བཀའ་འགྱུར་ཞེས་པ་ནི་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཐོག་མར་གསར་གཏོད་མཛད་པ་པོ་བཅོམ་ལྡན་འདས་ཤཱཀྱ་མུ་ནེས་གསུངས་པའི་བཀའ་མདོ་སྔགས་གཉིས་ཀྱི་ཆོས་དཔེ་རྣམས་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་པ་དེ་དག་ལ་བྱ་བ་རེད།
དེ་ཡང་ལོ་ངོ་ཆིག་སྟོང་ལྷག་གི་གོང་དུ་བོད་ཀྱི་བན་དེ་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། དཱ་ན་ཤི་ལ་སོགས་ཀྱིས་སམ་ཀྲི་ཏ་དང་། རྒྱ་ཡིག ཞང་ཞུང་ཡི་གེ ལི་ཡུལ་ཡི་གེ་བཅས་ལས་སངས་རྒྱས་ཆོས་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་བ་དང་། དུས་རབས་༡༣པའི་སྐབས་འགྲོ་མགོན་འཕགས་པའི་སློབ་མ་བཅོམ་ལྡན་རིག་རལ་དང་། དབུས་པ་བློ་གསལ་སོགས་ལོ་ཙཱ་བ་ཆོས་བཀའ་བསྟན་གྱི་མ་དཔེ་རྣམས་འཚོལ་བསྡུ་གནང་ཐོག ཞུ་དག་གོ་སྒྲིག་གིས་བཀའ་བསྟན་ཆ་ཚང་ཞིག་བཞེངས་པ་དེ་ནི་བོད་ཁུལ་དུ་བཀའ་བསྟན་བྲིས་མ་ཆ་ཚང་བཞེངས་པའི་ཐོག་མ་རེད། དུས་རབས་༡༤་པའི་དུས་མཇུག་ཏུ་ཚལ་པ་ཀུན་དགའ་རྡོ་རྗེས་རྒྱུ་སྦྱོར་གྱིས་འདུལ་བ་དང་། ཤེར་ཕྱིར། མདོ་ཕལ་ཆེལ། དམ་ཆོས་དཀོན་ཅོག་བརྩེགས་པ། མདོ་སྡེ། གསང་སྔགས། དཀར་ཆག་སོགས་ཆོས་ཚན་བདུན་དང་། མདོ་སྔགས་རིག་གནས་དང་བཅས་པའི་ཆོས་ཚན་༡༡༠༨ཅན་ཀུན་གྱིས་ཚད་མར་འཛིན་པའི་སངས་རྒྱས་ཆོས་གཞུང་གི་རིག་བརྒྱའི་བང་མཛོད་ཅིག་བཞེངས་པ་རེད།
བསྟན་འགྱུར་ཞེས་པ་ནི་སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་གསུང་གི་དགོངས་འགྲེལ་དུ་བརྩམས་པའི་རྒྱ་དཀར་ནག་གི་མཁས་པས་བརྩམས་པའི་བསྟན་བཅོས་ལས་བོད་སྐད་དུ་བསྒྱུར་ཟིན་པ་རྣམས་ལ་བྱ་ཞིང་། དུས་རབས༡༤པའི་དུས་དཀྱིལ་དུ་བུ་སྟོན་རིན་ཆེན་གྲུབ་པས་ཞུས་དག་གིས་བསྟན་འགྱུར་ཆ་ཚང་ཞིག་བཞེངས་པ་དེ་ལ་སྡེ་དགེ་པར་མ་ཇི་བཞིན་ཆོས་ཚན་༣༤༦༡དང་། སྟོད་ཚོགས་དང་། རྒྱུད་སྡེ། ཤེར་ཕྱིན། དབུ་མ་། མདོ་སྡེ། སེམས་ཅན། མཛོད། འདུལ་བ། སྐྱེས་རབས། སྤྲིངས་ཡིག ཚད་མ། སྒྲ་མདོ། གསོ་རིག བཟོ་རིག སྒྲུབ་ཐབས། སྣ་ཚོགས། ཇོ་བོའི་ཆོས་ཆུང་། དཀར་ཆག་སོགས་རིགས་༡༨དུ་བྱས་པའི་བསྟན་འགྱུར་དེ་བྱུང་། གོ་ཐོས་ལ་བོད་ཁུལ་དུ་དར་བའི་བཀའ་འགྱུར་པར་མ་ཁག་༡༣ལྷག་ཡོད་པར་སྣང་བ་ལས་ད་ཡོད་པར་མ་ཁག༨ཡོད་པ་སྟེ། སྡེ་དགེ་པར་མ། ཡུང་ལོའི་བཀའ་འགྱུར། ལི་ཐང་པར་མ། པེ་ཅིན་པར་མ།(ཁང་ཤི་པར་མ།)སྣར་ཐང་པར་མ། ཅོ་ནེ་པར་མ། ལྷ་ས་པར་མ། །(ཞོལ་པར་མ)། བཅས་སོ།
ལྷ་སའི་པར་མ་ནི་སྐབས་དེ་དུས་སྣར་ཐང་པར་མ་ནོར་འཛོལ་མང་བ་དང་། ལི་ཐང་དང་སྡེ་དགེ་པར་མ་ལྷ་ས་ཁུལ་དུ་དཀོན་པའི་དབང་གིས་༡༩༢༠ལོར་གསར་བརྐོས་ཞུས། དེ་དུས་བསྡུ་རུབ་བྱས་པའི་སྣར་ཐང་པར་མ་དང་། སྡེ་དགེ་པར་མ་སོགས་ལོ་རྒྱུས་ལྡན་པའི་དཔེ་ཆ་ལེགས་གྲས་རྣམས་མ་ཕྱིར་བྱས་ཏེ་བཞེངས་འགོ་བརྩམས་ནས་༡༩༣༤ལོར་ལེགས་གྲུབ་བྱུང་རྗེས་ཞོལ་པར་ཁང་དུ་བཞུགས་སུ་གསོལ་བས་དེར་ལྷ་སའི་པར་མའམ་ཞོལ་པར་མ་ཞེས་ཐོགས། དར་ཁྱོན་ཆོས་ཚན་༡༠༨ཡོད་ཅིང་། དེ་ཉིད་དབུས་གཙང་ཁུལ་དུ་རྒྱ་ཁྱབ་ཀྱིས་དགའ་པོ་བྱེད་པ་མ་ཟད་ཤུགས་རྐྱེན་ཡང་ཆེན་པོ་ཡོད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས་ལྷ་སའི་པར་མ་དེ་ཉིད་བོད་རང་སྐྱོང་ལྗོངས་ཡིག་ཚགས་ལས་ཁུངས་ལ་སྤྲད་ནས་དོ་དམ་ཉར་ཚགས་བྱེད་དུ་བཅུག
༡༩༨༤ལོར་ཀུན་གཟིགས་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཐུགས་འཁུར་འོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ལྷ་སའི་བཀའ་འགྱུར་པར་མ་དེ་ཉིད་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ལ་རྩིས་སྤྲོད་གནང་བ་མ་ཟད། མ་དངུལ་རོགས་སྐྱོར་གྱིས་ལྷ་ས་རྨེ་རུ་དགོན་དུ་པར་ཤིང་བརྐོ་བའི་ལས་གྲྭ་བཙུགས་ནས་ལྷ་སའི་བཀའ་བསྟན་པར་འདེམས་གནང་། ལོ་ངོ་༢༠ཐམ་པའི་རིང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ནས་འགན་འཁུར་གྱི་བཀའ་བསྟན་དང་། དེ་བཞིན་ཆོས་གཞུང་དཔེ་ཆ་རྩ་ཆེ་གཞན་དང་པར་རྒྱག་སྲུང་སྐྱོབ་ཀྱིས་ཕུལ་དུ་བྱུང་བའི་བོད་རིགས་ཀྱི་རིག་གནས་དེ་སྲུང་སྐྱོབ་དང་དར་སྤེལ་བཏང་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོའི་རེ་བ་སྐོང་བ་སོགས་ཕྱོགས་གང་ཅིའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
བོད་ཁུལ་དུ་སྔ་མོ་ནས་དགོན་སྡེ་ཁག་དང་དེ་བཞིན་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་བཀའ་བསྟན་བླུས་ནས་མཆོད་པའི་རྟེན་དུ་ཉར་ཚགས་བྱེད་པའི་སྲོལ་ཡོད་པས་ཆོས་ཚོགས་ནས་བཞེངས་པའི་བཀའ་བསྟན་པར་མ་དེ་ཉིད་ཞུ་སྤུད་དག་ལ་མིག་སྣང་མཛེས་ཤིང་། བླུ་ཡོན་དམའ་བ་སོགས་ཀྱི་དགེ་མཚན་ལྡན་སྟབས་ལོ་ལྟར་ཆ་ཚང་བརྒྱ་སྐོར་བྲིན་གྱི་ཡོད། ཉེ་བའི་ལོ་བཅུ་གྲངས་ནང་དེ་ནས་བཀའ་བསྟན་ཆ་ཚང་༢༠༠༠ལྷག་འཛམ་གླིང་ས་ཕྱོགས་གང་སར་གདན་ཞུ་བྱས་ཡོད་པ་དེ་དག་ཁྲོད་ཆོས་དད་པ་དང་། བོད་རིག་པ་མཁས་ཅན། བོད་རིག་པར་ཞིབ་འཇུག་གནང་མཁན་ཚན་པ་དང་། དཔེ་མཛོད་ཁང་སོགས་ཡོད་པས་ཤེས་བྱ་རྒྱུསྤྲོདདང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྤེལ་གཏོང་བར་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད།