ཞོ་སྟོན།

དུང་དཀར་རིན་པོ་ཆེན།        2010-04-27

ཞོ་སྟོན་ཞེས་པའི་གོ་དོན་ནི་དུས་སྐབས་དེར་སེ་འབྲས་སོགས་ལ་དབྱར་གནས་ཚུགས་སྐབས་སྔ་དུས་ཚོགས་གཞུང་དུ་ཞོ་གཏོང་གི་ཡོད་པས་ཞོའི་སྟོན་མོ་བཏང་བས་ཞོ་སྟོན་ཞེས་འབོད་སྐད།དེ་ཡང་སྔོན་དུས་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་རྣམས་དབྱར་ཁ་ཟླ་བ་གསུམ་གྱི་རིང་དགོན་པའི་ཕྱི་རོལ་དུ་ཕེབས་མི་ཆོག་པ་དང་།གལ་སྲིད་ཕེབས་དགོས་བྱུང་ན་ཡང་ཞག་བདུན་ལྷག་བཞུགས་མི་ཆོག་པའི་དབྱར་ཁྲིམས་ཡོད་སྟབས།དེའི་རིང་དགེ་འདུན་གྱི་མངའ་འབངས་མི་སྡེ་དང་།དེའི་དོ་དམ་པ་ཞལ་ཏ་བ་ཟེར་བ་ཞིག་ཡོད་པ་ནས་དགེ་འདུན་རྣམས་ལ་འོ་མ་དང་ཞོའི་སྟོན་མོ་ཐེངས་འགའ་ཤས་འབུལ་བའི་སྲོལ་ཡོད་པ་ལྟར།བོད་དུ་ཡང་གདན་ས་སེ་འབྲས་གཉིས་སུ་དགོན་པའི་ནོར་སྲིད་དང་མི་སེར་གྱི་སྤྱི་དཔོན་དུ་བསྐོས་པ་སྤྱི་སོ་ཞེས་པ་རྒན་གཞོན་ཁ་ཤས་ཡོད་ཅིང་།དེ་ཚོས་དབྱར་གནས་འགོ་ཚུགས་རྗེས་ཀྱི་ཞག་བདུན་ཕྲག་གཉིས་སོང་བ་བོད་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་འབྲས་སྤུངས་དང་སེ་རའི་དགེ་འདུན་པ་ཡོངས་ལ་གསོལ་ཞོ་བཞེས་སྤྱད་གང་རེ་འབུལ་སྲོལ་དང་།དེའི་སང་ཉིན་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་གྲྭ་ཚང་སོ་སོའི་སློབ་གཉེར་བ་ཚོས་གཞུང་བཀའ་པོད་ལྔའི་ཐོག་ནས་བགྲོ་གླེང་གི་ཚོགས་ཆེན་འགོ་ཚུགས་པ་ཡིན།ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་ཞོ་སྟོན་གྱི་ཉིན་བོད་ཀྱི་བཀྲ་ཤིས་ཞོལ་པ་དང་།བྲོ་པ།ཤེལ་རོང་འབྲོང་རྩེད་པ་བཅས་འབྲས་སྤུངས་སུ་ཡོང་ནས་དགའ་ལྡན་ཕོ་བྲང་གི་མདུན་ཟློས་གར་དང་ལྷ་མོའི་འཁྲབ་སྟོན་གཟིགས་མོ་འབུལ་གྱི་ཡོད།དེ་ནི་ཉིན་དེར་འབྲས་སྤུངས་གོས་སྐུ་ཆེན་མོ་བཀྲམ་པའི་མདུན་ཞལ་ངོ་གསར་རྙིང་བརྗེ་བའི་རྟེན་འབྲེལ་ལ་བསུ་བ་ཞུ་ཆེད་རེད།ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་དགུང་ལོ་བཅུ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ས་བྱ་(༡༨༤༩)ལོར་ནོར་བུ་གླིང་ཁའི་བསྐལ་བཟང་ཕོ་བྲང་གི་རྒྱབ་ངོས་སུ་དབུ་གཡབ་གཟིམ་ཆུང་གསར་རྒྱག་ཐོག དེ་ནས་བཟུང་དབྱར་ཁའི་རིང་ནོར་བུ་གླིང་ཁར་བཞུགས་པའི་སྲོལ་བྱུང་ཞིང་།ཞོ་སྟོན་དང་ཆབས་ཅིག་བསྐལ་བཟང་ཕོ་བྲང་ཤར་ངོས་སྡིངས་ཆའི་སྟེང་དུ་སྐབས་དེར་ཡོད་པའི་བོད་ཀྱི་ཟློས་གར་སྐད་གྲགས་ཆེ་བ་རྣམས་ཡོང་ནས་འཁྲབ་སྟོན་གཟིགས་འབུལ་གྱི་སྲོལ་བྱུང་།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:སྨོན་ལམ་ཆེན་མོ།