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་ཆེན་ཆེ་གྲས་མགར་སྟོང་བཙན་ཡང་ཇ་ལམ་བརྒྱུད་ནས་ཇ་འགོ་རྫོང་དུ་ཕེབས་མྱོང་བར་བཤད། སྔར་ཐང་དེ་ལ་སྒ་སེར་ཐང་ཞེས་མིང་བཏགས་ཡོད་ཀྱང་། ཕྱིས་སུ་ཐང་དེར་བློན་པོ་མགར་སྟོང་བཙན་ཕེབས་མྱོང་བའི་རྐྱེན་གྱིས་མགར་ར་ཐང་ཞེས་སུ་གྲགས།མ་ལ་སྟོད་སྐེད་གྲོང་སྟག་རྩེའི་རི་མཐའི་སྤང་ཐང་ལ་བློན་མགར་གྱི་རྡོ་ཁྲི་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད། སྤང་ཐང་དེ་ལ་མགར་གད་ཐང་ཞེས་མིང་བཏགས་ཡོད།

མཆན།

མ་ལ། མ་ལ་ཞེས་པ་ནི་ལི་ཐང་གི་ཡུལ་མིང་ཞིག་ཡིན་ལ། དོན་ལ་འབོད་ཚིག་ངོ་མཚར་བ་དང་ཧ་ལས་པ་མཚོན་པའི་སྒྲ་སྟེ། མ་ལ་ལུང་པ་ནི་མཛེས་སྡུག་ཡིད་དུ་འོང་བའི་གནས་ཤིག་སྟེ་མཐོང་བ་ཙམ་གྱིས་སེམས་ལ་སྤྲོ་བ་བསྐྱེད་པས་མིང་དེ་ལྟར་ཐོགས་པ་ཡིན།མི་ཁ་ཤས་ཀྱིས་མོ་ལ་ཞེས་བྲིས་ཡོད་ཀྱང་ནོར་བ་ཡིན་པར་སྙམ།

ཁམས་པའི་འཛུམ་རིས་ལི་ཐང་དམངས་སྲོལ་ཆེད་བསྒྲིགས་སྟོད་ཆ་ལས་དྲངས།

ཨ་ལྷ་དགེ་བཤེས་བྱམས་པ་བཀྲ་ཤིས་ཀྱིས་བྲིས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་བྱུང་བ་མདོར་བསྡུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།