བོད་ཀྱི་ལོ་སར་མཚམས་སྦྱོར་བྱིས་པའི་དགའ་སྟོན།

ཁ་བ་སྙན་གྲགས།        2019-02-18

   སྤྱིར་ལོ་སྔ་མ་རྫོགས་ནས་ལོ་རྗེས་མ་མགོ་ཚུགས་པ་ཞིག་ལ་ལོ་གསར་ཞེས་ཟེར། འོན་ཏང་། ལོ་མགོ་འཛིན་སྟངས་མི་གཅིག་པའི་དབང་གིས་ལོ་གསར་ལ་ཡང་རོལ་ཚུལ་ཅི་རིགས་ཤིག་བྱུང་ཡོད། དེ་བཞིན་བོད་ལ་ལོ་མགོ་འཛིན་ཚུལ་མི་གཅིག་པ་དགུ་ཙམ་ཡོད་སྐད་འདུག ༼ དུང་དཀར་ཚིག་མཛོད་ཆེན་མོ་ལས།༽ ཧོར་ཟླ་དང་པོ། ཧོར་ལུགས་དང་། ནག་རྩིས་ཁ་ཅིག གསོ་དཔྱད་པ། ཧོར་ཟླ་གཉིས་པ། མདོ་ཉི་མའི་སྙིང་བོ་སོགས་ཀྱི་ལུགས། ཧོར་ཟླ་གསུམ་པ། མདོ་གསེར་འོད་དམ་པ། ཕུག་ལུགས། དུས་འཁོར། ཧོར་ཟླ་བརྒྱད་པ། མཆིམས་ནམ་མཁའ་གྲགས་པ་སོགས་འདུལ་འཛིན་སྔོན་མ། ཧོར་ཟླ་དགུ་པ། པཎ་ཆེན་ཤཱཀྱ་ཤྲི་སོགས་འདུལ་འཛིན་ཁ་ཅིག། ཧོར་ཟླ་བཅུ་པ། རྗེ་ཙོང་ཁ་པ་སོགས་འདུལ་འཛིན་ཕྱི་མ། ཧོར་ཟླ་བཅུ་གཅིག་པ། ཁྱུང་ནག་དང་ཕུག་པ་དཔལ་མགོན། ཧོར་ཟླ་བཅུ་གཉིས་པ། མཁའ་འགྲོ་རྒྱ་མཚོའི་རྒྱུད། ནག་རྩིས་ཐོར་བུ་བཅས་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་། བོད་དབུས་གཙང་སོགས་ས་ཁུལ་མང་ཆེ་བར་ཧོར་ཟླ་དང་པོ་ལ་ལོ་མགོ་བཟུང་ནས་ལོ་གསར་གཏོང་སྲོལ་ཡོད།

   དེ་བཞིན་བོད་ཁུལ་གྱི་ས་ཆ་ཕལ་ཆེ་བས་བོད་ཟླ་བཅུ་གཉིས་པ་ནས་བཟུང་ལོ་གསར་གྱི་ཉེར་མཁོའི་མཁོ་ཆས་སོགས་ལ་སྟ་གོན་ནམ་གྲ་སྒྲིག་བྱེད་བཞིན་ཡོད། དཔེར་ན། གྲོ་མ། ཤ་མར། གྱོན་ཆས། མངར་ཆའི་རིགས། ལོ་ཕུད། གྲོ་སོ་ཕྱེ་མར། ཁང་པའི་དར་ལྕོག རི་མགོའི་ཇོ་དར་སོགས་ཉོ་སྒྲུབ་བྱས་པ་དང་། ཁ་ཟས་བསྲེག་པ། ཁྱིམ་ཚང་སོ་སོའི་ཐབ་ཚང་གཙོས་ཁང་པའི་ཕྱི་ནང་གི་རྡུལ་རྣམས་ཕྱགས་པ་སོགས་ལོ་གསར་ལ་སྟ་གོན་བྱེད་ཅིང་། བོད་ཟླ༡༢པའི་བོད་ཚེས༢༩ཉིན་གྱི་མཚན་མོ་དགུ་ཐུག་བསྐོལ་བ་དང་མ་འཐུང་གོང་ཁྱིམ་མི་སོ་སོའི་རྩམ་པ་བརྫིས་ནས་ལན་ཆགས་རེ་བཟོས་ནས་ལུས་ཀྱི་སྟོད་སྨད་ཀུན་ལ་ཕུར་ནས་ཞག་མ་སུམ་བརྒྱ་དྲུག་ཅུའི་གེགས་དང་བར་ཆད་ཐམས་ཅད་སེལ་བའི་སྨོན་ལམ་སོགས་འདེབས་སྲོལ་ཡོད། དེ་ནས་ས་སྲོད་ཙམ་ལ་དགུ་ཐུག་འཐུང་མགོ་ཚུགས། དེ་བཞིན་དགུ་ཐུག་ཅེས་པ་ནི་ཐུག་པའམ་གྲོ་ཟན་རིལ་མོ་བཙོས་པའི་ནང་ཟས་སྣ་དགུ་འཛོམས་དགོས་པའི་ཐོག་གྲོ་ཟན་ཅུང་ཆེ་བ་ཁག་ཅིག་གི་ནང་དུ་དམར་ཕྱེ་དང་། སོལ་བ། དཀར་ཡོལ། ཚྭ། བལ་དང་སྤོས་སོགས་བླུགས་པ་དང་དབྱིབས་འདྲ་མིན་བཟོས་ཏེ་དེ་རྣམས་སུའི་ཕོར་བའི་ནང་དུ་འོང་ན་དབྱིབས་དང་དམར་ཕྱེ་སོགས་ལ་གཞིགས་ནས་ཕན་ཚུན་འགྲེལ་བཤད་བརྒྱབ་ནས་ཁ་མཚར་སོགས་རྩེད་སྲོལ་ཡོད།

