ལོ་རྒྱུས་ཀྱི་གསང་བ་རུམ་པའི་བྲག་ཡེར་པ།

ཁྱུང་གཤོག        2018-06-04

ལོ་རྒྱུས་ཀྱི་གསང་བ་རུམ་པའི་བྲག་ཡེར་པ།

  དཔྱིད་ཀྱི་རང་མདངས་འཁྱུག་པའི་སྐྱིད་ཤོད་ཐང་གི་ཁོ་ར་ཁོར་ཡུག་ནི་མདང་དགོང་བབས་པའི་རབ་དཀར་ཁ་བའི་ཀློང་ན་དཀར་སིང་ངེར་འདུག་ལ། རབ་གསལ་ཉི་འོད་ཀྱི་ཚ་གདུག་ལས་དཔྱིད་ཀྱི་དྲི་བསུང་ཡང་ཕྱོགས་སུ་མཆེད་ཀྱིན་འདུག ང་དང་གྲོགས་པོ་འགའ་རླངས་འཁོར་ལ་བསྡད་ནས་སྐྱིད་ཆུའི་བཞུར་རྒྱུན་དེད་ཅིང་རྔ་ཆེན་ལ་རི་རྒྱུད་ཀྱི་རྔམ་བརྗིད་ལ་ཅེར་བཞིན་བྲག་ཡེར་པར་བསྐྱོད་པ་ཡིན།

  ལམ་སྐེད་དུ། གྲོགས་པོ་ཚོས་བྲག་ཡེར་པའི་སྐོར་གྱི་ལོ་རྒྱུས་དང་འབྲེལ་བའི་ངག་རྒྱུན་དག་གླེང་བཞིན་འདུག་པར། ངའི་དྲན་འཛིན་གྱི་ཡོལ་བའི་ངོས་སུ་དམངས་ཁྲོད་དུ་གྲགས་ཆེ་བའི་སྐད་ཆ་ཞིག་སྟེ། “བོད་ཀྱི་གནས་ཕུད་ལྷ་ས།། ལྷ་སའི་གནས་ཕུད་ཡེར་པ།། ལྷ་སར་ཡེར་པ་མེད་ན།། གོས་ལ་གོང་བ་མེད་འདྲ།།”ཞེས་པ་ཝ་ལེར་དྲན་ཞིང་། ལོ་རྒྱུས་ཀྱི་ཆུ་ཀློང་ན་རྩེན་པའི་གནས་རི་འདི་ལ་དུས་ད་ལྟའི་བར་དུ་ལོ་རྒྱུས་ཉམས་ཞིབ་པ་སུས་ཀྱང་བརྟོལ་མ་ནུས་པའི་ལོ་རྒྱུས་ཀྱི་གསང་བ་ཞིག་སྦས་འདུག་སྙམ་པའི་དོགས་པ་ཞིག་གི་སྐུད་སྣེ་མདུན་གྱི་ལམ་བུར་སྦྲེལ་བཞིན་ལུང་སྟོད་ན་ཁ་བ་དང་ལྷིང་འཇགས་མནབས་ནས་ཞི་གནས་ཏིང་འཛིན་གྱི་རྒྱུན་ཐག་ཆད་མ་མྱོང་བའི་དབེན་གནས་དེ་ལ་དམིགས་ནས་སོང་། ཀྱག་ཀྱོག་གི་ལམ་བུ་མང་དུ་བརྒྱུད་མཐར་ང་ཚོ་གཞི་ནས་དགོན་འདབས་སུ་སླེབས་ཤིང་ཚང་མའི་གོམ་ཁ་ཡང་མ་བགྲོས་གཅིག་མཐུན་གྱིས་གཡང་གཟར་གྱི་བྲག་ངོས་ན་ཆགས་པའི་བྲག་ཕུག་དག་གི་ཕྱོགས་སུ་སྐྱོད་འགོ་བརྩམས།

