ཁམས་ཕྱོགས་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཆབ་དགོན་བྱམས་པ་གླིང་།

        2017-09-20

ཁམས་ཕྱོགས་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཆབ་དགོན་བྱམས་པ་གླིང་།

ཆབ་མདོ་བྱམས་པ་གླིང་ངམ་ཆབ་མདོ་དགོན་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་རྫོང་དུ་ཡོད་པ་དང་། རབ་བྱུང་བདུན་པའི་མེ་སྦྲུལ་སྤྱི་ལོ1437ལོར་རྗེ་ཤེས་རབ་བཟང་པོས་ཐོག་མར་ཕྱག་བཏབ།

དགོན་པ་འདི་ནི་རྫ་ཆུ་དང་ངོམ་ཆུ་གཉིས་ཀྱི་མདོ་རུ་གནས་ཤིང་རྟེན་གྱི་གཙོ་བོ་བྱམས་པ་མགོན་པོ་ལྡན་པའི་གླིང་ཡིན་པས་ན་ཆབ་མདོ་བྱམས་པ་གླིང་ཞེས་གྲགས།

དགོན་པ་ཆགས་ཡུལ་ནི་རྫ་ཆུ་དང་ངོམ་ཆུ་གཉིས་ཀྱི་བར་ལྕགས་ར་ཐང་།  སྐྱ་ཐང་།  སྟག་ཚ་ཐང་བཅས་ཀྱི་སྟེང་དང་།   རྒྱབ་ཏུ་འབྲུག་གི་རི་བོ།  ཤར་དུ་ཆེས་མཐོ་བའི་འབྲུག་རི་ཁྲ་རྒོད།   མདུན་རི་སེང་གེ་དགའ་བའི་གནས་དེར་ཤར་རྒྱལ་བ་ཙོང་ཁ་པ་ཆེན་མོ་ཨ་མདོའི་ཡུལ་ནས་དབུས་སུ་ཕེབས་པའི་སྐབས་སུ་གནས་འདིར་དགོང་ཞག་གཅིག་བཞུགས་པས་དགེ་མཚན་ཁྱད་དུ་འཕགས་པ་བྱུང་སྟེ་དེ་བཞིན་ཀུན་མཁྱེན་བྱང་ཆུབ་  འབུམ་པས་རྗེ་ཤེས་རབ་བཟང་པོར་སྣམ་བུ་དང་དབུ་ཞྭའི་རྫོང་བ་ཕུལ།    དགའ་ལྡན་དུ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་ཀྱང་ཁམས་ལ་བྱོན་ན་ལེགས།   དེའི་ཕྱོགས་སུ་རི་བོ་ཞེས་གྲགས་པ་དེའི་ཉེ་སྐོར་ཞིག་ན་ཁྱེད་ཀྱི་གདུལ་བྱ་དང་འཕྲིན་ལས་ཡོད་གསུངས་ནས་ལུང་བསྟན་དང་རྫོང་བ་གནང་།   དེ་ལྟར་རྗེ་ཤེས་རབ་བཟང་བོ་ཁམས་སུ་བྱོན་ནས་སྤྱི་ལོ1437ལོར་ཆབ་མདོ་དགོན་པ་ཕྱག་བཏབ་པ་ཡིན།

དགོན་པ་དེར་ཚོགས་ཆེན་འདུ་ཁང་གཅིག་དང་གྲྭ་ཚང་གསང་འདུས་ཀྱེ་རྡོར།  ཀུན་རིག  འཁོར་ཆེན། བདེ་མཆོག  དུས་འཁོར། སྐུ་ཞབས། དགེ་སློང་། ཨ་མཆོད།  མཚན་ཉིད་བཅས་གྲྭ་ཚང་བཅུ་ཡོད་པ་དང་། འཕགས་པ་བླ་བྲང་། ཞི་བ་བླ་བྲང་། ལྕགས་ར་བླ་བྲང་དང་རྒྱ་ར་བླ་བྲང་། ཀུན་དོག་བླ་བྲང་བཅས་བླ་བྲང་ལྔ་ཡོད་ལ། སྒྲོལ་མ་ལྷ་ཁང་གོང་འོག་གཉིས་སོགས་ལྷ་ཁང་མང་པོ་ཡོད་དོ། །