    བོད་ཟླ༡༢པའི་བོད་ཚེས༣༠གནམ་གང་ཉིན་སྟ་གོན་གཙོ་བོར་ཁ་ཟས་སྡེར་ཁ། གྲོ་མ་བཙོ་བ། མོག་མོག་བཅའ་བ། ཐུད་བཅའ་བ། བུ་རམ་དང་གཏུང་ཆུ་སོགས་གཟབ་རྒྱས་ངང་བཤམས་པ་དང་། ཐབ་ཚང་ངམ་གཡོས་ཁང་གི་གྱང་ངོས་སུ་གྲོ་ཕྱེའི་དཀར་ཐིག་གི་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱིས་རི་མོ་འབྲི་བ། བང་ཁང་དང་བར་ཁྱམས་ནང་གདན་སྤུས་དག་བཏིང་བ་སོགས་ཀྱིས་སྟ་གོན་ལེགས་པོ་བྱེད་བཞིན་ཡོད།

    བོད་ཟླ་དང་པོའི་བོད་ཚེས ༡ ཉིན་ནི་བོད་ཀྱི་ལོ་གསར་ཡིན་ལ་ལོ་ཡི་འཁོར་མོ་ཡུག་གཅིག་གི་ཉིན་ཐོག་མ་དང་ཟླ་བ་ཐོག་མ་དེའང་ཡིན། དེ་ལ་ཁྱིམ་གྱི་བདག་མོ་མ་ཚོ་ཞོགས་པ་སྔ་མོ་མལ་ལས་ལངས་ཏེ་སྐར་ཆུ་ལེན་པའི་སྲོལ་ཡོད་པས་དེ་ལེན་སར་འགྲོ་ནས། སྐར་ཆུས་ཁ་ངོ་སོགས་བཀྲུ་བ་དང་ལོ་གསར་པའི་རེ་སྨོན་ནམ་སྨོན་འདུན་ཞུས་ནས་ཕྱེ་མར་ཐེངས་གསུམ་ལྷ་ལ་མཆོད་པ་དང་ལྷན་རང་གིས་ཀྱང་ཕྱེ་མར་ཉུང་ངུ་རེ་ཟ་བ་སོགས་ཀྱི་སྲོལ་ཡོད། དེ་ནས་ཐོག་མ་བཟའ་ཚང་ལྷན་འཛོམས་ཀྱིས་ལྷ་བླ་མ་འམ་དཀོན་མཆོག་གསུམ་ལ་ཟས་ཀྱིས་མཆོད་པ་དང་། དེ་ནས་ཐོག་མ་གྲོ་མ་མར་ཁུ་བཟའ་བ་སོགས་བྱས་ནས་ལོ་གསར་དངོས་ལ་ཞུགས་བཞིན་ཡོད། ལྷག་པར་དུ་ཁམས་དཀར་མཛེས་ཕྱོགས་ཀྱི་ལོ་གསར་ལ་ཁྱད་ཆོས་དམིགས་བསལ་བ་ཞིག་ཡོད་པ་ནི་ལོ་གསར་ཚེས་གསུམ་གྱི་ཉིན་རྩམ་མཆོད་བྱས་པའི་སྲོལ་ཞིག་ཡོད། དེ་ཡང་རྩམ་མཆོད་ཅེས་པ་ནི་རྩམ་པ་གནམ་ལ་གཏོར་བ་ཙམ་མ་ཡིན་པ་ལོ་གསར་པའི་ནང་མི་ཚང་མའི་སེམས་སྦྲང་དཀར་རྩམ་པ་བཞིན་དུ་དཀར་དགོས་ཞེས་པའི་སྨོན་འདུན་མཚོན་བྱེད་ཅིག་ཡིན་པས་ལམ་འགྲོ་བའམ་མི་བུ་སུ་ཞིག་ཡིན་རུང་དེ་ཉིན་ལམ་ཁའམ་གྲུ་ག་གང་ཞིག་ནས་ཐུག་ན་ལུས་ཀྱི་མགོ་བོ་གཙོས་ལུས་ཡོངས་རྫོགས་ལ་སྦྲང་དཀར་རྩམ་པས་དཀར་པོ་བྱས་པ་སོགས་ཀྱིས་ལུགས་སྲོལ་གཞན་དང་མི་གཅིག་པ་ཞིག་ཡོད། དེ་ཉིན་ཁོང་ཁྲོ་ལངས་པ་དང་མ་དགའ་བའི་རྣམ་འགྱུར་བསྟན་པ་སོགས་བྱས་ན་ལོ་ངོ་གཅིག་ལ་སྐྱིད་པོ་མི་ཡོང་ཞེས་ཟེར་སྲོལ་ཡོད།