  ལམ་འགྲམ་དུ་འཛིངས་ནས་སྐྱེས་པའི་ཚེར་ཤིང་དག་ལ་གསོན་ཤུགས་རྒྱས་བཞིན་འདུག་ལ་སྟོད་ཀྱི་བྲག་རིའི་ཁམས་ན་བྱ་རྒོད་པོ་རེ་ཟུང་ལྡིང་སྐོར་རྒྱག་བཞིན་འདུག དུས་དེར་ངའི་སེམས་ལ་“གཡང་གཟར་པོ་དར་གྱི་ན་བཟའ་ཅན།། བྱ་རྒོད་པོའི་ཕ་ས་བྲག་ཡེར་པ།། མ་ལྷ་གཅིག་རྗེ་བཙུན་སྒྲོལ་མ་དེ།། ཞབས་གཡས་བརྐྱངས་གཡོན་བསྐུམས་བཞུགས་པ་འདྲའི།། རི་མཐོན་པོའི་པང་དུ་བུ་བཞིན་གཅེས།། གནས་བཟང་པོ་ཡེར་པ་རི་ཁྲོད་ཆགས།།”ཞེས་པའི་ལུང་བསྟན་དང་འདྲ་བའི་བདེན་གཏམ་ཟོལ་མེད་ཀྱི་ཚིག་འདིས་སྣེ་དྲངས་ནས་གནས་འདིའི་མིང་གི་ཐོགས་ཚུལ་ལ་མགོ་བོ་རྨོངས་པས་མྱུར་མོར་ཁ་པར་ནང་གི་ཡོངས་འཛིན་དྲྭ་ཚིགས་ལ་དོགས་གཞི་གཅོད་དུ་བཅུག་པས། མ་གཞིར་བྲག་ཡེར་པ་ཞེས་པའི་མིང་གི་བྱུང་ཚུལ་ཐད་ལ་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་དར་མ་འུ་དུམ་བཙན་བཀྲོངས་རྗེས་བློན་པོ་འཁོར་ཚོགས་ཀྱིས་རྗེས་འདེད་བྱས་པས་ཁོ་རང་ལ་སྟེང་དེར་སླེབས་སྐབས་དངངས་སྐྲག་གིས་དྲན་པ་ཐོར་བ་ལས་གསོས་པས་དྲན་གསོས་པ་ཞེས་ཐོགས་ལ། ཡེར་པ་ནི་ལུང་པ་ཁ་ཡེར་ཡིན་པས་ཡེར་པ་དང་ཡེར་པ་རྒོད་ཀྱི་རྒོད་ཚང་ཞེས་གསུངས་ཚུལ་མི་འདྲ་བ་འདུག

  དབེན་གནས་འདིར་སླེབས་མཁན་དང་གླེང་མཁན་སུ་ཞིག་ཡིན་རུང་ཡིད་ཀྱི་གས་སྲུབས་ལས་མདའ་གཞུ་འཁུར་ཞིང་རྟ་དཀར་པོར་སོལ་བ་ནག་པོ་བྱུགས་ཤིང་སྐྱིད་ཆུའི་བཞུར་རྒྱུན་དེད་ནས་ལྐོག་ཏུ་ལྷ་སར་འོང་པའི་ལོ་རྒྱུས་ཀྱི་མི་སྣ་ཞིག་བརྗེད་མི་སྲིད། དཔའ་རྒོད་དེའི་མཐེབ་ལྟོང་ལ་སྦྱར་ནས་འཕང་པའི་མདའ་མོ་གཅིག་གི་གསིར་སྒྲ་ཕོ་བྲང་གི་མཁའ་དབྱིངས་ལས་ཕྱོགས་སུ་མཆེད་པས། དཔའ་བོ་དེ་དཀར་ནག་གི་མཐའ་གཉིས་སུ་གླེང་བཞིན་དུས་ད་ལྟའི་བར་དུ་སླེབས་ཡོད་ཚོད་གདའ། ང་ཚོས་ལོ་རྒྱུས་ཀྱི་མེ་རོ་ལས་བདེན་དོན་གྱི་དྲོད་ཐིག་ལ་རེག་ནས་འདས་སོང་གི་ལོ་རྒྱུས་ལ་བསྐྱར་དུ་ངོས་འཛིན་ནམ་གདེང་འཇོག་རེ་བྱེད་དགོས་འདུག་ལ། མཐའ་གཉིས་སུ་མ་ལྷུང་པའི་དྲང་བདེན་གྱི་སྐྱ་ཐིག་རེ་ཡང་གདབ་ཐུབ་དགོས་ཨང་། ད་ལྟ་ལོ་རྒྱུས་ཀྱི་གླེགས་བམ་རེ་རེ་ཉུལ་ནས་སྔོན་བྱུང་གི་རྒྱལ་རབས་རེ་རེ་ལ་ཕྱིར་མིག་གློད་དུས། ལྷ་ལུང་དཔལ་རྡོར་ནི་ཆུང་དུས་ནས་རབ་བྱུང་གི་ངུར་སྨིག་གསོལ་མ་མྱོང་བའི་སོ་མཚམས་སུ་དམག་དཔོན་གྱི་གོ་གནས་ཁུར་བ་མཚན་ལ་སྟག་ཉ་བཟང(ཡིག་ཚང་ལས་སྟག་ཉག་བཟང་ཞེས་ཀྱང་འབྱུང་།)དུ་འབོད་ཅིང་ལྷ་ལུང་ཞེས་གྲགས་པའི་ཁྱིམ་རྒྱུད་རྙིང་བ་དབང་ཐང་ཅན་ཞིག་གི་གདུང་རྒྱུད་ཡིན་ལ། མཚན་གྱི་ཐོག་མར་སྟག་ཅེས་འབོད་པ་དཔའ་བོ་སྟག་གིས་བསྟད་མྱོང་བའི་དཔའ་མཛངས་གཉིས་ལྡན་གྱི་མི་སྣ་ཞིག་ཡིན་པ་གསལ། ཡིན་ཡང་ཆོས་ལུགས་དང་རིག་གནས་ཀྱི་རྒྱབ་རྩ་མཐུག་པའི་ཁོ་རང“ལན་གཅིག་གོ་ཆ་ཕུད་པའི་རྨོག་གི་ནང་ན་ཏོག་གི་གཟུངས་བཞུགས་པ་བཀླགས་པས། བྲ་ཉེ་ལ་ནི་གང་སྐྱེས་པ།། རྐང་མཐིལ་རྨེ་བ་དམར་པོ་ཅན།། ཤི་ནས་དམྱལ་བར་སྐྱེས་བར་འགྱུར།། ཟེར་བར་མཐོང་། རྐང་མཐིལ་བལྟས་པས་རྨེ་བ་དམར་པོ་ཞིག་འདུག་པ་ཀློག་མཁན་ལ་ཀློག་ཏུ་བཅུག་པས་ཀྱང་དེ་བཞིན་འདུག་ཟེར། དེར་ཡབ་མཆེད་གཉིས་ཁོང་རང་སྤུན་གསུམ་དང་བཅས་པ་བསམ་ཡས་སུ་པཎྚིཏ་བཞུགས་སའི་རྩར་ཕྱིན། བི་མ་ལ་མི་ཏྲ་ལས་རབ་ཏུ་བྱུང་།”ཞེས《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་བྱུང་བ་ལྟར་ཁོས་རང་ལུས་ཀྱི་མཚན་མ་གང་དེར་རྐྱེན་བྱས་ནས་དགེ་སྒྲུབ་སྡིག་སྤོང་གི་ཕྱོགས་ལ་གོམ་ཁ་བསྒྱུར། ཡང་གཅིག་བཤད་ན་དམག་སྲིད་ཀྱི་དབང་ཐང་ཆེ་བའི་ཁྱིམ་རྒྱུད་ཅིག་ལ་མཚོན་ན། ཆོས་རྒྱ་ཆེར་དར་བའི་དུས་སུ་བཙན་པོའི་དགོངས་དོན་ལྟར་རབ་ཏུ་བྱུང་ན་དེ་ནི་སྲི་ཞུ་སྒྲུབ་པའི་ཐབས་དམ་པ་ཞིག་ཅི་ལ་མིན། དེ་ལྟར་ཁོ་རང་རབ་ཏུ་བྱུང་རྗེས་གྲིབ་ཀྱི་དཀར་མོ་རོང་ཞེས་པར་སྒོམ་སྒྲུབ་བྱས་ནས་བཞུགས་ལ་རྗེས་སུ་བྲག་ཡེར་པ་རུ་ཕེབས་སྐད། དེ་རིང་ང་དབེན་གནས་འདིའི་པང་བར་བསྡད་དེ《ཆོས་འབྱུང་མཁས་པའི་དགའ་སྟོན》ནང“ཡེར་བ་མ་ཞིག་བར་དུ་ལྷ་སའི་འདུན་མ་ཞིག་དོགས་མེད”དང“ལྷ་ས་བོད་ཀྱི་སྲོག་ཤིང་ཡིན།། ལྷ་སའི་སྲོག་ཤིང་ཡེར་པ་ཡིན།།”ཞེས་པའི་གནད་དེར་ཡང་ཡང་བསམ་གཞིགས་བྱས་ཤིང་ཁ་རྔོག་ལྡེམ་ལྡེམ་གྱི་རྟ་ཕོ་ཞིག་གིས་འཚེར་སྐད་ལྷང་ལྷང་ངང་རྨིག་བཞིའི་གོམ་ཁ་མདོ་སྨད་ཕྱོགས་སུ་བསྐྱོད་པ་ནས་བོད་བཙན་པོའི་རྒྱལ་རབས་ཀྱི་ཕྲེང་ཐག་དུམ་སེར་ཆད་ཅིང་དབུས་ཀྱི་དམག་དུང་གི་སྒྲ་དབྱངས་རིང་མོ་གདང་ལ་རི་བོའི་ཟོམ་ནས་འགགས་པས། སོ་མཚམས་ན་ལུས་པའི་དཔའ་རྒོད་སྣང་མཐོ་དེ་ཚོ་ཡུན་གྱིས་ཁེར་རྐྱང་གི་ལྷིང་འཇགས་རུམ་པར་གོམས་ཤིང་བཙན་རྫོང་གི་དར་ལྕེ་ཕྲ་མོའང་བྱང་རླུང་གིས་བརྡེགས་པས་ཟུངས་ཟད་པའི་དར་ཤིང་ཁོ་ན་གནས་དེའི་ཆེས་མཐའ་མཇུག་གི་སོ་སྲུང་པར་གྱུར་པའི་འདས་དོན་རིང་མོ་ཞིག་གི་རབ་ཁ་ནས་ལུས་ཤིང་། ལན་གཅིག་གོ་ཆ་ཕུད་པའི་རྐྱེན་དེས་བསྐྱེད་པའི་གནོང་འགྱོད་འཁྱག་སིབ་སིབ་ཅིག་གིས་སེམས་ཀྱི་གཏིང་ནས་རྩ་ལམ་རེ་རེར་ཁྱབ་ནས་སོང་།

  ཡང《བྲག་ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ》ལས། “གནས་འདི་དང་པོ་བྱ་རྒྱལ་རྒོད་ཀྱི་ཚང་།། བར་དུ་ཚོང་འདུས་ཧོར་གྱི་ཡུལ།། མཐའ་མར་མཁས་བཙུན་བྱོན་པའི་ས།།”ཞེས་པ་ལྟར་ལྷ་ལུང་དཔལ་རྡོར་ཡེར་བར་བྱོན་རྗེས་སྒོམ་སྒྲུབ་གཙོར་མ་བཟུང་པར་དེར་བཞུགས་ཀྱི་གྲུབ་ཐོབ་པ་དང་འབངས་རྣམས་ལ་ཞབས་ཏོག་བྱས། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཡུལ་ལུང་འདིར་ཆོས་དཔལ་རིག་གསུམ་གྱི་ཡོ་ལང་ངང་གིས་རྒྱས་མྱོང་བ་སོགས་ལ་ག་ལེར་བསམ་བཞིན་བསམ་བཞིན་བྲག་ཕུག་རེ་རེར་མཇལ་ནས་ཕྱི་རུ་ཐོན། ཡིན་ཡང་སེམས་ཀྱི་གཏིང་རིམ་ན་སྟོང་ཆ་ཞིག་ལུས་འདུག་པ་ནི། ལོ་རྒྱུས་ཀྱི་གསང་གནས་བརྟོལ་བར་ངེས་པར་མཁོ་བ་ཕལ་ཆེར་སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སངས་རྒྱས་ཆོས་ལུགས་རྒྱ་ཆེར་སྤེལ་བའི་རིང(སྤྱི་ལོ༧༦༧ནས་སྤྱི་ལོ༧༩༧ལོའི་བར་གང་རུང་ཞིག)བླུགས་པར་མངོན་པའི་བྲག་ཡེར་པའི་དྲིལ་བུའི་འབུལ་བྱང་སྨོན་ཚིག་དེ་ཡིན་ལ་ལོ་རྒྱུས་ཀྱི་གོད་ཆག་ལས་ད་ལྟ་ཐལ་རྡུལ་དུ་གྱུར་ཟིན་པ་འདི་ལ་ཇི་འདྲའི་འཕང་སེམས་སྐྱེས་དགོས་པ་ཞིག་རེད་ཨང་། འདི་ལྟར་འདང་རྒྱག་གི་རབ་ངོགས་སུ་ཁ་ཕྱིར་འཁོར་ནས་བཙན་པོའི་དུས་ཀྱི་སྒྱུ་འཕྲུལ་ལྟ་བུའི་མཛད་པ་རེ་རེས་མཐོ་སྒང་གི་རི་ཟོམ་རེ་རེ་ཞབས་འོག་ཏུ་མནན་ནས། ཁྱད་དུ་འཕགས་པའི་སྲིད་ལུགས་དང་འགྲན་ཟླ་བྲལ་བའི་དྲག་དཔུང་ལ་བརྟེན་ནས་མཐའ་བཞིའི་རྒྱལ་ཁབ་དག་གིས་སྤུ་རྒྱལ་བཙན་པོར་སྐྱབས་བཅོལ་ནས་བཀའ་ལུང་ལེན་ཞིང་གླིང་ཆེན་ཨེ་ཤ་ཡའི་སུམ་ཉིས་ས་ལ་རྟ་དམག་ཁྲི་ཕྲག་གི་རྨུག་རྗེས་བཙུགས་པས་སྤུ་རྒྱལ་ལས་ཆབ་སྲིད་ཆེ་ཞིང་དབུ་རྨོག་བཙན་པ། བཀའ་ལུང་གཉན་པ་ཞིག་མ་བྱུང་བར་གྲགས་པ་ཆེ་བསྟོད་མིན་པའི་དངོས་བྱུང་གི་བདེན་སྟོབས་འདི་དག་སེམས་སུ་དྲན་ན་སྐྱོ་སེམས་ཀྱི་རླུང་བུ་དེའང་རིམ་གྱིས་འཇགས་འགྲོ་བའི་ཉམས་སྣང་སྐྱེས།

  དབེན་པའི་རི་ཁྲོད་འདིར་སྔོན་བྱོན་གྲུབ་ཐོབ་པ་མང་པོས་ཞབས་ཟུང་བསྒྱུར་མྱོང་བ་ནི། སློབ་དཔོན་པདྨ་འབྱུང་གནས་ཡུལ་འདིར་ཕེབས་ནས་ཡེར་པ་ལྷ་རི་ནི་བདེ་མཆོག་གི་ཕོ་བྲང་དུ་གཟིགས་མྱོང་ལ། དབེན་གནས་འདི་ནི་གནས་ཁྱད་འཕགས་གསུམ(གཞན་གཉིས་ནི་ཡར་ལུང་ཤེལ་བྲག་དང་བསམ་ཡས་མཆིམས་ཕུ།)གྱི་ནང་གི་གཅིག་ཡིན་པ་སོགས་ཀྱི་བཤད་རྒྱུན་མང་། ཟ་ཧོར་གྱི་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ནས་རྗེས་སོར་བོད་དུ་ལོ་ངོ་བཅུ་བདུན་རིང་བསྟན་པ་དག་ཐེར་དང་སྒྲུབ་པ་ཉམས་ལེན་བྱས་མྱོང་བའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡང་གནས་འདིར་ཕེབས་ནས་བཀའ་གདམས་ཕ་ཆོས་ལྷ་རིའི་མགོ་ནས་གསུངས། བུ་ཆོས་རྟེན་འབྲེལ་སྒྲུབ་ཁང་དང་བྱམས་ཁང་སོགས་ནས་གསུངས་པས་བཀའ་གདམས་པའི་གྲུབ་མཐའི་མེ་ལྕེ་ཡང་རིམ་གྱིས་ཕྱོགས་སུ་མཆེད་མགོ་བརྩམས། དེ་བཞིན་དུ་ཇོ་བོ་རྗེ་ཁོང་ཚང་ཐོག་མར་བྲག་ཡེར་པར་བྱོན་སྐབས་གནས་འདིའི་ས་དབྱིབས་ཆགས་ཚུལ་ནི་རྗེ་བཙུན་སྒྲོལ་མ་ཞབས་ཟུང་གཡས་བརྐྱངས་གཡོན་བསྐུམས་གྱི་རྣམ་པར་བཞུགས་ཡོད་པར་གསུངས་མྱོང་ལ། གཞན་ཆོས་རྒྱལ་སྒྲུབ་ཕུག ལྷ་ལུང་སྒྲུབ་ཕུག་དང་དེའི་ནང་དུ་གུ་རུ་རིན་པོ་ཆེའི་པདྨ་ཕུག་ཡོད། དེ་བཞིན་དུ་ཟླ་བ་ཕུག ཚེས་བཅུ་ཕུག ཇོ་ནང་ཀུན་མཁྱེན་ཕུག་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་མང་པོས་བྱིན་རླབས་གནང་ཡོད་པའི་གནས་བྱིན་ཅན་བགྲང་ལས་འདས་སོ།། གནས་འདིའི་གཡོན་ཕྱོགས་ཀྱི་རི་ཐོད་དེར་ལོ་རྒྱུས་ཀྱི་ཆགས་འཇིག་གདོང་ལ་བྲིས་པའི་མཆོད་རྟེན་ཞིག་འདུག་ལ། དེ་རུ་བཞུགས་ཡོད་པའི་བྱ་བྲལ་བ་བགྲེས་པོ་ཞིག་གིས་གསུང་པ་ལྟར་ན་མཆོད་རྟེན་དེ་ནི་ལོ་རྒྱུས་ཧ་ཅང་རིང་པོ་འདུག་པར་མིང་གི་ལྷག་མར་བྱེད་པའི་བསྐལ་པའི་རླུང་དམར་ཅན་རིག་གསར་གྱིས་ད་ལྟ་གཟུངས་འཇུག་ཀྱང་ཕྱི་རུ་ཐོན་ཡོད་ལ། ཡེར་པ་ལྷ་རིའི་སྐེད་དུ་བཞེངས་པའི་སྒྲོལ་མའི་ལྷ་ཁང་དེའང་ད་ལྟ་ཞིག་རུལ་དུ་སོང་ནས་མཁར་ཆག་ཙམ་ལས་ཅི་ཡང་མི་འདུག་ཅེས་སྐྱོ་ཉམས་དང་བཅས་ཕྱག་མཛུབ་ཀེར་ནས་ང་ཚོར་བསྟན་བྱུང་། ངས་ཀྱང་ཁོང་གི་སྐྱོ་ཉམས་ལ་བརྒྱུས་པའི་ཚིག་གི་དབྱངས་འགྲོས་ལས་སྲོག་ཤིང་སྟེང་བྲིས་པའི་གསལ་ལ་མི་གསལ་ཡི་གེ་དག་མཐོང་བྱུང་བར། རང་རེའི་མེས་པོ་དག་གིས་ས་མཐོ་ཡུལ་བཙན་གྱི་གནས་དག་ཏུ་ཆོས་འཆད་ཉན་དང་ཐུགས་དམ་གྱི་རྟེན་མང་པོ་བཞེངས་