ངོ་མཚར་གསུམ།

ལྟག་ཨོ་རྒྱན་ཆོས་འཕེལ།        2019-01-28

ངོ་མཚར་གསུམ།

རིག་འཛིན་ཀློང་གསལ་སྙིང་པོའི་ཁྱིམ་ཚང་གི་རིགས་རྒྱུད་དེང་སང་གང་དུ་ཡོད་པ།ཡང་ན་མི་རྒྱུད་དེ་ཆད་པ་ཡིན་མིན་སྐོར་དཔྱད་གཞིའི་ཡིག་ཆ་ཧ་ཅང་དཀོན།ཡིན་ན།ཁོང་ཉིད་སྐུ་འཁྲུངས་ས་དེ་བྱས་པ་༼བྱེས་པ་༽ཞེས་པའི་ཡུལ་དེ་ཡིན་པ་ཤིན་ཏུ་གསལ་པོ་རེད་འདུག

རིག་འཛིན་ཀློང་གསལ་སྙིང་པོའི་སྐོར་ལ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་གི་《གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་རིན་ཆེན་བཻཌཱུརྱའི་ཕྲེང་བ་》ལས། “ལང་གྲོ་ལོ་ཙཱ་བའི་རྣམ་འཕྲུལ་རིག་འཛིན་ཀློང་གསལ་ནི། ཀ་བོ་གནས༼  ཀམ་པོ༽ དང་ཉེ་བའི་ཡུལ་ཕྱོགས་དབྲ་བར༼  དབྲ ༽ གྲགས་པའི་བྱེ་བྲག་བྱེས་པ་ཞེས་པའི་སའི་ཆར་ཡབ་སྔགས་འཆང་ཀུན་དགའ་དོན་གྲུབ་དང་ཡུམ་དཀོན་མཆོག་སྒྲོལ་མ་གཉིས་ཀྱི་སྲས་སུ་ཤིང་མོ་གླང་གི་ལོ་ལ་སྐུ་བལྟམས། མཚན་ལ་དབང་དྲག་རྒྱ་མཚོར་བཏགས།” འདི་སེམས་དགོས་པ་ཞིག་ལ། ཀོང་སྤྲུལ་རིན་པོ་ཆེ་མཆོག་གིས་རིག་འཛིན་བདུད་འདུལ་རྡོ་རྗེ་སོགས་ཀྱི་གཏེར་ལུང་ལ་བརྟེན་ནས་འདི་བཞིན་ཡིན་ཚུལ་གསུངས་པ་ལས། དམིགས་སུ་ཞིབ་འཇུག་གནང་བ་མི་གསལ། དེས་ན་འདི་ནས་འདོན་པའི་ཡབ་ཡུམ་གཉིས་པོ་དེ་བྱས་པའི་ཡུལ་གྱི་ཁྱིམ་དངོས་མའི་ཕ་མའི་མཚན་ཡིན་ནམ།ཡང་ན་རྗེས་སོར་བུ་ལོན་གྱི་ཚབ་དུ་སྤྲད་པའི་དབྲ་པ་ཧོར་རུ་ཚང་ཡབ་ཡུམ་གྱི་མཚན་ཡིན།འདི་དཔྱད་དགོས་འདུག《རིན་ཆེན་ཕྲེང་བ》ལས་གསུངས་པའི་ཚུལ་དུ་དཔགས་ན་ཕལ་ཆེར་དབྲ་པ་ཚང་གི་ཕ་མ་དེ་ཡིན་ཤས་ཆེ།དབང་དྲག་རྡོ་རྗེ་དགུང་ལོ་བཅུ་གཅིག་ལ་སོན་མཚམས་ཁྱིམ་ཚང་དེ་ཡིས་བུ་ལོན་ཞིག་གི་ཚབ་ཏུ་དབྲ་པ་ཧོར་རུ་ཚང་ལ་བུ་འདི་སྤྲད་འདུག དབྲ་པ་ཧོར་རུ་ཚང་དེ་དེང་སང་ཡང་ཁྱིམ་རྒྱུད་མ་ཆད་པར་ཡོད་ཅིང་།ཕལ་ཆེར་དགུང་ལོ་བཅོ་ལྔའི་མཚམས་སུ་ཧོར་རུ་ཚང་གིས་གཡོན་རུ་ལྔ་བཅུའི་དུད་ཚང་ཞིག་ལ་སྦྱིན་འདུག  དེ་ན་ལོ་གཅིག་ཙམ་ལས་མ་འགོར་བར་།ལྟས་སྣ་ཚོགས་པ་བྱུང་ནས།འབྲོག་པའི་ཁྱིམ་ཚང་དེས་བུ་འདི་ནང་ལ་ཉར་མ་ནུས་པ་ལུག་མ་མོ་གཅིག་སྐལ་བ་སྟེར་ནས་ཕྱིར་བཏང་།ལམ་བར་དུ་ལུག་མ་མོ་གསེར་ལ་འགྱུར་བའི་མ་མོ་སྒང་ཞེས་པའི་ས་ཆ་དེ་ད་ལྟའང་མཇལ་དུ་ཡོད།སླར་དབྲ་ཁོག་ཏུ་བྱོན་ནས་བླ་མ་དུ་མའི་ཞབས་ལ་གཏུགས།ཆོས་ལུང་རི་ཁྲོད་དུ་སྒྲུབ་པ་མཛད།རིན་ཕྲེང་ལས་དགུང་ལོ་ཉེར་གཉིས་ཐོག་ཀ༔ཐོག་ཏུ་ཆོས་བྲོས་ལ་བྱོན་ཞེས་པ་དེ་བདེན་སྙམ།