     ལོ་གསར་ནི་མི་རིགས་སོ་སོར་གནས་པའི་དུས་ཆེན་ནམ་དུས་བཟང་ཞིག་ཡིན་པས་དེ་ལ་རོལ་སྟངས་དང་རོལ་ཚུལ་སོགས་ནི་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས་སོགས་དང་བསྟུན་དགོས་པ་ལས་འདི་བཟང་འདི་ངན་ཞེས་སུས་ཀྱང་བརྗོད་མི་ཕོད་ལ་དེ་བས་མི་རིགས་སོ་སོའི་ལོ་གསར་ལ་དམིགས་བསལ་གྱི་ཁྱད་ཆོས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པས་དེ་ལ་ཐེ་གཏོགས་དང་ངན་དམོད་བྱས་པའི་དབང་ཆ་ནི་སུ་ལ་ཡང་མེད་པས་ཅི་ནས་ཀྱང་གཟབ་དགོས་སྙམ། དེ་བཞིན་ང་ཚོ་བོད་ཀྱི་ལོ་གསར་འདི་རོལ་སྟངས་ཐད་ཕལ་ཆེར་འདྲ་ན་ཡང་དུས་ཚོད་གཅིག་གྱུར་མ་ཡིན་པ་སོགས་གནས་པ་འདིས་ཀྱང་རྟོགས་ཐུབ། དཔེར་ན། ཉག་རོང་བཅུ་གསུམ། ཀོང་པོའི་ལོ་གསར། ཨ་མདོའི་ལུགས་རྙིང་ལོ་གསར་སོགས་ལ་བལྟས་ན་ཡང་ལོ་གསར་གཅིག་གྱུར་མིན་པ་ཤེས་ཐུབ་ལ་དེ་ལ་ཡང་རྒྱུ་མཚན་དང་ལོ་རྒྱུས་ཡོད་པས་ང་ཚོ་ལ་བསྒྱུར་བཅོས་བྱེད་པའི་དབང་ཆ་མེད། འོན་ཀྱང་། ལོ་གསར་གཅིག་གྱུར་མིན་ཡང་རོལ་སྟངས་དང་གོམས་གཤིས་སོགས་སྔར་སྲོལ་རྒྱུན་འཛིན་བྱས་པ་ལས་དེང་རབས་དང་ནམ་ཡང་བསྟུན་ཆེ་ན་མི་རུང་སྙམ།

   མདོར་ན། ལོ་གསར་ནི་བྱིས་པ་ལ་མཚོན་ན་རེ་སྒུག་དང་རྨི་ལམ་དུ་འཁོར་བའི་དུས་ཆེན་དམིགས་བསལ་བ་ཞིག་ཡིན་པ་མ་ཟད་མི་དར་མ་འམ་ལོ་རྒན་ཚོ་ལ་མཚོན་ན་ལས་ཀ་མང་ཞིང་བྲེལ་བ་ཆེ་བའི་དུས་ཤིག་ཀྱང་ཡིན། དེ་བཞིན་འགྲིམ་འགྲུལ་བདེ་འཇགས་ལ་གཟབ་རྒྱུ་དང་། ཟས་རིགས་སོགས་ལ་ཡང་གཟབ་གཟབ་བྱ་དགོས་པ་ལས་ཁ་ལ་ཞིམ་ཚད་དང་མིག་གི་མཐོང་ཚད་སོགས་བཟའ་མི་རུང་ལ་དེ་བས་ཁ་ལ་ཞིམ་ཙམ་གྱིས་ལུས་ལ་འཕྲོད་པའི་ངེས་པ་དེ་ཙམ་མེད་པས་གང་གིས་ཐད་ནས་གཟབ་ནན་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། དེ་མིན་ལོ་གསར་པའི་ནང་ཁྱིམ་མི་ལྷན་འཛོམས་དང་དགའ་ཉེ་ཐུག་འཕྲད། ལོ་གསར་པའི་འཆར་གཞི་སོགས་ཀྱང་སྐབས་འདི་དུས་བཞག་པ་དང་། མི་སྤྲོ་བའི་སྐད་ཆ་དང་བསམ་བློ་ངན་པ་སོགས་སྐབས་འདི་དག་ཅི་ནས་ཀྱང་གཟབ་དགོས་པས་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཐུགས་ལ་ངེས་པར་འཚལ།


  • ལེ་ཚན་སྔོན་མ།:མི་ཉག་མགར་ཐར་དང་རྟ་མཆོག་འགྲན་རྩལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།