མ་ཎི་བསྐུལ་བ་ཐར་པའི་ལམ་སྟོན།

        2018-09-14

   

མ་ཎི་བསྐུལ་བ་ཐར་པའི་ལམ་སྟོན།

   ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར།།རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན།།ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས།།སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར།།ཞལ་གཅིག་ཕྱག་གཉིས་རིན་ཆེན་རྒྱན་ཆ་གསོལ།།ཐུགས་ཀའི་ཧྲཱིཿལས་ཡི་གེ་དྲུག་མ་འཕྲོས།།འཕགས་པའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས།།ཡི་གེ་དྲུག་མའི་སྒྲ་ལ་གསོལ་བ་འདེབས།།ཞེས་རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པའི་སྐུར་གསལ་བའི་ངང་ནས་འདི་ལྟར་བརྗོད་པར་བྱ་སྟེ།

   ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་རི་བོ་པོ་ཏ་ལའི་ཞིང་ཁམས་སུ་གསལ་བའི་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་ཇོ་བོ་འཕགས་པ་སྤྱན་རས་གཟིགས་འགྲོ་འདུལ་གྱི་སྐུ་རེ་རེ།གསུང་རེ་རེ།ཐུགས་རེ་རེ་གྱུར་ཅིག།དམིགས་ཡུལ་འབྲེལ་ཐོགས་ཕོ་མོ་རྣམས་ཀྱིས་ཐོག་དྲངས་པའི་འབྱུང་བ་ས་སྒྲ།ཆུ་སྒྲ།མེ་སྒྲ།རླུང་སྒྲ་གྲགས་པ་ཐམས་ཅད་གསུང་མཆོག་ཡི་གེ་དྲུག་མའི་སྒྲ་འུ་རུ་རུ།གསུང་དི་རི་རི་གྲགས་པར་གྱུར་ཅིག།ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿམ་ཎི་བརྒྱ་རྩ་གཅིག་བགྲང་།

   ལྷ་གཅིག་རྒྱལ་བ་ཀུན་དངོས་སྤྱན་རས་གཟིགས།།སྔགས་གཅིག་སྙིང་པོ་ཀུན་འདུས་ཡི་གེ་དྲུག།ཆོས་གཅིག་བསྐྱེད་རྫོགས་ཀུན་འདུས་བྱང་ཆུབ་སེམས།།གཅིག་ཤེས་ཀུན་གྲོལ་ངང་ནས་ཡིག་དྲུག་བགྲང་།།ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿམ་ཎི་བརྒྱ་རྩ་གཅིག་བགྲང་།

   མ་ཎིའི་ཕན་ཡོན་དེ་བགྲང་མི་ནུས།།མ་ཎི་ཆོས་ཀྱི་སྡོང་པོ་ཡིན།།ༀ་དཀར་པོ་ལྷ་ཡི་ཡུལ་དུ་བཞུགས།།མ་ལྗང་གུ་ལྷ་མིན་ཡུལ་དུ་བཞུགས།།ཎི་སེར་པོ་མི་ཡི་ཡུལ་ལ་བཞུགས།།པད་མཐིང་ག་བྱོལ་སོང་ཡུལ་དུ་བཞུགས།།མེ་དམར་པོ་ཡི་དྭགས་ཡུལ་དུ་བཞུགས།།ཧཱུྃ་མཐིང་ནག་དེ་དམྱལ་བའི་གནས་སུ་བཞུགས།།ཧྲཱིཿདཀར་པོ་བར་དོའི་ཡུལ་ལ་བཞུགས།།རིགས་དྲུག་དེ་དཀར་པོའི་ཆོས་ལ་འགྱུར་བར་ཤོག།ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿམ་ཎི་བརྒྱ་རྩ་གཅིག་བགྲང་།