དགོན་དེའི་རྟེན་གྱི་གཙོ་བོ་རྒྱལ་བ་བྱམས་པ་མགོན་པོའི་སྐུ་བརྙན་དང་། རྗེ་ཡབ་སྲས་གསུམ། ཐུབ་དབང་གནས་བརྟན་བཅུ་དྲུག  གསང་འདུས་གྲྭ་ཚང་དུ་དཔལ་གསང་བ་འདུས་པའི་ལྷ་ཚོགས་དང་དཀྱིལ་འཁོར། དུས་འཁོར་གྲྭ་ཚང་དུ་དཔལ་དུས་ཀྱི་འཁོར་ལོའི་སྐུ་བརྙན་དང་དཀྱིལ་འཁོར། དེ་བཞིན་བདེ་མཆོག་གྲྭ་ཚང་དང་། དགྱེས་རྡོར། ཀུན་རིག  འཁོར་ཆེན་སོགས་གྲྭ་ཚང་སོ་སོར་ཡི་དམ་དེའི་དཀྱིལ་འཁོར་དང་། ལྷ་ཚོགས་གཙོ་བོའི་སྐུ་བརྙན་ལྡན་པ། འཕགས་པ་ལྷ་སྐུ་ཕྲེང་རིམ་བྱོན་གྱི་གདུང་བཞུགས་མཆོད་རྟེན་རྨད་དུ་བྱུང་བ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེས་གཙོས་དམ་པ་མང་པོའི་གསུང་།  འབུམ་པོ་ཏི་གང་བ། གཞན་ཡང་རིན་བྲལ་གྱི་དངོས་པོ་སྣ་ཚོགས་དང་ལྡེབས་བྲིས་སུ་དེ་བཞིན་གཤེགས་པའི་སྐུ་བརྙན། རྟོགས་པ་བརྗོད་པའི་བརྙན་བྲིས། སྒོ་མཆོར་དུ་རྒྱལ་ཆེན་རིགས་བཞི་སོགས་ཚོན་མདངས་རྣམ་པར་བཀྲ་བའི་རྒྱུད་བྲིས་ཀྱིས་གང་བ་བཅས་ཀྱི་དགོན་པ་འདི་ལ་མདོ་སྔགས་གཉིས་ཀ་ཕྱག་བཞེས་མཛད།

དགོན་པ་ཕྱག་འདེབས་པ་པོ་རྗེ་ཤེས་རབ་བཟང་པོས་རྒྱལ་བ་ཡབ་སྲས་གསུམ། ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ། དགེ་འདུན་གྲུབ་པ། སེ་ར་རྒྱལ་སྲས་དར་བཟང་སོགས་ཡོངས་འཛིན་དམ་པ་དུ་མའི་ཞབས་པད་ཉེ་བར་བསྟེན་ཏེ་མདོ་སྔགས་རབ་འབྱམས་ལ་མི་འཇིགས་པའི་སྤོབས་པ་རྙེད་ཅིང་དེ་རྗེས་དགོན་དེར་བཀའ་ཆེན་གྱི་བཤད་པ་མཛད་པས་ཆོས་རྗེ་རྣམ་རྒྱལ་གྲགས་པ་དང་། སློབ་དཔོན་རྣམ་པ་ལྔས་གཙོས་དགེ་བའི་བཤེས་གཉེན་དགེ་འདུན་རབ་ཏུ་མང་པོ་དང་བཅས་པ་བསྡུས།

དགེ་བའི་བཤེས་གཉེན་ཆེན་པོ་བྱམས་པ་མཐའ་ཡས་ཕེབས་རྗེས་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་བྱས་ཤིང་། ལྷག་པར་མཚན་ཉིད་ཀྱི་རྩོད་གྲྭ་མེ་ཏོག་བརྒྱ་ཕྲག་གཅིག་ཏུ་བཞད་པ་ལྟ་བུར་གྱུར།

སྔོ་ལྗང་ནེའུ་གསིང་རབ་ཏུ་རྒྱས་པ་ལས་ལྗོན་ཤིང་སྣ་ཚོགས་འཁྲིགས་པའི་ཆོས་ར་ཆེན་པོ་དང་། རྒྱལ་བ་ཐམས་ཅད་མཁྱེན་པའི་གཟིམ་ཆུང་། གཞན་ཡང་གསེར་འོད་རབ་ཏུ་འཕྲོ་བའི་རྒྱ་ཕིབས་ཀྱིས་མཛེས་པར་སྤྲས་པའི་དགོན་པ་འདི་སྤྱི་ལོ1962ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏོགས་རུང་ལོ་བཅུའི་གོད་ཆག་ནང་རྟེན་དང་བརྟེན་པར་བཅས་པ་རྩ་བཤིག་ཏུ་སོང་། ད་ལྟ་སླར་ཡང་ཉམས་གསོ་བྱས་ནས་དད་ལྡན་མང་ཚོགས་རྣམས་ཀྱི་འདོད་བློ་སྐོང་བཞིན་ཡོད་དོ། །


  • ལེ་ཚན་སྔོན་མ།:དར་རྩེ་མདོ་གྲོང་གི་དགོན་ཁག་བདུན།
  • ལེ་ཚན་རྗེས་མ།:སྟག་ལུང་བཀའ་བརྒྱུད་པའི་མ་དགོན་ཁྲ་འཁྱིལ་མ།
  • དོ་སྣང་ཆེ་བའི་རྩོམ།