གེ་སར་གྱི་ཆིབས་པ་འདོགས་སའི་ཀ་བ།

        2019-03-29

    མཚོ་སྔོན་ཞིང་ཆེན་དར་ལག་རྫོང་བདེ་ནང་ཡུལ་ཚོའི་ཕུ་མང་གོང་མའི་གྲོང་སྡེའི་ནང་མི་ལུས་གཅིག་ཙམ་ཡོད་པའི་རྡོའི་ཀ་བ་རང་འགྲུབ་ཞིག་ཡོད་ཅིང་། རྡོ་དེ་ནི་མཐོ་ལ་རིང་བ་སྲ་ཞིང་འཐས་པ། གཅན་གཟན་རི་དྭགས་དང་རྩི་ཤིང་སྣ་ཚོགས་ཀྱི་རི་མོ་རང་འགྲུབ་མང་པོ་འཇལ་རྒྱུ་འདུག ཕར་བལྟས་ན་རྡོ་བཟོ་མཁས་པ་ཞིག་གིས་བཟོས་པ་ཡིན་ནམ་སྲིད་སྙམ་པ་ཞིག་རེད།

    ས་གནས་དེ་གའི་མི་ཚོའི་བཤད་སྲོལ་ལ་རྡོ་འདི་ནི་གླིང་རྗེ་གེ་སར་རྒྱལ་པོས་ཆིབས་པ་རྐྱང་རྒོད་ཕེར་བ་བཏགས་མྱོང་བ་རེད། རྡོ་རིང་དེ་དང་ཉེ་བའི་ས་ལ་དུས་རྟག་པར་སྐམ་རྒྱུ་མེད་པའི་ཆུ་མིག་གཅིག་འདུག བཤད་སྲོལ་ལ་གེ་སར་གྱིས་མདའ་འཕངས་ནས་བཏོན་པ་ཡིན་པར་གྲགས། ས་གནས་དེ་གའི་ངག་རྒྱུན་དུ་ལོ་གསུམ་རེའི་མཚམས་ཀྱི་དབྱར་དུས་ཀྱི་ཉིན་ཞིག་གི་ཞོགས་པའི་ཉི་གཞོན་འཆར་དུས་འཇའ་འོད་ཀྱིས་གེ་སར་མི་རྟ་གཉིས་པོ་ཕྱོགས་འདིར་སྤྱན་འདྲེན་ཞིང་རི་ཀླུང་རྟ་རྐྱང་རྒོད་ཕེར་བོ་འཚེར་བའི་འཚེར་སྐད་ཐོས་རྒྱུ་ཡོད་པ་རེད། དུས་དེ་ལ་ཇོ་དར་ཡག་པོ་ཞིག་ས་ལ་བཏིང་ནས་དེའི་ཐོག་ལ་རྟ་རྐྱང་རྒོད་ཀྱི་གཟུགས་བརྙན་དོད་དུ་བཅུག་སྟེ་སྒོ་ཕྱུགས་ཀྱི་ར་སྐོར་ནང་དུ་བཏགས་ན་ནད་ཡམས་འཚེ་བ་གང་ཡང་མི་འབྱུང་ཞིང་། མི་ཕྱུགས་གཉིས་ཀ་འཕེལ་བར་གྱུར་ཞེས་པའི་གཏམ་རྒྱུད་ཡ་མཚན་པ་ཞིག་ཀྱང་བཤད་སྲོལ་ཡོད་པ་ཞིག་རེད།།


  • ལེ་ཚན་སྔོན་མ།:གླིང་དཀར་བསྟན་པ་རྒྱས་པའི་སྨོན་ལམ།
  • ལེ་ཚན་རྗེས་མ།:གཡུ་རོང་བསེ་རྫོང་བཀླགས་ཚོར།
  • དོ་སྣང་ཆེ་བའི་རྩོམ།