པ་ནི། མ་འོངས་ཕྱི་རབས་པ་དག་ལ་ས་ཁྱོན་དང་གཞིས་ཁྱིམ་གྱི་གནས་ས་གང་ཡོད་བདེན་པ་ར་སྤྲོད་དང་དེ་དག་ལ་འཐིམ་པའི་མི་རིགས་ཀྱི་སྙིང་སྟོབས་དང་རིག་གནས་ཀྱི་དྲན་པ་འཚོལ་བྱེད་དུ་གནང་བའི་དུས་ཀྱི་བགོ་སྐལ་ཞིག་ཏུ་འདོད་བཞིན་ཁོང་གི་གཏམ་ལ་ཡ་ལན་སྤྲོད་བཞིན་ཡེར་པ་ལྷ་རིའི་པང་དུ་མར་བབས།།

  ལོ་རྒྱུས་ཀྱི་ཤོག་ལྷེ་འདི་དག་རེ་རེ་བཞིན་ཉུལ་ནས་ཕྱིར་རླངས་འཁོར་ནང་འབུད་དུས། ཁ་བའི་དྭངས་གཙང་གིས་བྱབས་ཁྲུས་ལན་གཅིག་མཛད་ཀྱང་རབ་རུབ་མག་མོག་ཅིག་གིས་གནས་འདིའི་ཕྱི་ནང་སྔར་བཞིན་བསྒྲིབས་འདུག ཆོས་སྲིད་གཉིས་ཀྱི་རྟེན་གཞིར་གྱུར་མྱོང་བའི་གནས་ལ་སླར་ཡང་ཕྱིར་མིག་གློད་དུས། བྲག་ཡེར་པ་ནི་སྔར་བཞིན་ང་དང་རྒྱུས་མེད་ཀྱི་གྲིབ་གཟུགས་ཤིག་དང་འདྲ་ལ། ཡང་ཆེས་རྒྱུས་ཡོད་ཀྱི་ནང་མི་ཞིག་གི་ཚུལ་དུ་ངས་ཁ་གཏད་དུ་འགྲེངས་ནས་འདུག མཐའ་མི་ངོམ་པའི་རབ་དཀར་ཁ་བས་གཡོགས་པའི་འཇིག་རྟེན་འདིའི་ཁུགས་སོ་ནས། ལན་གཅིག་མཛུབ་མོ་གནམ་ལ་ཀེར་བས་གཉའ་ཁྲི་བཙན་པོར་མཚན་གསོལ་བའི་མི་བུ་ཞིག་གནམ་རིམ་པ་དགུའི་ཡང་སྟེང་ནས་མགོ་ནག་མིའི་རྗེ་བོར་བྱོན་པར་རི་རབ་ལྷུན་པོ་ཡང་རྒུ་དུད་དུད། ཤིང་སྡོང་པོ་ཡང་བང་ཐང་ཐང་། ཆབ་ལུ་མ་ཡང་སྔོ་སིལ་སིལ། གོར་ཕ་བོང་ལ་སོགས་པ་ཡང་མཉེད་ཁྲུང་ཁྲུང་གི་བསུ་མ་བྱས་ཤིང་། དུས་དེ་ནས་བཟུང་བོད་མི་ཀུན་གྱིས་མགོ་བོ་མཐོན་པོ་ཡར་ལ་བཏེགས་ནས་ཨ་སྔོན་དགུང་དུ་བ་དན་ལྟར་གཡོ་ཞིང་མཆེད་པའི་སྤྲིན་དཀར་པོར་གུས་འདུད་བྱས་ཤིང་སྨོན་ལམ་གྱི་སྙིམ་པ་བྲང་སྟོད་ལ་ཡང་ཡང་སྦྱར། དེ་ལས་མཆེད་པའི་མཛེས་སྡུག་གི་དག་ཞིང་ལ་ཞེན་ཆགས་ཟབ་མོ་དང་དུང་བ་དྭངས་མོ་བཅོལ་ནས་གནས་དེར་སླེབས་ཐུབ་པའི་སྨོན་པ་དང་བརྩོན་སེམས་དུས་ཀྱི་བསྐལ་བའི་བར་ཆད་མ་མྱོང་ལ། གནམ་གྱི་ནི་དབུས། ས་ཡི་ནི་དཀྱིལ། གླིང་གི་ནི་སྙིང་པོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་ནི་མགོ་བོ། རི་མཐོ་ས་གཙང་། ཡུལ་བཟང་། མི་མཛངས་ཤིང་དཔའ་རུ་སྐྱེ། ཆོས་བཟང་དུ་བྱེད། རྟ་མགྱོག་སུ་འཕེལ་བའི་གནས་སུ་གཞིས་ཆགས་པའི་སྐྱིད་ཉམས་ཤིག་གིས་ཀྱང་ནམ་མཁའ་དང་ལྷན་དུ་འཚེར་བའི་གངས་རི། འབྲི་མོ་དང་མཉམ་དུ་འཚར་བའི་སྤང་ལྗོངས། ལྷ་སྒྲུང་དང་འགྲོགས་ནས་འཁྲུངས་པའི་སྤུན་ཟླ་དག་གི་དུངས་སེམས་དང་འབྲལ་མི་འདོད་ལ། དྲོད་དང་བཅུད་ཀྱིས་བསྐྱངས་པའི་ཕ་གཞིས་ཀྱི་ཐུགས་རྗེ་ཁོ་ནས་ཀྱང་ཡིད་ཀྱི་མཁའ་དབྱིངས་ལ་དགའ་དད་སྤྲོ་གསུམ་གྱི་འཇའ་ཚོན་ཤར། གདོང་པའི་མེ་ལོང་ལ་འཛུམ་མདངས་ཀྱི་འདུ་ལོང་རྒོད། ངག་གི་སྨྲ་བརྗོད་ལ་སྙན་འཇེབས་ཀྱི་རང་སྒྲ་གསལ་ལེར་ཨ་སྐྱོ་མེད་པར་རང་དབང་གི་གནམ་འོག་འདིའི་ཕ་ཁྱིམ་ལ་མགོ་བོ་མི་གླན་མཁན་སུ་ཞིག་ཡོད་ཨང་སྙམ།

 སློབ་དཔོན་བེེ་རོ་ཙ་ནའི་སྒྲུབ་ཕུག་ལ་མཇལ་ནས་ཕྱིར་ལམ་བསྙེགས་དུས་ང་ལ་དད་གུས་དང་འཕང་སེམས་ཤིག་དུས་མཉམ་དུ་སྐྱེས་བྱུང་། གནས་དབེན་པ་འདིས་ང་དང་མེས་པོ་ཚོའི་བར་ཐག་རྒྱང་རིང་རྒྱང་རིང་དུ་བཅད་ནས་བརྩེ་བ་དང་དྲན་གདུང་གི་རྨ་ཁ་ལོ་རྒྱུས་ཀྱི་ཤོག་ངོར་ཕབ་ཡོད་པའི་སྣང་བ་ཟ་ཟི་རི་རྩེའི་སྨུག་ལ་འདྲེས། ང་ཚོས་གཏམ་རྒྱུད་མག་མོག་རེ་འཆད་བཞིན་རང་ཉིད་འཚོལ་བའི་རྐང་ལམ་རིང་མོ་ཞིག་བརྒྱུད་དགོས་ལ། ཀྱག་ཀྱོག་གི་བརྒྱུད་རིམ་རེ་རེ་ཡང་ཡིག་འབྲུ་སུམ་ཅུའི་སེམས་ངོགས་སུ་གདབ་དགོས་འདུག་སྙམ་བཞིན་སླར་ཡང་དྲན་པའི་གཏིང་དུ་ལུས་པའི་ལོ་རྒྱུས་ཀྱི་གསང་བ་རུམ་པའི་གནས་འདི་ལ་ཕྱི་མིག་ཡང་ཡང་གློད་དགོས་བྱུང་སོང་།།

  • ལེ་ཚན་སྔོན་མ།:ལོ་རྒྱུས་ཀྱི་འགྱུར་རྡོ་གསོན་པོ་མགར་ཐར་གནའ་མཁར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10