བོད་བཙན་པོའི་དུས་སྐབས་སུ་བཞེངས་པའི་འབིས་ཁོག་གི་བཀའ་གཙིགས་བྲག་བརྐོས་མ།

གངས་རྩེན།        2016-03-23

རྒྱུན་པར་མི་རྣམས་ཀྱིས་ཡུལ་ཤུལ་ནི“ཀྲུང་ཧྭ་ཆུའི་བང་མཛོད། བྲེ་སེར་འབྲོང་གི་ཕ་ས། གླུ་གར་རྩེད་མོའི་ཞིང་ཁམས། གནས་རི་ངོ་མཚར་གྱི་བཞུགས་གནས”ཞེས་ཐུན་མིན་གྱི་ཁྱད་ཆོས་དུ་མས་མངོན་པར་བསྟོད། དོན་ངོ་མའི་གནས་ཚུལ་ཇི་བཞིན་བརྗོད་ན་ཡུལ་ཤུལ་ས་ཁུལ་ལ་ལོ་རྒྱུས་གྱི་རང་བཞིན་ལྡན་པའི་རིག་དངོས་རྗེས་ཤུལ་དཔལ་གྱིས་ཕྱུག་པ་འདི་དག་ལ་རང་ཕྱོགས་ནས་སུས་ཀྱང་སོར་རྩེ་རུ་མ་ཐོན་པ་ནི་ལོ་རྒྱུས་ཀྱི་རིན་ཐང་དང་གནའ་ཤུལ་གྱི་རིན་ཐང་ལྟ་བ་དབུལ་བས་ལན། འདིར་གོང་གི་བཤད་རྒྱུན་ལ་ཁ་བསྣོན་གྱི་ཚུལ་དུ་“གནའ་ཤུལ་རིག་དངོས་ཀྱི་འབྱུང་ཁུངས”ཞེས་བཤད་སྤོབས་ཡོད་དེ། ཡུལ་ཤུལ་ས་ཁུལ་ལ་མིང་དུ་གྲགས་པའི་གནའ་བོའི་བྲག་བརྐོས་ལྡེབས་རིས་དང་དུས་རབས་མི་འདྲ་བ་དུ་མར་བཞེངས་པའི་བང་སོ་མང་བས་སོ།། དེ་དག་ལས་བཙན་པོའི་དུས་སྐབས་སུ་བཞེངས་པའི་འབིས་ཁོག་བྲག་བརྐོས་ལྡེབས་བྲིས་ཀྱི་སྐོར་ལ་ངོ་སྤྲོད་མདོར་བསྡུར་ཞིག་ཞུ་ན་འདོད།
  དེ་ཡང་སྐྱེ་དགུ་གྲོང་རྡལ་གྱི་ཤར་ལྷོའི་ཕྱོགས་སུ་དྲངས་པའི༢༡༤རྒྱལ་ལམ་བརྒྱུད་དེ་སྤྱི་ལེ༢༡ཙམ་སོང་བའི་མཚམས་སུ་འབིས་མདའ་ཞེས་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ལ་འཕྲད་ཡོང་། ལུང་མདའ་དེའི་གཡས་ཕྱོགས་སུ་མཐའ་མི་མངོན་པའི་རྩྭ་ཐང་གི་ཞལ་རས་མངོན་པར་གསལ་ཞིང་། མེ་ཏོག་སྣ་ཚོགས་ཀྱི་འདབ་མ་ཡངས་པོར་བཞད་ཅིང་དྲི་ཞིམ་སྣ་བརྒྱའི་བཅུད་བཟང་དྲི་འཛིན་དབང་པོའི་ལམ་དུ་ཡང་ཡང་ལྡང་། རྒྱང་རིང་གི་མཐའ་མཚམས་སུ་གནམ་ས་གཉིས་ལྷན་དུ་སྦྲེལ་བས་མི་ཡུལ་གྱི་ཞིང་ཁམས་ལྟ་བུ་ལྷག་ཏུ་མཛེས། མཐའ་ཡས་པའི་རྩྭ་ཐང་དེའི་མིང་ལ་དཔལ་ཐང་ཟེར་ཞིང་། དེ་ནི་ཡུལ་ཤུལ་ས་ཁུལ་དུ་ས་