ཐེ་གེ་རྩེ་ཚུལ་ཕྱི་མོའི་ལག་ཤེས་བཞུགས།

རབ་བརྟན་དགེ་ལེགས་ཕུན་ཚོགས།        2018-01-10

  

ཐེ་གེ་རྩེ་ཚུལ་ཕྱི་མོའི་ལག་ཤེས་བཞུགས།


  དེ་ལ་ཐེ་གེས་རྒྱལ་ཕམ་འགྲན་པའི་རིག་རྩེད་འདི་ནི་ཆོ་ལོ་དང་།རྒྱལ་པོ།དགུ་འགྲིག།ཤོ་བག།རྩི་འཕེན།ཁྱི་དང་ཕྱི་བ་སོགས་བོད་ཀྱི་རིག་རྩེད་ཁག་གཞན་དང་འདྲ་བར་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་རྒྱལ་ཕམ་འབྱེད་པའི་བོད་ཀྱི་ཞིང་འབྲོག་ས་ཁུལ་གྱི་གནའ་བོའི་རིག་རྩེད་རྙིང་ཤོས་ད་ལྟའི་དུས་སུའང་མ་ཉམས་པར་གནས་ཡོད་པ་ཞིག་ཡིན།འདི་རྩེ་མཁན་ཡང་བག་ལྟར་གྲངས་ངེས་ཅན་མི་དགོས་པར་གཉིས་ཡན་གྲངས་ངེས་མེད་ཀྱིས་ཐེ་སྟེགས་ཀྱི་མཐར་བསྐོར་ནས་རྩེ་ཆོག་གི་ཡོད་དོ།།

བོད་ཀྱི་ཁེད་ལས།ཤ་ཀ་ལ་རུ་པའི་སྒམ་ཆུང་ནང་།མིང་དྲུག་ཐོགས་པའི་མི་ཞིག་ཡོད།ཅེས་གྲགས་པ་ལྟར་ར་ལུག་སོགས་སྲོག་ཆགས་ཀྱི་རྗེ་ངར་དང་རྐང་མགོ་འབྲེལ་བའི་ཚིག་མཚམས་ཀྱི་རུས་རྡོག་ཆུང་ངུ་གྲུ་བཞི་བྱིས་པ་ཚོས་གཙོ་བོར་རྩེད་བྱེད་ཆས་དེ་ལ་ཐེ་གེ་ཟེར་ཞིང་། རུས་པའི་དབྱིབས་ལས་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་རུས་པ་འབུར་བ་དེ་ལ་ལུག་དང་།དེ་ཤར་དུ་བྱས་པའི་རྒྱབ་ཕྱོགས་ཀྱི་གོབ་པར་ར།སྟེང་གི་ཅུང་གོབ་པར་རྟ།འོག་གི་འབར་འབུར་ལ་གླང་།གཡས་པར་སེངྒེ་།གཡོན་པར་ཁྱི་བཅས་མིང་ཐ་དད་པ་དྲུག་ཏུ་འདོགས།ཡང་ཁྱི་ལ་ར་འཛུམ་དང་།སེངྒེ་ལ་ལུག་འཛུམ་ཞེས་ཀྱང་བརྗོད་དོ།།

ཐེ་རྩེད་ཀྱི་དོན་བསྟན་པ་ལ་གསུམ་སྟེ། ཐོག་མར་ཁུར་མཁན་སུ་ཡིན་བརྟག་ཕྱིར་དཔལ་རྩོད་པ་དང་། རྒྱལ་ཕམ་འགྲན་པ་དངོས། ཞར་བྱུང་རྟ་བཟའ་གླང་འཇལ་བཤད་པའོ།།

དང་པོ་ནི། ཤིང་ལེབ་དང་རྡོ་ལེབ་ལྟ་བུ་ངོས་མཉམ་པའི་ཐེ་སྟེགས་བཤམས་ནས་ཐེ་གེ་གང་འཐོབ་མང་ཉུང་མེད་པར་མཉམ་པར་བགོ་ཞིང་།ཐེ་ལྷག་བྱུང་ན་དཔལ་རྩོད་སྐབས་ཟུར་དུ་བཞག་ནས་ཐེ་དཔོན་ཞེས་བརྡ་བཏགས།དཔེར་ན་ཐེ་གེ་སུམ་ཅུ་སོ་གཅིག་མི་གསུམ་གྱིས་རྩེ་ན་མི་རེ་ལ་ཐེ་གེ་བཅུ་རེ་བགོས་ཏེ།འཕྲོས་ཤུལ་གྱི་ཐེ་གེ་གཅིག་དེ་ཐེ་དཔོན་དུ་བཞག་པ་ལྟ་བུ་ཡིན།དེ་ནས་མི་ཆེ་ཆུང་གང་རུང་ནས་མགོ་བཟུངས་ཏེ་སྔར་བགོས་པའི་ཐེ་གེ་རྣམས་ལས་གང་མཚམས་ཤིག་གཡས་གཡོན་གང་རུང་དུ་བསྐོར་ཏེ་རིམ་བཞིན་འཕངས་པས་དཔལ་རྩོད་སྐབས་འདིར་ལུག་བབས་པ་ཁོ་ན་ལ་དཔལ་བབས་ཟེར།ལུག་ཡོད་མེད་དང་ཡོད་ཀྱང་མང་ཉུང་གིས་དཔལ་མཐོ་དམན་བརྟག་པ་ཞིག་ཡིན།དཔེར་ན་མི་བཞི་ཡིས་དཔལ་རྩོད་བྱེད་དུས་གཅིག་ལ་དཔལ་གསུམ་དང་།གཉིས་ལ་དཔལ་གཅིག།གཅིག་ལ་དཔལ་མེད་བཅས་བྱུང་ན་དཔལ་གསུམ་ཅན་ལ་ཐེ་གེ་རྣམས་སྤྲད་ནས་དཔལ་གཉིས་ཅན་དག་སླར་རྩོད་མི་དགོས་པ་ཡིན།དཔལ་གསུམ་ཅན་གྱིས་བརྒྱབ་རྗེས་ཐོག་མའི་འཕེན་དཔོན་ཁོ་རང་བུ་ཡིན་ན་གཡས་བསྐོར་དང་།བུ་མོ་ཡིན་ན་གཡོན་བསྐོར་བྱས་ནས་ཁུར་ཏེ་བརྒྱག་པ་འབྱུང་རྩིས་ཀྱི་སྤར་ཁའི་བརྩི་ཚུལ་ལྟར་དུ་འདུག།

ཡང་ལུགས་གཅིག་ལ་མི་བཞི་ཡིས་རིམ་བཞིན་འཕངས་པས་སྔར་ལྟར་བབས་པ་ལ།དཔལ་གཅིག་ཅན་གཉིས་བསྐྱར་དུ་དཔལ་འགྲན་པས་གཅིག་ལ་དཔལ་གཉིས་དང་གཅིག་ལ་དཔལ་གཅིག་ལྟ་བུ་བབས་ན་དཔལ་མཐོ་དམའ་ལྟར་མུ་འཐུད་ཁྱེར་ལ།གཉིས་ཀར་དཔལ་གསུམ་བྱུང་ན་དཔལ་གསུམ་ཅན་གསུམ་ཀ་གཞི་ནས་འགྲན་པ་དང་།གཉིས་ཀར་དཔལ་མེད་ན་སྔར་གྱི་དཔལ་མེད་དེ་དང་གཞི་ནས་རྩོད་དེ་འཕེན་ཐེངས་མང་པོ་བྱེད་ནས་དཔལ་འགྲན་དགོས་སྟབས་ཅུང་འགོར་བ་ཡིན་ནོ།།

