འུར་རྡོའི་བྱུང་རབས།

    《རིག་གནས་ཀྱི་བརྡ་རྟགས》ཞེས་པ་ལས་དྲངས།    2018-11-22

   

འུར་རྡོའི་བྱུང་རབས།

    སྤྱིར་འུར་རྡོའི་རིང་ཚད་ལ་སྤྱི་ཁྲེ་གང་ཙམ་ཡོད་པ་དང་འུར་ཐག་གི་དཀྱིལ་དུ་རྡོ་བླུག་སའི་འུར་མཐིལ་ཡོད་ལ་འུར་རྡོའི་ཐག་སྣེ་གཅིག་ཏུ་འུར་ལྕེ་ཞེས་པའི་སྐུད་པ་ཕྲ་མོ་ཞིག་བསྒར་གྱི་ཡོད་པས་འུར་རྡོ་འཕེན་སྐབས་དེ་ནས་སྐད་སྒྲ་ཐོན་གྱི་ཡོད། འུར་རྡོའི་རྒྱུ་ཆ་ནི་སྤྱིར་ན་ལུག་གི་བལ་དང་། འབྲི་གཡག་གི་རྩིད་པ། ར་སྤུ་སོགས་ལས་བསླས་པ་ཞིག་ཡིན་པ་དང་དེ་སྔ་ཨ་ཀྲད་དེ་རྒྱུན་བུ་ལས་བཟོས་པའང་ཡོད་པར་གྲགས་རུང་དེང་སང་མཐོང་དཀོན་པོ་ཡོད།

འུར་རྡོའི་བྱུང་རབས།

 འུར་རྡོ་སླ་སྟངས་ཐད་བཅུ་དྲུག་དགུ་སྒྲིལ་དང་། ཟིལ་མ་སྒང་སླས། མིག་ཁ་སྦྱོར་སོགས་སྲོལ་རྒྱུན་གྱི་སླ་སྟངས་མི་འདྲ་བ་དྲུག་བདུན་ཡོད་པའི་ཐོག་རང་ཉིད་ཀྱི་དགའ་ཕྱོགས་ལ་གཞིགས་པའི་སླ་སྲོལ་ཡང་སྣ་ཚོགས་ཡོད་རུང་མིག་དགུ་ཅན་ཡོད་པར་འུར་རྡོ་ཆུ་མིག་དགུ་སྒྲིལ་ཟེར་ཞིང་། ཚོས་གཞི་ནི་སྤྱིར་ན་དཀར་ནག་གཉིས་ལས་གྲུབ་པ་ཞིག་ཡིན་རུང་བྱིས་པའི་རྩེད་ཆས་སོགས་ལ་ཚོན་རིས་སྣ་ཚོགས་ལྡན་པའང་མཐོང་རྒྱུ་ཡོད། འུར་རྡོ་འཕེན་སྐབས་ལག་གཡས་ཀྱིས་འུར་ལུང་དང་འུར་ལྕེ་གཉིས་ནས་བཟུང་བ་དང་ལག་གཡོན་མས་འུར་མཐིལ་དུ་སྤྱིར་ན་རྡོ་བྱ་སྒོང་ཙམ་པ་བླུག་རྗེས་ལག་གཡས་ཀྱིས་ཀླད་ལ་ཐེངས་ཁ་ཤས་བསྐོར་ཏེ་ཤུགས་ཚུད་རྗེས་འུར་ལྕེ་གློད་ནས་རྡོ་དེ་རྒྱང་ཐང་རིང་པའི་དམིགས་འབེན་ལ་ཕོག་པ་བྱེད་ཀྱི་ཡོད་ལ་སྐབས་རེ་རྡོ་མ་བླུག་པར་འུར་ལུང་ནས་འཇུས་ཏེ་འུར་རྡོ་སྟོང་རྒྱག་བྱས་རུང་འུར་ལྕེ་ནས་སྐད་ཐོན་གྱི་ཡོད་སྟབས་ལོ་ཏོག་ལ་འཚེ་མཁན་བྱ་བྱིའུ་སྲུང་བ་དང་ཕྱུགས་རྫི་བས་ཕྱུགས་ལ་གོ་བརྡ་སྤྲོད་བྱེད་དུ་བེད་སྤྱོད་གཏོང་གི་ཡོད་ལ་ཕྱུགས་རིགས་ཀྱིས་ཀྱང་རྫི་བོའི་བསམ་པ་རྟོགས་ཀྱི་ཡོད། འུར་རྡོའི་བྱེད་ལས་གཞན་འགའ་ཞིག་ཡོད་པ་ནི་ལ་ལས་འུར་རྡོ་སྒོ་དང་ཀ་བ་སོགས་ལ་བཀལ་ནས་སྲུང་བ་བྱེད་པ་དང་། ལ་ལས་གློ་རུ་བཏགས་ནས་མཛེས་རྒྱན་བྱེད་པ། དེ་མིན་ཆོས་ལུགས་ཀྱི་ཆོ་ག་འགའ་ཞིག་གི་རྫས་ཆར་ཡང་དགོས་ཀྱི་ཡོད།