བཅུད་བཟང་ཞིང་ཆེས་ཁོད་ཡངས་པའི་ཐང་ཆེན་ཞིག་ཡིན་ལ། ཐང་ཆེན་འདིར་གེ་སར་རྒྱལ་པོའི་སྒྲུང་དང་གཞན་པའི་ལོ་རྒྱུས་དང་འབྲེལ་བའི་གཏམ་རྒྱུད་མང་པོ་མི་རབས་ནས་མི་རབས་བར་དུ་གྲགས། དེ་དག་ལས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་ནི་ཐང་བོད་གནའ་ལམ་གྱི་སྐོར་རོ།། ཆུ་ཕྲན་ཞིག་རྩྭ་ཐང་གི་འཕྲད་བཅད་དེ་དལ་གྱིས་འབིས་མདའ་དང་བརྒྱུད་དེ་བྱང་ཤར་སྐྱེ་དགུ་མདོ་རུ་ལྷུང་ལྷུང་དུ་བཞུར་བཞིན་པ་དེའི་མིང་ལ་དཔལ་ཆུ་ཟེར། མཐའ་མ་ཛ་སྨད་སྡེ་བ་བརྒྱུད་དེ་འབྲི་ཀླུང་གསེར་ལྡན་སྔོན་མོའི་ཀློང་དུ་འཐིམས། འབིས་མདའ་རུ་སྦྲ་གུར་དུ་མས་རབ་ཏུ་བརྒྱན་ཞིང་སྣེ་ལེན་དང་ཆིབས་བསུའི་སྒོ་བྱང་གང་སར་སྦྱར་བས་དབྱར་གྱི་དུས་ཚིགས་སུ་སྐྱེ་དགུ་བ་སྤྲོ་གླིང་བྱ་ཡུལ་གནས་ཆེ་ཤོས་དེ་ཡིན། ས་ཡོམ་བྱུང་རྗེས་འབིས་མདའི་གཡོན་ཕྱོགས་སུ་དཔལ་བཀའ་རྒྱུད་པའི་རིང་ལུགས་དྲི་མེད་འཛིན་མཁན་ཁྲ་འདུ་དགོན་གནས་དེར་སྤོས་ཏེ་བསྐྱར་བཞེངས་བྱས། རྔམ་ཞིང་བརྗིད་པའི་གཙུག་ལག་ཁང་དང་གསེར་མདོག་གཟི་འོད་འཕྲོས་པའི་རྒྱ་ཕིབས། དམར་སེར་ངུར་སྨྲིག་གིས་བརྒྱན་པའི་དགེ་འདུན་པའི་སྡེ་དང་བཅས་ཀྱིས་རྩྭ་ཐང་གི་མཛེས་སྡུག་ལྷག་ཏུ་གསོན་ཉམས་བརྟས།
  འབིས་འགག་ནས་སྤྱི་ལེ་གཉིས་ཙམ་ཐོན་པའི་འགག་འགྲམ་གྱི་གཡོན་ཕྱོགས་སུ་མདོག་དམར་པོ་ཅན་གྱི་གཙུག་ལག་ཁང་རྒྱ་ཕིབས་དང་བཅས་པ་ཞིག་མིག་གི་དགའ་སྟོན་དུ་རོལ་ཐུབ། དེ་ནི་ལོ་རྒྱུས་ཐོག་ཏུ་གྲགས་པའི་འབིས་ཁོག་རྣམ་པ་སྣང་མཛད་ཞེས་པའི་བྲག་བརྐོས་སྐུ་བརྙན་དེ་ཡིན་ཞིང་། བྲག་བརྐོས་སྐུ་བརྙན་དེ་དག་སྤྱི་ལོ༨༠༦ལོ་སྟེ་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་དུ་བཞེངས་པའི་བཙན་པོའི་བཀའ་གཙིགས་བྲག་བརྐོས་མ་ཡིན། བྲག་བརྐོས་ཀྱི་ནང་དོན་ནི་རྣམ་པ་སྣང་མཛད་གཙོ་ལྷ་བཞུགས་པའི་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་བརྙན་དང་བཟང་པོ་སྤྱོད་པ་ཆ་ཚང་། བྲག་བརྐོས་དེ་བཞེངས་པའི་དུས་ཚོད་དང་བཞེངས་མཁན། དམིགས་ཡུལ་དང་བཅས་ཡི་གེ་བྲག་ངོས་སུ་བརྐོས་འདུག