གཉིས་པ་རྒྱལ་ཕམ་འགྲན་པ་ནི།དེ་ནས་དཔལ་རྩོད་བྱས་པའི་ཐེ་གེ་ཐམས་ཅད་འཕེན་དཔོན་ལ་སྤྲད་ཅིང་།དེས་ཐེ་གེ་ཐམས་ཅད་ཐེ་སྟེགས་ཐོག་དུས་གཅིག་ཏུ་འཕངས་པས་ར་འཛུམ་དང་ལུག་འཛུམ་བྱུང་ན་འཛུམ་བརྡུང་ཆོག་ལ།བརྡུང་ཚུལ་ཡང་ཐེ་སྟེགས་སྟེང་གི་ཐེ་གེ་གང་རུང་ཞིག་བླངས་ནས།འཛུམ་གཅིག་ཕ་ལ་མ་བལྟ་ཟེར་ནས་འཛུམ་ལ་གཅིག་བརྒྱབས།ཡང་འཛུམ་གཉིས་མ་ལ་མ་བལྟ་ཟེར་ནས་གཅིག་བརྒྱབས།ཡང་འཛུམ་གསུམ་བུ་ཁྱོད་རང་རང་འདུག་གྱིས་ཟེར་ནས་གཅིག་བརྒྱབས་ཏེ་འཛུམ་བསྒྱེལ།གཞན་ཡང་རིགས་མཐུན་ཐད་ཀར་མེད་པར་ཅུང་ཟད་གཟུར་ཏེ་གནས་ཚེ་ལག་ཡས་རྒྱག་དུས་ལག་ཡས་བཀག་པའི་ཐེ་བཀག་དང་།རིགས་མཐུན་གྱི་བར་དུ་རིགས་མི་མཐུན་གཞན་གྱིས་བར་དུ་ཆོད་ནས་ཐད་ཀར་རྒྱག་ཐབས་བྲལ་ཚེ་ཐེ་འཇའ་བཀྱག་རྒྱུ་ཡོད་ཅིང་།བཀྱག་ཚུལ་ཡང་མཐེབ་བོང་རླན་དང་བཅས་པས་རིགས་མཐུན་གཅིག་ཤོས་དེའི་ཐོག་ཏུ་ཤེད་ཀྱིས་མནན་ཏེ་མཐེབ་བོང་གི་ངོས་ལ་སྦྱར།དེ་ནས་རིགས་མི་མཐུན་དེའི་སྟེང་ནས་ཁྱེར་ཏེ་རིགས་མཐུན་དེ་ལ་རྒྱག་པ་ལ་ཟེར།ཐེ་གེ་དག་བརྡུངས་ནས་བཟའ་ཚུལ་དངོས་ནི།རིགས་མཐུན་རྣམས་ཁོ་ནར་རིམ་པས་བརྒྱབས་པས་ཚུལ་བཞིན་ཕོག་ན་མུ་འཐུད་བཟའ་འགྲོ་བ་ཞིག་སྟེ།དཔེར་ན་ལུག་གཉིས་བརྡུངས་ཏེ་ལུག་གཅིག་ཤོས་བཟས།ཡང་རིགས་མཐུན་གྱི་ལུག་གཞན་བྱུང་ན་དེ་དང་བརྡུངས་ནས་བཟའ་ཞིང་།འདི་སྐབས་མཇུག་འབྲས་ལ་ལེགས་པར་དཔྱད་ནས་གཟོབ་སྟེ་བརྒྱག་རྒྱུ་གལ་ཆེ།མཐར་རིགས་མཐུན་ཟད་ནས་བརྒྱག་རྒྱུ་མེད་པར་གཞན་ལ་སྤྲད་དགོས་བྱུང་བ་ཞིག་དང་།རིགས་མཐུན་ཡོད་ཀྱང་གཏད་སར་མ་ཕོག་པ་སོགས་རྐྱེན་གཞན་གྱིས་གཞན་ལ་སྤྲད་དགོས་བྱུང་བ་གཉིས་ཡོད།གཉིས་པ་འདི་ལ་བསྡུ་ན་རིགས་བརྒྱད་དེ།དང་པོ་གཏད་ས་མ་ཕོག་ནི།སྟབས་མ་ལེགས་པར་ཡོ་ནས་གཏད་སའི་ཐེ་གེ་ལ་མ་ཕོག་པར་རིགས་མཐུན་གཞན་ནམ་ཡང་ན་རིགས་མི་མཐུན་པ་ཞིག་ལ་ཕོག་པ་ལ་ཟེར།དཔེར་ན་ལུག་ཅིག་ལུག་ལ་གཏད་ནས་བརྒྱབས་ཀྱང་གཏད་སའི་ལུག་ལས་གཞན་ཞིག་ལ་ཕོག་པ་ལྟ་བུའོ།།

ཐེ་གེ་རྩེ་ཚུལ་ཕྱི་མོའི་ལག་ཤེས་བཞུགས།

 གཉིས་པ་མཛུབ་སྙོག་ནི།མཐེབ་སོར་སྦྱར་ནས་མི་རྒྱགས་པར་མཛུབ་མོ་རྐྱང་པ་ཐེ་སྟེགས་སྟེང་བཙུགས་ནས་རྒྱགས་པའོ།།

 གསུམ་པ་ཐེ་དྲུད་ནི།མཐེབ་མཛུབ་སྦྱར་ནས་བརྒྱག་པ་ལྟ་བུ་སོར་མོས་ཤུགས་ཕྱུང་སྟེ་བརྒྱག་དགོས་ཀྱང་མ་ཕོག་གིས་དོགས་ཏེ་ཐེ་སྟེགས་སྟེང་དྲུད་ནས་བརྒྱག་པའོ།།

 བཞི་པ་རྒྱག་བརྩམ་ནི།དང་པོ་ནས་ལེགས་པར་དཔྱད་དེ་སྟབས་བདེ་ས་དེ་ནས་གཞན་ཞིག་ནས་བརྒྱག་པ་ལ་ཡང་ཟེར།

 ལྔ་པ་ཐེ་ཞ་ཁུར་བ་ནི།རིགས་འདྲ་རྒྱག་ཚེ་ཤུགས་གཏད་རྒྱུ་ཚོད་མ་ཟིན་པར་ཤུགས་ཆུང་དྲགས་ཏེ་མཐེབ་མཛུབ་ཀྱིས་སྒུལ་ཙམ་བྱས་ནས་རྒྱག་དགོས་ས་ལ་མ་ཕོག་པའོ།།

 དྲུག་པ་བཟའ་ལྷུང་ནི།ཚུལ་བཞིན་ཕོག་ཀྱང་བཟའ་རྒྱུའི་ཐེ་གེ་དེ་ཡར་བླངས་དུས་ཐང་ལ་མར་ལྷུང་ཤོར་བ་སྟེ།དཔེར་ན་ལུག་གཉིས་བརྒྱབས་ནས་བཟའ་རྒྱུའི་ལུག་གཅིག་ཤོས་དེ་ཡར་བླངས་ནས་རང་གི་ཐེ་གེ་ཡོད་སར་བཞག་མ་གྲུབ་པར་ས་ལ་ཕྱིར་ལྷུང་ཤོར་བ་བཞིན་ནོ།།

 བདུན་པ་བཟའ་བརྩམ་ནི།ཚུལ་བཞིན་ཕོག་མཚམས་གང་དགའ་ཞིག་ཤར་གྱིས་བཟའ་དགོས་པ་ལ་གཅིག་ཤོས་བཟའ་བར་བརྩམས་ནས་གཅིག་སྙབ།ཡང་གཅིག་ཤོས་དེ་བཟའ་ན་དགའ་བར་ཤེས་ཏེ་གཞན་དེ་བཟའ་ཕྱིར་སྙབ་པའོ།།

 བརྒྱད་པ་གཡས་བཟའ་གཡོན་སྙབ་ནི།ལག་གཡས་གཡོན་གང་གིས་བརྒྱབས་པ་དེས་བཟའ་དགོས་རྒྱུར་བརྗེད་ནས་གཡས་པས་བརྒྱབས་ནས་གཡོན་པ་སྙབ་ནས་བཟའ་བར་བརྩམ་པ་དང་།གཡོན་པས་བརྒྱབས་ནས་གཡས་པས་བཟའ་བ་བརྩམ་པའོ།།

ཡང་ཐེ་གེ་ཐམས་ཅད་རིགས་མཐུན་འདྲ་བ་བྱུང་ན་དེའི་ཚེ་དཔལ་བབས་ཟེར་ནས་བརྡུང་མི་དགོས་པར་བསྡུས་ནས་བཟའ་འགྲོ་བ་སྟེ།དཔེར་ན་ཐམས་ཅད་རིགས་མཐུན་འདྲ་བའི་ལུག་བབ་པ་ལ་ལུག་དཔལ་དང་།དེ་བཞིན་དུ་ར་ལ་ར་དཔལ་ཟེར་ཞིང་།རྟ་གླང་ལ་ཡང་དེས་འགྲེ།རིགས་མི་འདྲ་བའི་ར་ལུག་རྟ་གླང་བཞི་བྱུང་བ་ལ་ཁ་བཞི་དང་།ར་ལུག་གླང་གསུམ་ལྟ་བུ་ལ་ཁ་གསུམ།ར་ལུག་གཉིས་ལྟ་བུ་ལ་ཁ་གཉིས་ཞེས་ཟེར།ཐ་མའི་ཐེ་གེ་གཉིས་དེ་ངེས་པར་དུ་རིགས་མཐུན་འདྲ་བའི་དཔལ་བབས་སུ་ལ་བྱུང་ན་དེས་བཟའ་བ་ལས་བརྒྱག་ནས་བཟའ་བ་མི་སྲིད།དེ་ལྟའི་སྒོ་ནས་སྔར་དཔལ་རྩོད་བྱེད་དུས་ཀྱི་ཐེ་གེ་ཡོངས་རྫོགས་བཟས་ནས་མེད་པར་གྱུར་པ་ལ་ཐེ་སྐོར་གཅིག་ཅེས་ཟེར།ཡང་སྔར་ལྟར་དཔལ་རྩོད་ནས་བཟའ་འགྱེད་བྱེད་ཅིང་།ཐེ་སྐོར་ཕྱི་མ་རྣམས་ཀྱི་དུས་སུ་ཐེ་སྐོར་སྔ་མར་རིགས་འདྲའི་དཔལ་བབས་ནས་མཇུག་བསྡུ་མཁན་དེས་འཕེན་དཔོན་བྱེད་ནས་ཐོག་མར་འཕེན་དགོས།ཐེ་སྐོར་ལན་འགར་བརྒྱབས་པས་སྔར་རང་ལ་ཐོབ་ནོར་གྱི་ཐེ་གེ་རྣམས་གཞན་ལ་མུ་འཐུད་ཤོར་ནས་དཔལ་རྩོད་ཚེ་ཐེ་གེ་ཚང་བར་འཕེན་རྒྱུ་མེད་པར་བྱུང་བ་སྟེ།དཔེར་ན་ཐེ་སྐོར་རེ་ལ་མི་རེས་ཐེ་གེ་ལྔ་རེ་འཕེན་རྒྱུ་བྱས་ཏེ་འཕངས་པས་ཁེ་ཕམ་བྱུང་ནས་རྩེད་མི་འགའ་ལ་ཐེ་གེ་ལྔ་ཚང་བར་འཕེན་རྒྱུ་མེད་པར་གསུམ་ལྟ་བུ་ཡོད་ན་ཐམས་ཅད་ཀྱིས་ཐེ་སྐོར་དེ་ལ་ཐེ་གེ་གསུམ་རེ་འཕེན་ཞིང་བརྒྱག་པ་དང་།ཡང་ཐེ་གེ་གཅིག་ལས་མེད་པར་བྱུང་ཚེ་ཐམས་ཅད་ཀྱིས་ཐེ་གེ་རེ་རེ་འཕེན་བརྒྱག་བྱས་པས་མཐར་དེ་ཡང་ཤོར་ནས་ཐེ་གེ་གཅིག་ཀྱང་འཕེན་རྒྱུ་མེད་པར་གྱུར་པ་དེའི་ཚེ་ན་ཐེ་ལྐུགས་བུད་ཟེར་ནས་ཕམ་པའི་ཚད་དུ་འཇོག་གོ།།