འུར་རྡོའི་བྱུང་རབས།

    འུར་རྡོ་ནི་རྫི་བོའི་ལག་ཆ་དང་བྱིས་པའི་རྩེད་ཆས་ཙམ་མིན་པར་གདོད་མའི་དུས་ནས་བཟུང་བོད་མི་རྣམས་ཀྱིས་ལག་རྡོ་འཕེན་པ་དང་དབྱུག་པ་སྤྱོད་པའི་དུས་རབས་ཀྱི་གསར་གཏོད་ཞིག་ཡིན་ཞིང་། བོད་མི་རིགས་ཀྱིས་རྔོན་རྒྱག་པ་དང་། དགྲ་ལ་འགོག་རྒོལ་བྱེད་པ། ཇག་རྐུན་སྲུང་བ་བཅས་ཀྱི་གལ་ཆེའི་མཚོན་ཆ་ཞིག་ཡིན་པར་ར་སྤྲོད་བྱུང་བ་ལྟར་མཚོན་ཆའི་གྲས་སུ་འཇོག་གི་ཡོད་ལ་གླིང་སྒྲུང་ནང་གེ་སར་བྱུ་རུའི་དུས་སུ་འུར་ཁྲ་རིང་མས་ནམ་མཁའི་བྱ་ནག་གསུམ་བརྟུལ་བའི་སྐོར་འཁོད་ཡོད་ལ་ཕྱིས་ཀྱང་ཕྱོགས་བཞིའི་དགྲ་བོ་བཏུལ་སྐབས་འུར་རྡོ་ཕ་ཝང་སྟོང་ཆོད་དེ་ནམ་ཡང་དགྲ་ལྷའི་གོ་མཚོན་སྣ་དགུའི་གྲས་སུ་འཇོག་གི་ཡོད། ཉེ་རབས་ཀྱི་ལོ་རྒྱུས་ལ་དཔྱད་རུང་སྤྱི་ལོ1904ལོར་དབྱིན་ཇིས་བོད་ལ་བཙན་འཛུལ་བྱེད་སྐབས་བོད་རིགས་མི་དམངས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱེད་སྐབས་འུར་རྡོ་བཀོལ་ནས་ནུས་པ་ཆེན་པོ་ཐོན་པས། འཇམ་པོའི་བལ་ལས་བཟོས་པའི། འུར་རྡོ་ཆུ་མིག་དགུ་སྒྲིལ། ཆུ་མིག་གཞུང་ནས་བརྒྱབ་པས། དབྱིན་ཇིའི་སྣ་ལ་ཐེབས་སོང་། ཞེས་པའི་དམངས་གཞས་དེ་ཡང་བྱུང་བ་ཡིན།

འུར་རྡོའི་བྱུང་རབས།

     འུར་རྡོ་ནི་བོད་མི་རིགས་ཀྱི་གོ་མཚོན་གྱི་གྲས་ཤིག་དང་། སྲུང་བ་ཞིག་དང་མཛེས་ཆས་ཤིག  མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཅིག་བཅས་ཡིན་པ་གང་ཞིག་དར་ཡུན་རིང་བ་དང་ད་ལྟའང་སྤྱོད་བཞིན་ཡོད་པས་འུར་རྡོ་ནི་བོད་མི་རིགས་ཀྱི་འཚོ་བའི་མཁོ་ཆས་ཤིག་དང་ཐོན་སྐྱེད་ཡོ་བྱད་ཅིག་རེད་ཅེས་བཤད་ཀྱང་ཆོག་གོ།།


  • ལེ་ཚན་སྔོན་མ།:བོད་དུ་ཇ་དང་དཀར་ཡོལ་བྱུང་བའི་ལོ་རྒྱུས།
  • ལེ་ཚན་རྗེས་མ།:བོད་ཀྱི་རྒྱན་རིས་ཀྱི་ཁྱད་ཆོས་དང་མཚོན་དོན་སྐོར་ལ་རགས་ཙམ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།