  བྲག་བརྐོས་སྐུ་བརྙན་འདིར་ཐོག་མར་ཞིབ་འཇུག་མཛད་མཁན་ནི་སངས་རྒྱས་རྒྱ་མཚོ་ལགས་ཡིན་ཞིང་ཁོང་གིས་མདོ་སྟོད་གནས་ཆེན་འབིས་རྣམ་སྣང་ཞེས་ལྷ་གཅིག་རྒྱ་བཟའ་ཀོང་ཇོས་བརྐོས་པའི་དཀར་ཆག་དོན་བཞིན་སྟོན་པའི་ཞལ་ལུང་ཞེས་པའི་དེབ་ཆུང་ཞིག་བྲིས། དེའི་རྗེས་རྒྱལ་སྤྱི་བོད་རིག་པ་སྨྲ་བ་བོ་མཁར་རྨེ་བསམ་གཏན་དང་། རང་རྒྱལ་གྱི་ལོ་རྒྱུས་སྨྲ་བ་བོ་གཉའ་གོང་དཀོན་མཆོག་ཚེ་བརྟན། གདུགས་དཀར་ཚེ་རིང་སོགས་མཁས་དབང་དུ་མ་གནས་འདིར་ཞབས་ཀྱིས་བཅགས་ཏེ། བྲག་བརྐོས་སྐུ་བརྙན་གྱི་ཁྱད་ཆོས་དང་རྣམ་པ། ལྡེབས་རིས་དང་ཡི་གེའི་ཁྱད་ཆོས་སོགས་ལ་དཔྱད་གསུམ་ཚད་མ་ཚུལ་གྱིས་འཇུག་པའི་དཔྱད་རྩོམ་རབ་དང་རིམ་པ་སྤེལ་བ་དང་། རང་ཡུལ་གྱི་མཁན་བོ་ཐར་བཀྲ་ཤིས་ཆོས་འཕེལ་དང་སྤྲུལ་སྐུ་ཉི་མ་རྒྱལ་མཚན་རྣམ་པས་ཀྱང་ལུང་རིགས་གཉིས་ཀས་ཕྱུག་པའི་དཔྱད་རྩོམ་སྤེལ་ཡོད། གོང་གི་མཁས་པ་དག་གིས་སོ་སོའི་རྣམ་དཔྱོད་ལ་བརྟེན་ནས་དཔྱད་ཕྱོགས་མི་འདྲ་བའི་ཆ་ནས་དཔྱད་འབྲས་ཀྱང་དུ་མར་བྱུང་ཡང་། བྲག་བརྐོས་སྐུ་བརྙན་དང་ཡི་གེ་དེ་དག་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་སྟེ་སྤྱི་ལོ༨༠༦ལོར་བཞེངས་པ་ཐུན་མོང་གིས་ཞལ་མཐུན་ལ། དཔྱད་འབྲས་དེས་སྔོན་མར་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རྒྱ་བཟའ་ཀོང་ཇོས་བཞེངས་པའི་འདོད་ཚུལ་དེ་རེ་ཞིག་ལོ་རྒྱུས་ཀྱི་བདེན་ཁ་དབེན །
  བྲག་བརྐོས་ཡི་གེའི་མ་ཡིག
  ཁྱིའི་ལོ་ལ་སྐུ་གཟུགས་འབུར་དུ་བརྐོས་པ་དང་དར་མཀུན་བྲའཔྀས་པའི་སྨོན་ལམ་ལ་སོགས་པ་བཙན་པོ་ཁྲྀ་ལྡེ་སྲོང་བཙན་གྱྀ་སྐུ