ཐེ་གེ་རྩེ་ཚུལ་ཕྱི་མོའི་ལག་ཤེས་བཞུགས།

   གསུམ་པ་རྟ་བཟའ་གླང་འཇལ་ནི།འདི་ནི་སྔར་གྱི་རྩེད་ཐབས་དེ་ལས་རྩེད་ཐབས་གཞན་རྟ་གླང་ཁོ་ན་མང་ཉུང་བསྡུར་ནས་རྟ་བབས་ན་བཟའ་རྒྱུ་དང་།གླང་བབས་ན་བུ་ལོན་རེད་ཅིང་བུ་ལོན་རྟས་འཇལ་དགོས་པ་ཞིག་སྟེ།ཐེ་སྟེགས་སྟེང་རྩེ་མཁན་ཚོས་ཐེ་གེ་རྣམས་རེས་མོས་ཀྱིས་འཕངས་པས་རྟ་གླང་མང་ཉུང་མཉམ་ན་རྟས་བུ་ལོན་ཐམས་ཅད་འཇལ་ཐུབ་པས་བཟའ་འཇལ་གཉིས་ཀ་མེད།རྟ་ལྔ་དང་གླང་གསུམ་ལྟ་བུ་གླང་ལས་རྟ་ཡིས་མང་བ་བྱུང་ན་རྟ་གསུམ་གྱིས་གླང་གསུམ་འཇལ་མཚམས་རྟ་གཉིས་བཟའ་ཆོག་པ་དང་།ཡང་རྟ་ལྔ་དང་གླང་བདུན་ལྟ་བུ་རྟ་ལས་གླང་གིས་མང་ཚེ་རྟ་ལྔས་གླང་ལྔའི་བུ་ལོན་འཇལ་རྗེས་གླང་གཉིས་ཀྱི་སྐྱིན་པོ་ལ་སྔར་བཟས་པའི་རྟ་གཉིས་ཕྱིར་སྤྲོད་དགོས་པ་ལྟ་བུའོ།།

ཞེས་མཛའ་བཤེས་བཀྲ་ཤིས་དཔལ་འབྱོར་གྱིས་བསྐུལ་ངོར།ཆུང་ནས་རིག་རྩེད་འདི་ལ་གོམས་པའི་རབ་བརྟན་པ་དགེ་ལེགས་ཕུན་ཚོགས་ཀྱིས་བྲིས་པ་དགེ་བར་གྱུར་ཅིག།


  • ལེ་ཚན་སྔོན་མ།:བོད་ཀྱི་ཤོ་རྩེད་དང་ཤོ་བཤད།
  • ལེ་ཚན་རྗེས་མ།:བོད་དུ་ཇ་དང་དཀར་ཡོལ་བྱུང་བའི་ལོ་རྒྱུས།
  • དོ་སྣང་ཆེ་བའི་རྩོམ།