   ངས་མ་ཎི་ལན་གསུམ་བསྔོ་བ་འདི།།གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་མར་ཞབས་ནས།།ས་པདྨ་འདབ་བརྒྱད་ཀྱི་ཡང་སྟེང་ནས།།སྤྱིར་བསྔོ་བ་འགྲོ་བ་རིགས་དྲུག་བསྔོ།།སྒོས་དྲིན་ཆེན་ཕ་མ་གཉིས་ལ་བསྔོ།།ལུས་ཤ་ཁྲག་བྱིན་པའི་སེམས་ཅན་བསྔོ།།དཀར་ཞོ་འོ་འཐུང་བའི་མ་འབྲི་བསྔོ།།རྒྱབ་པགས་ཤུན་གྱོན་པའི་བེའུ་ལུག་བསྔོ།།བཞོན་ཁལ་འགེལ་བྱས་པའི་ཁལ་རྟ་བསྔོ།།བསྔོ་དགོས་པ་ཡིད་ལ་གང་ཡོད་བསྔོ།།ཤི་བར་དོའི་སེམས་ཅན་ཐམས་ཅད་ལ།།བསྔོ་བ་བཞིན་དུ་ཐོབ་པར་ཤོག།ནུབ་བདེ་བ་ཅན་ལ་སྐྱེ་བར་ཤོག།ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿམ་ཎི་བརྒྱ་རྩ་གཅིག་བགྲང་།

ཁ་ཕོར་པ་གཅིག་པའི་ཚེ་འདས་བསྔོ།གོས་གོང་བ་གཅིག་པའི་ཚེ་འདས་བསྔོ།ལམ་རྡོག་སྣེ་གཅིག་པའི་ཚེ་འདས་བསྔོ།གྲྭ་རོགས་གྲོགས་མཆེད་ཤི་བའི་ཚེ་འདས་བསྔོ།མིང་སྲིང་མཐུན་པོ་ཤི་བའི་ཚེ་འདས་བསྔོ།རྒྱུ་བཟང་འབྲེལ་དང་ངན་འབྲེལ་ཡོད་ཚད་བསྔོ།ཟས་བཟང་འབྲེལ་དང་ངན་འབྲེལ་གང་ཡོད་བསྔོ།གཏམ་བཟང་འབྲེལ་དང་ངན་འབྲེལ་གང་ཡོད་བསྔོ།རྒྱུ་འབྱོར་པ་སྦྱིན་པའི་བདག་པོ་བསྔོ།རྒྱུ་འབྱོར་པ་སྦྱིན་པའི་བདག་མོ་བསྔོ།ཟས་བཟང་པོ་སྦྱིན་པའི་བདག་པོ་བསྔོ།ཟས་བཟང་པོ་སྦྱིན་པའི་བདག་མོ་བསྔོ།གོས་བཟང་པོ་སྦྱིན་པའི་བདག་པོ་བསྔོ།གོས་བཟང་པོ་སྦྱིན་པའི་བདག་མོ་བསྔོ།སྦྱིན་བདག་ཕོ་མོ་ཕ་མ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དགེ་རྩ་རྒྱ་ཆེན་པོ་འདི་བསྔོའོ།།ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿམ་ཎི་བརྒྱ་རྩ་གཅིག་བགྲང་།

   འགྲོ་བ་མ་རྒན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལུས་བྱིན་པའི་དྲིན་ཆེན་ཕ་མ།ཆོས་གདམས་ངག་བྱིན་པའི་རྡོ་རྗེ་སློབ་དཔོན།རྒྱུ་ཟས་ནོར་སྦྱིན་པའི་ཡོན་བདག་ཕོ་མོ།ཕོ་སྐར་རྫོགས་གསུམ།དགུང་ཞག་བདུན་ཚིགས།ཚེ་འདས་ཀྱི་མིང་ཐོས་ཚད།འཕོ་ལུང་སྐྱབས་འཇུག་ཞུས་ཚད།ལས་དཀར་ནག་གི་འབྲེལ་པ་ཡོད་ཚད།ནུ་ཞོ་འཐུང་ཚད།ཤ་ཁྲག་ཟོས་ཚད།པགས་གོས་གྱོན་ཚད།འོག་རྟ་མ་འབྲི།རྒྱུ་ཁ་ལག་གི་འབྲེལ་པ་ཡོད་ཚད།ཤི་གསོན་རེ་བ་བཅས་ཚད་ཀྱི་དོན་དུ་དགེ་བའི་རྩ་བ་རྒྱ་ཆེན་པོ་འདི་ལ་བརྟེན་ནས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རང་རིག་པའི་ཡེ་ཤེས་ལ་རང་དབང་ཐོབ་པར་གྱུར་ཅིག།སྣང་བ་རྒྱས་ཐེབ་པར་གྱུར་ཅིག།མཚན་མ་རང་སར་གྲོལ་བར་གྱུར་ཅིག།ཆོས་སྐུ་གཏན་སྲིད་ཟིན་པར་གྱུར་ཅིག།ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿམ་ཎི་བརྒྱ་རྩ་གཅིག་བགྲང་།

   ད་འཁྲུལ་སྣང་ཟེར་བ་རང་སྣང་རང་ཤི་འདི།།རང་སྣང་བ་ཡིན་པར་ངོ་ཤེས་ཤོག།བར་དོ་འཇིགས་སྐྲག་འཁྲུལ་པའི་སྣང་བ་ནི།།སྐད་ཅིག་སྣང་ཡང་སྐད་ཅིག་སྟོང་པ་ཉིད།།གཤིན་ལ་ཁྲ་བོའི་ལ་ནས་གསོལ་འདེབས་བྱེད།།ཁྱོད་རྣམས་ཡར་ལ་ལྟོས་དང་ནམ་མཁའི་དབྱིངས།།ང་ཡི་བླ་མ་པདྨ་འབྱུང་གནས་བཞུགས།།ཐམས་ཅད་ཡེ་ཤེས་འོད་ལྔའི་གུར་ཁང་ན།།ཆོས་ཀྱི་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀཿཡི་དམ་ལྷ་ཡི་སྐུ་སྣང་དེ་རིང་ཡིན།།དམྱལ་བ་ལོངས་སྐུའི་ཞིང་དུ་འགྱུར་བར་ཤོག།སྒྱུ་ལུས་ཤ་ཁྲག་མེད་དེ་ནམ་མཁའི་ལུས།།ནམ་མཁའི་ལུས་ལ་གཅད་གཏུབ་ག་ལ་ཡོད།།གཤིན་རྗེའི་ལས་མཁན་མེད་དེ་རང་རྩལ་ལྷ།།རང་ངོ་ཤེས་ན་གཞན་ནས་གྲུབ་མ་མྱོང་།།སྟོང་ཆེན་ཀ་དག་ཆོས་སྐུའི་སྤྱོད་ཡུལ་ཉིད།།འཕོ་མེད་རྫོགས་པ་ཆེན་པོ་སྐད་ཅིག་མ།།ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས།།ཕཊ།ཞེས་དང་།ཀུན་བཟང་རྡོ་རྗེ་འཆང་ཆེན་མན་ཆད་ནས།།དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་ཀྱིས།།འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ།།དེ་དག་ཐམས་ཅད་བདག་གཞན་མྱུར་འགྲུབ་ཤོག།ཅེས་བརྗོད་པར་བྱའོ།།ཞེས་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ཆུ་འབྲུག་ཁྲུམས་ཟླའི་ཚེས་ཉེར་གསུམ་ལ་བསྡུས་པ་དགེ།།


  • ལེ་ཚན་སྔོན་མ།:བོད་གངས་ཅན་གྱི་ལྗོངས་སུ་བྱུང་བའི་གྲུབ་མཐའི་འབྱུང་ཁུངས་མདོ་ཙམ་བརྗོད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10