  རིང་རྗེ་བློན་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱྀ་དོན་ཀྱི་ཕྱར་དགེ་སློང་ཡེ་ཤེ་དབྱངས་ཀྱྀས་བགྱྀ་སྟེ།བཟོ་བོ་དགེ་སློང་རིན་ཆེན་སྣང་མཛད་དང།རྒྱལ་བཟང་དང་དཔལ་ལྡན་དང་ལག་དཔོན་ཐམས་ཅད་དགེ་ལེགས་སུ་བྱེད་པ་གཙུག་ནས་བླ་ལ་མི་སྟོབས་ལྡན་རྣམསྟེ།བྲག་ལ་སྐུ་གཟུགས་དང་དར་མ་འདི་རྣམས་བྲིས་པ་དང་དཀོན་མཆོག་གསུམ་གྱི་རྟེན་གྱྀ་རྣམ་པ་སེམས་ཅན་གང་དག་གྀས
  མཐོང་བ་དང་རེག་པ་དང་ཕྱག་འཚལ་བ་དང་ཐོས་པ་དང་དྲན་པའི་བསོད་ནམས་དང་ཡེ་ཤེ་ཀྱྀས་བཙན་པོ་ཡ་བསྲས་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའྀ་བྱང་ཆུབ་དུ་སྒྲུབ་པར་སྨོན་ཏོ།།
  འབྲུ་མི་འགྱུར་ཐར་བའི་གནས་བརྒྱད་ཀྱི་གཙོ་བོར་གྱུར་པའི་ས་འདིར་མེས་པོས་ཞབས་ཀྱིས་བཅགས་པའི་རྗེས་ཤུལ་ཏེ། བྲག་རི་རྩེ་བརྒྱད་འདི་ཡི་ངོས་ཆེ་ལེགས་སྟེང་དུ་རྟེན་གཞལ་ཡས་ཁང་གྲུ་བཞི་སྒོ་གཅིག་པ་འདི་ལ། སངས་རྒྱས་ཀྱི་མཚན་དཔེའི་གྲངས་ལྡན་ཁྲུ་བརྒྱ་དང་བཅུ་གཉིས་མཛད། དེ་ཡི་དབུས་སུ་བརྟེན་པ་ལྷ་དགུའི་གཙོ་བོ་ཐུབ་དབང་གངས་ཅན་མཚོ་རྒྱལ་ཁྲུ་ཉེར་ལྔ་པ་སེང་ཁྲི་པད་ཟླའི་གདན་ལ་རྒྱ་ལུགས་ལོངས་སྐུའི་ཆ་བྱེད་ཀྱིས་ཕྱག་གཉིས་མཉམ་བཞག་གིས་བཞུགས་ཤིང་། སྐུའི་གཡས་ནས་རིམ་པ་བཞིན་བྱམས་པ་ཁྲུ་བདུན་པ། དེ་ལྟར་ནམ་སྙིང་། ས་སྙིང་། སྤྱན་རས་གཟིགས། གཡོན་ན་རིམ་བཞིན་ཀུན་བཟང་། ཕྱག་རྡོར། འཇམ་དབྱངས། སྒྲིབ་སེལ་རྣམས་བཞེངས་པའི་སྟབས་ཀྱིས་པད་ཟླའི་སྟེང་དུ་རང་རང་གི་ཕྱག་རྒྱ་ཕྱག་མཚན་དང་བཅས་པས་རྒྱ་ལུགས་ཀྱིས་བཞུགས་པའོ། ། གཙོ་བོའི་རྒྱབ་ཏུ་བྱང་ཆུབ་ལྗོན་ཤིང་དང་གདུགས་རྒྱལ་མཚན་ལ་སོགས་པས་ཀུན་ནས་མཛེས་པས་ཇི་སྲིད་བསྐལ་བའི་ཡུན་དུ་བཞུགས། གཡས་སུ་བརྡ་རྙིང་ལུགས་ཀྱི་བོད་ཡིག་རྟེན་དང་བརྟེན་པའི་བསྟོད་པ་སྨོན་ལམ་དང་བཅས་པ་ཕྲེང་བཅོ་བརྒྱད། དེའི་འོག་ཏུ་ཇི་ལྟར་བྲག་ལ་བརྐོས་ཚུལ་དང་དཀར་ཆག་ཕྲེང་། གཡས་ཕྱོགས་སུ་རྒྱལ་པའི་ཐུགས་དམ་བཟང་སྤྱོད་ཤོ་ལོ་ཀ་དྲུག་ཅུ་པ་འགྱུར་རྙིང་དང་ལྷ་དགུའི་བསྟོད་པ་སྨོན་ཚིག་ཅན་ཕྲེང་བཅོ་བརྒྱད་དང་། དེའི་གཤམ་དུ་དཀར་ཆག་ཕྲེང་ལྔ་པ་སྨོན་པའི་མཐའ་ཅན། གཡོན་ཕྱོགས་རྒྱ་གར་ཡི་རིགས་སྔ་འགྱུར་ཕྲེང་བཅུ་གཉིས་དང་། རྒྱ་ནག་ཡི་གེ་ཕྲེང་བཅུ་དྲུག་ཅན། བོད་ཡིག་མེ་ཏོག་བརྩེགས་བཟུངས་ཕྲེང་སུམ་ཅུ། རྒྱ་གར་ཡི་གེ་དབུ་ཅན་ཕྲེང་བཅོ་ལྔ་ཅན་སོགས་བཞུགས།
  དེ་དག་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་གསུངས་ཏེ་ཕྱིས་སུ་ལོ་རྒྱུས་མ་དག་རྒྱུན་འབྱམས་སོང་སྟེ་སྲོང་བཙན་སྒམ་པོ་ཞེས་ཡོངས་སུ་གྲགས་པའི་རྗེ་བློན་རིགས་གསུམ་མགོན་པོའི་རྣམ་འཕྲུལ་གསུམ་གྱིས་ཐོག་ཏུ་དྲངས། ཡོན་བདག་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ཕྱིར། བརྐོ་མཁན་དགེ་སློང་ལོ་ཆེན་ཡེ་ཤེས་དབྱངས་ཀྱིས་བགྱིས་སྟེ། གྲོགས་བཟོ་བོ་དགེ་སློང་རིན་ཆེན་སྣང་མཛད་དང་། དེ་བཞིན་ལག་གྲོགས་རྒྱལ་བཟང་དང་། དཔལ་ལྡན་དང་ལག་དཔོན་དེ་དག་ཐམས་ཅད་འཕྲལ་ཡུན་ཀུན་ཏུ་དགེ་ལེགས་སུ་བྱེད་པའི་གཞི་བརྟན་པོ་བཙུགས་ནས། གླ་ལ་གྲོང་ཁྱེར་ཙུང་ངུའི་ཡུལ་མི་སྟོབས་དང་ལྡན་པ་རྣམས་སྟེ། དད་བརྩོན་ཆེན་པོས་སྲ་བ་བྲག་ལ་རྣམ་སྣང་ཉེ་སྲས་བརྒྱད་དང་བཅས་པའི་སྐུ་གཟུགས་འབུར་བརྐོས་ཚད་ལྡན་བཞེངས།
  གཞན་ཡང་ཕྱོགས་བཅུ་སངས་རྒྱས་དང་། མཆོད་རྟེན་བརྒྱད་པོ་གཟོང་བརྐོས་ཏེ། མདོར་ན་དཀོན་མཆོག་གསུམ་གྱི་རྟེན་གྱི་རྣམ་པ་གསུངས་ཏེ། སངས་རྒྱས་དཀོན་མཆོག་ལ་དབྱེ་ན་གསུམ། དྷརྨ་ཀཱ་ཡ་ཞེས་པ་ཆོས་སྐུ་སྟེ་ཆོས་དབྱིངས་མེ་ལོང་ཡེ་ཤེས་ཆོས་སྐུའི་རྟེན་གྱི་རྣམ་པ་བྲག་འགག་ཡར་ནང་གི་བྱང་ཆེན་མཆོད་རྟེན་བང་རིམ་ལ་རྟེན་འབྲེལ་སྙིང་པོའི