རིག་འཛིན་ཀློང་གསལ་སྙིང་པོ་ཆུང་བྱིས་པའི་དུས་ནས་ཕྲུ་གུ་གཞན་དང་མི་འདྲ་བས།ངོ་མཚར་ཅན་གྱི་རྫུ་འཕྲུལ་མང་པོ་མངའ་ཞིང་།ལྷན་སྐྱེས་ཀྱི་ཡོན་ཏན་ཆེན་པོ་རི་བོ་ལྟར་བརྗིད་པས།ཚེ་གང་སྐྱེ་ལྡན་གྲངས་ལས་འདས་པ་ཐར་བའི་གླིང་དུ་ཁྲིད་མཛད་ཅིང་།གཏེར་ཆེན་ཁོང་ནི་སངས་རྒྱས་འོད་དཔག་ཏུ་མེད་པའི་སྤྲུལ་པ་ཡིན་ཞེས་ས་སྟེང་དུ་རླུང་ལྟར་གྲགས།

སྤྱི་ཁོག་གི་རྟོགས་བརྗོད་དང་འབྲེལ་བའི་གཟི་བརྗིད་ཅན་གྱི་མཛད་པ་དང་།ཡིད་དབང་འཕྲོག་པའི་གཏམ་སོགས་མཐའ་ཡས་པ་ཞིག་ཡོད།བྱེ་བྲག་ཏུ་ངོ་མཚར་བའི་འཕྲིན་ལས་བྱེ་བ་འབུམ་ལས་འདིར་རྟེན་འབྲེལ་མི་དམན་པའི་ཚུལ་དུ་ངོ་མཚར་གསུམ་ཞེས་པ་ཞིག་འབུལ་གྱུར་ན།

དང་པོ། རིན་འཛིན་ཀློང་གསལ་མཆོག་འཁྲུངས་ས་དེ་རི་གསུམ་ཆུ་གསུམ་བྲག་གསུམ་འཛོམས་པའི་གནས་ཀྱི་ལྟེ་བ་རུ་འཁེལ་ཡོད།གནམ་ས་དགྱེས་པའི་འདུས་མདོ་དེར་ས་ཆུའི་ཡོན་ཏན་བརྒྱད་དང་ལྡན་པ།སྐྱོན་ལྔ་ཡིས་མ་སྦགས་པས། ས་དཔྱད་ལས་གནས་འདི་ལྟ་བུར་འཁྲུངས་ཐུབ་པའི་སྐྱེས་བུ་དེ་ཆོས་ཀྱི་སྒོར་གཞུག་ན་རྒྱལ་བ་གཉིས་པ་ཞིག་འབྱུང་བ།འཇིག་རྟེན་སྲིད་ལ་འཇུག་ན་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་རུ་ཡོང་ཞེས་སོ།།

གཉིས་པ།རིག་འཛིན་ཆེན་མོ་འཁྲུངས་སའི་ཁང་ཤུལ་དུ་སྨན་གྱི་རྩྭ་མཆོག་སྐྱེས་ཡོད། ཡུལ་སྐད་དུ་གཙན་རྩྭ་ཞེས། ལོ་འདབ་ཆེ་ལ་མེ་ཏོག་དང་ལྡན་པ། ཡུ་བ་སྨྱུག་མ་ལྟར། རྒན་རབས་པས་ཤོད་སྲོལ་ལྟར་ན། གཅན་རྩྭ་སེར་རིལ་མ་འདི་བྱས་པའི་རི་སྒང་དུ་ཡོད་པ་ལས་ལུང་པའི་ཤོས་དུ་གནས་འདི་རུ་མི་གཏོགས་མེད་དོ།། ཞེས་སོ།།

གསུམ་པ། ཁོང་ཉིད་བུ་ལོན་གྱི་ཚབ་ཏུ་དབྲ་ཧོར་རུ་ཚང་ལ་སྦྱིན་དུས། མཉམ་དུ་འགྲོ་རོགས་དང་། སྐྱེལ་མ་མཛད་མཁན་མེད་པས། དེས་ན་ལྕང་མའི་ཡུལ་ག་ཞིག་ལག་ཏུ་འཛིན་བཞིན་དབྲ་ཡུལ་ཧོར་རུ་ཚང་ལ་འབྱོར། ཁོང་ཉིད་ཁྱིམ་ཚང་དེར་སླེབས་པ་དང་འཁར་དབྱུག་ལྕང་ཤིང་དེ་ཧོར་རུ་ཚང་གི་སྒོ་རའི་ནང་བཙུགས། ལོ་དུ་མའི་རྗེས་ལ་སྡོང་པོ་དེ་ཤིན་ཏུ་རྒྱས། ལྕང་སྡོང་ཆེན་པོ་དེ་ད་ལྟའང་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་མཇལ་རྒྱུ་ཡོད་དོ།།


  • ལེ་ཚན་སྔོན་མ།:ལི་ཐང་གཟིམ་ཁང་ཚང་གི་ལོ་རྒྱུས།
  • ལེ་ཚན་རྗེས་མ།:ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་བྱུང་བ་མདོར་བསྡུས།