་གཟུངས་ཅན། བྲག་འགག་ཕྱི་ནང་ལ་ཕུང་བྱེད་ཁ་གནོན་མཐའ་འདུལ་མཆོད་རྟེན་སྨད་ཟུར་གསུམ་པ་གཉིས་ཀྱི་གཙོར་བྱས་ཆུ་ཕར་རི་ཚུར་གང་རུང་བཞུགས་པའི་མཆོད་རྟེན་བརྒྱད་པོ་ཆོས་སྐུའི་རྣམ་པ་དང་། སཾ་བྷོ་ཀྰ་ཡ་ནི་ལོངས་སྐུ་ཡིན་ཏེ། མཉམ་ཉིད་སོར་རྟོགས་ཡེ་ཤེས་རང་མདངས་ངེས་པར་ལྔ་ལྡན་རྣམ་སྣང་ཆེན་པོ་འཁོར་དང་བཅས་པ་ལོངས་སྐུའི་རྣམ་པ། ནི་རྨ་ན་ཀཱ་ཡ་ནི་སྤྲུལ་སྐུ་ཡིན་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་གཟུགས་གཟུགས་སྐུ་བཟང་སྤྱོད་དབུ་བཞུགས་པའི་ཕྱོགས་བཅུའི་སངས་རྒྱས་ནི་སྤྲུལ་སྐུ་ཡིན་ནོ།། བཟང་སྤྱོད་ནི་ཆོས་དཀོན་མཆོག་སྟེ། དེ་ཡང་རྣམ་སྣང་གི་ཐུགས་ལས་བྱུང་བའི་སྲས་ཀྱི་ཐུ་བོ་ཀུན་ཏུ་བཟང་པོས་གཞོན་ནུ་ནོར་བཟང་ལ་གསུངས་པའི་སྨོན་ལམ་གྱི་རྒྱལ་པོ། གཞན་ཡང་མེ་ཏོག་བརྩེགས་གཟུང་སོགས་དཔེ་ཚོན་བདུན་རྣམས་ཐམས་ཅད་བྲིས་པ་དང་། བྱམས་པ་ལ་སོགས་པའི་བྱང་སེམས་བརྒྱད་པོ་ཐེག་ཆེན་འཕགས་པའི་དགེ་འདུན་དཀོན་མཆོག་སྟེ། དཀོན་མཆོག་གསུམ་གྱི་རྟེན་གྱི་རྣམ་པ་འདི་སྲིད་མཐའི་བར་དུ་གྲོལ་བ་དྲུག་ལྡན་གྱིས་ལྷུན་གྱིས་གྲུབ་པ་བཞུགས་པ་ངོ་མཚར་ཆེའོ།། འདི་ཉིད་མཁའ་ཁྱབ་ཀྱི་སེམས་ཅན་གང་དང་གང་དག་གིས་མིག་གིས་མཐོང་བ་དང་། ལུས་ལ་རེག་པ་དང་། ཡན་ལག་ལྔས་ཕྱག་འཚལ་བ་དང་རྣ་བས་ཐོས་པ་དང་ཡིད་ཀྱིས་དྲན་པའི་སྟོབས་ཀྱིས་དམིགས་བཅས་བསོད་ནམས་ཚོགས་དང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་དམ་པས་སེམས་ཅན་ཐམས་ཅད་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་དམ་པ་སྐུ་གཉིས་ཟུང་འཇུག་གི་གོ་འཕང་མྱུར་དུ་འགྲུབ་པར་སྨོན་ཏོ།།
  དེ་ལྟར་གནས་མཆོག་འདི་ཉིད་ཀྱི་ཕྱོགས་ལ། ལོ་བརྒྱ་ཕྲག་དུ་མའི་མཇུག་ཏུ་བོད་སིལ་བུར་ཐོར་བའི་དུས་བཙན་པོ་འབྲི་ཡིས་ཡུལ་བཟུང་ནས་འབྲི་ཁུང་པས་མཆོད་གཞི་དམ་པ་བཟུང་། དེ་རྗེས་ཡུན་རིང་དུས་སུ་ཁྲ་སྐྱེ་བན་གསུམ་སོགས་ཅི་ནུས་ཀྱི་སྒོ་ནས་ཞབས་ཞུས་མཛད། སླར་ཡང་ཨོ་རྒྱན་སངས་རྒྱས་གཉིས་པ་གཏེར་ཆེན་བདེ་ཆེན་གླིང་པས་རབ་བྱུང་བཅུ་བཞི་པའི་ནང་བསྐོར་ལམ་གསར་གནང་དང་གནས་ལ་རབ་གནས་བྱིན་འབབ་སོགས་རྒྱ་ཆེར་མཛད་དོ།ཇི་སྐད་དུ། རྒྱལ་སྲས་སྤྱོད་ཚེ་ཇི་ལྟར་ཇི་ལྟར་བུར། དེ་ལྟར་དེ་ལྟར་རིགས་དང་མཐུན་ཚིགས་གདགས། ཞེས་པར་ལྟར། ཐར་བ་དང་ཐམས་ཅད་མཁྱེན་པའི་ཞིང་དུ་སྤྲོ་བས་གྱེན་གཟར་བོར་འཛེག་པ་དང་། འཁོར་བ་དང་ངན་སོང་དུ་སྤྲོ་བས་ཐུར་འཇུག་པར་བྱེད་གསུངས་སོ།། བསྐོར་འབུམ་བྱེད་ན་བསྐོར་བ་རེར་འགྱུར་ཁྱབ་བརྒྱད་ཅུ་རྩ་བརྒྱད་རེ་ཡོད་པ་བླ་མ་གོང་མའི་གསུང་བཞིན་ཁྲུ་ལ་གཞལ་ཟིན་པས་ལེགས་པར་འགྲུབ་བོ།། དུས་ཕྱིས་རབས་ཚེས༡༥ནང་དེར་ཞིག་རལ་ཐོག་མར་གསོ་བའི་བྱེད་པོ་རྟོགས་ལྡན་ས་བཅུ་དང་། རབ་རྒྱལ་ནང་ནས་སྒ་ཁྲ་ལེགས་སྐྱབས་མགོན་སྐུ་ཕྲེང་བདུན་པས་གཙུག་ལག་གསར་བསྐྲུན་དབུ་འཛིན་ཅིང་། གྲའུ་བླ་སྐྱ་དཔོན་གསུམ་གྱིས་ཨར་ལས་ཚོགས་ཆེན་རྫོགས་པར་བྱས་ཤིང་། དགེ་སློང་དཔའ་བོ་སོགས་དཀོན་གཉེར་རྣམས་ཀྱིས་མཆོད་རྫས་མང་དུ་ཕུལ། རབ་རྒྱལ་ལྕགས་སྟག་ཟླ་༣པའི་ཚེས་བཟང་པོའི་ནང་གི་རྟེན་ཉམས་གསོ་གནང་མཁན། བན་ཆེན་ཀརྨ་གུ་རུ། ཁྲ་འགུའི་ཀརྨ་བསམ་འགྲུབ། འདམ་དཀར་གྲྭ་དགའ་བཅས་ཀྱིས་ཐོག་མར་ཁྲུས་གསོལ་སྐབས་ནམ་མཁའ་འཇའ་འོད་ཀྱིས་གུར་ཕུབ། སྐུ་ཡི་འོད་ཀྱིས་ལྷ་ཁང་ནང་ཁེངས་པར་མཛད་དོ།། སྔར་མེད་པའི་བྱ་གསར་པ་ཞིག་འོང་ནས་མདུན་དུ་ཞག་མང་པོར་གནས་པ་དང། སེང་ཁྲིའི་དཔུང་པ་ལས་བདུད་རྩི་ཡུན་རིང་བབ་ཅིང་། སྐུ་གཡོན་བྲག་ཁུང་ཆུང་ངུ་ཞིག་ནས་རླུང་ཤུགས་ཆེ་བ་རིང་དུ་ལྡང་། དེ་ནས་སྐྱེ་དགོན་གྲྭ་སངས་མིང་པས་སྔར་གྱི་དཀར་ཆག་བྲག་ངོས་སུ་བག་ཞ་བ་དེ་ཁྲུས་གསོལ་ཞབས་ཏོག་ལེགས་པར་ཡུན་རིང་སྒྲུབ། མཐར་ཉི་འཛིན་དང་ཉིན་མོར་ཉི་ཟླ་སྐར་གསུམ་མིག་སྔར་སྣང་བ་སོགས། ཆེ་བའི་ཡོན་ཏན་མང་དུ་བྱུང་བ་འདིར་བརྗེད་དུ་དོགས་བྲིས་པ་ཡིན། དེ་རྗེས་རིག་གསར་གྱི་ཚ་རླབས་ཆེ་ནའང་སྤྱིར་སངས་རྒྱས་ཀྱི་བསྟན་པའི་གནས་ཚད་མ་རྫོགས། དགོས་ཀོང་ཇོས་ཐུགས་བསྐྱེད་བཙན་པའི་མཐུ་ཡིས། ལྷ་གཉེར་དགེ་མ་མཚོ་རྒོད་འདས་མ་དེས་མི་ལོ་ཉེར་རྩ་ཁ་ཤས་ལ་སྨྱོ་མ་འཁྲུལ་གྱིས་མཛད་རྗེས་བླ་ན་མེད་པས་སྐྱོང་། བསྟན་པ་ཉམས་གསོལ་སྐབས་ཐོག་མ་ནང་ཆེན་རྒྱལ་སྲས་ཕྲིན་ལས་ཀུན་ཁྱབ་དབུ་གཞུགས་དང་། འདམ་དཀར་དུལ་མོ་ཆོས་རྗེ། བན་ཆེན་བླ་མ་རྟོགས་ལྡན་ཨ་རྡོ། བླ་མ་བློ་ལྡན། ལྷོ་རིན་པོ་ཆེ་ཡབ་ཀུན་མགའ་ཕུན་ཚོགས་བཅས་ཀྱི་ཞལ་གསེར་གསོལ་བ་དང་ཆབ་ཅིག་ཚོན་རྩི་ཁྲུས་གསོལ་རབ་གནས་རྒྱས་པོས་སྲི་ཞུ་བླ་ན་མེད་པ་བསྒྲུབས། མདོར་ན་སྐྱུ་རའི་ཡུལ་གྱི་གནས་ཆེན་འདི་གྲུབ་པ་ཡི་གེ་བྲིས་པ་ལྟ་བུ་ཚུལ་ནི་གདོད་གནས་ཆོས་ཉིད་ཀྱིས་གྲུབ་པའི་ས་ཡི་དཀྱིལ་འཁོར་ཆེན་མོ་མཚོན་བྱེད་བསྐོར་ལམ་ཡང་རྩེར་ཡི་གེ་བྲིས་པ་ལྟ་བུར་དབུ་ཅན་དང་དབུ་མེད་གཉིས་རང་བྱོན་ཤིན་ཏུ་གསལ། ཆོས་ཅན་ཀུན་རྫོབ་ཀྱིས་གྲུབ་པ། རྗེ་བཙུན་སྒྲོལ་མ་མི་གཟུགས་འཛིན་པ་རྒྱ་བཟའ་ཀོང་ཇོ་དང་། འཇམ་དབྱངས་སྤྲུལ་པ་ཐོན་མི་སམ་བྷོ་ཊ་གཉིས་ཀྱིས་གཙོ་མཛད་སྟོན་འཁོར་ཕུན་སུམ་ཚོགས་པས་བརྐོས་པ་ལ། ཡུལ་མི་རྒན་པོའི་ཕལ་སྐད་ཀྱིས་འབིས་ནང་ཞེས་བརྡ་སྦྱར་བར་མ་ཟད། སྐུ་མང་པོ་བཞུགས་པའི་དོན་གྱིས་སྐུ་བཞུགས་ནང་ཡང་ཟེར་བའི་ས་མིང་རླུང་ལྟར་གྲགས་པ་ཡིན།། 
༼ རྩོམ་སྒྲིག་འགན་ཁུར་བ་ཨོ་རྒྱན་དོན་གྲུབ། ༽
  • ལེ་ཚན་སྔོན་མ།:བོད་བཙན་པོའི་དུས་སྐབས་སུ་བཞེངས་པའི་ལེབ་ཁོག་གི་བཀའ་གཙིགས་བྲག་བརྐོས་མ།
  • ལེ་ཚན་རྗེས་མ།:བོད་ཡུལ་གྱི་འཛམ་གླིང་རང་བྱུང་ཤུལ་བཞག
  • དོ་སྣང་ཆེ་བའི་རྩོམ།