གངས་རིན་པོ་ཆེ།
﹙རྡོ་རྗེ་རིན་ཆེན་གྱིས།) དཀར་མཛེས་ཉིན་རེའི་ཚགས་པར་ལས་དྲངས། 2010-04-28
གངས་ཏི་སེའམ་གངས་རིན་པོ་ཆེ་ནི་བོད་ལྗོངས་སྤུ་ཧྲེང་རྫོང་གི་བྱང་རྒྱུད་དུ་ལྷུན་ཆགས་སུ་ཡོད་ཅིང་། རྒྱ་མཚོ་
ངོས་ལས་མཐོ་ཚད་སྨི་༦༦༥༦ཡོད་པ་རེད།
གནས་འདིར་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ནང་པ་སངས་རྒྱས་དང་། ཕྱི་རོལ་རིག་བྱེད་པ་སོགས་ཀྱིས་ངོས་
འཛིན་ཚུལ་མི་འདྲ་བ་བྱུང་ཡོད། དེ་ཡང་གནས་འདི་
ཉིད་ཏི་སེར་ངོས་འཛིན་ཚུལ་ནི་མདོ་སྡེ་ཕལ་མོ་ཆེ་དང་
དྲན་པ་ཉེ་བར་བཞག་པའི་མདོ་སོགས་ནས་ཏི་སེའི་རི་བོ་རྡོ་རྗེ་རྩེ་ལྔའི་དབྱིབས་ཅན་ནམ་འཕང་དང་དཔག་ཚད་ལྔ་བརྒྱ་ཡོད་པ་སོགས་གསུངས་འདུག དེ་ལྟ་བུའི་
གངས་རི་གང་ན་ཡོད་སྙམ་ན། ཆོས་མངོན་པར་མཛོད་
ལས་འདི་ནས་བྱང་དུ་རི་ནག་དགུ་འདས་པ་ན་དེ་ནི་གངས་རིའོ།། ཞེས་སོགས་གསུངས་པའི་དོན་མཛོད་འགྲེལ་
ལས་འཛམ་བུ་གླིང་འདི་ན་རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རི་ཡོད་དོ།། གངས་རི་དེའི་ཕ་རོལ་རི་
བོ་སྤུས་ངན་ལྡན་པའི་ཚུར་རོལ་ན་མཚོ་མ་དྲོས་པ་ཞེས་
བྱ་བ་ལས་ཆུ་ཆེན་པོ་བཞི་སྟེ་གངྒ་དང་སིནྡྷུ། སི་ཏྰ། པཀྵུ་
བཅས་འབབ་ཡོད་ཅེས་གསུངས་ཡོད་པ་ཞིག་རེད།པདྨའི་ལུང་བསྟན་བཀའ་རྒྱ་མ་ལས་གངས་ཏི་སེ་ཤེལ་གྱི་
མཆོད་རྟེན་འདྲ་བའི་ཤར་ཕྱོགས་སུ་ཟངས་ལུང་ཡོད་ཅེས་བཀོད་ཡོད་ཅིང་། བློན་པོ་བཀའ་ཐང་ལས་རྡོ་རྗེ་
གདན་ནས་བྱང་ཕྱོགས་བཅལ་བ་ན། རི་ནག་དགུ་འདས
་ཕ་རོལ་གངས་ཏི་སེ།། ཞེས་པ་དང་། དཔལ་ལྡན་ཨ་ཏི་
མངའ་རིས་ཀྱི་རྒྱལ་པོ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་གདན་དྲངས་སྐབས་ཏི་སེའི་མདུན་བར་ཁའི་ཐང་དུ་ཕེབས་
ཚེ། ཇོ་བོ་རྗེའི་ཞལ་ནས། ཏི་སེའི་གངས་ནས་གནས་
བརྟན་རྣམས་གདུགས་ཚོད་ཀྱི་གནྜི་རྡུང་བྱུང་། རང་རེ་ཡང་གུང་གི་དྲོ་གྱིས་ཤིག་གསུངས་པ་སོགས་རྒྱ་བོད་པཎ་གྲུབ་སུས་ཀྱང་ཏི་སེ་ཞེས་པ་ནི་བོད་ཀྱི་རི་འདི་
ལ་ངོས་འཛིན་པ་ཡིན། གནས་ཁྱད་པར་ཅན་འདི་ནས་
འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་ནས་རྗེ་དཀོན་མཆོག་ཕན་བདེ་ཉི་མའི་བར་གངས་ཏི་སེའི་རིག་པ་འཛིན་མཁན་རྡོར་འཛིན་དང་འབྲི་གུང་པའི་གྲུབ་མཐའ་འཛིན་པའི་དགེ་འདུན་གྱི་སྡེ་མ་ཆད་པ་བྱུང་། ཁྱད་
པར་དུ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་སྒྲུབ་གནས་སུ་གྱུར་རྗེས། རྗེ་མར་པ་ལུང་བསྟན་ལྟར་མི་ལ་རས་
པ་གནས་འདིར་སྒྲུབ་པ་ཡུན་རིང་མཛད། དེ་བཞིན་དུ་
འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་དང་། གྲུབ་
ཐོབ་སེང་གེ་ཡེ་ཤེས། རྒོད་ཚང་པ། པཎ་ཆེན་བློ་བཟང་
ཆོས་རྒྱན། ཞབས་དཀར་པ་སོགས་མཁས་གྲུབ་མང་པོས་
ཞབས་ཀྱིས་བཅགས་མྱོང་།
གངས་ཏི་སེའི་སྟེང་གི་ཨ་ཕུག་ཏུ་གྲགས་པ་ནི་རྗེ་མི་ལས་བྲུས་ཤིང་ཨ་ཡིག་བཀོད་པ་བཤད་ལ། ཏི་སེའི་མདུན་
གྱི་ལ་སྔགས་ཞེས་བྱ་བའི་མཚོ་ཆེན་པོ་མི་ལྤགས་ཀྱི་གཡང་གཞིའི་རྣམ་པ་ཅན་ཞིག་ཡོད་པ་ནི། ཇི་སྐད་དུ། སྲིན་
ཡུལ་ལངྒ་པུ་རི་ན།། དུག་མཚོན་ནག་པོ་མེ་རེ་རེ།། ཞེས་
གསུངས་པ་ལྟར་ཡེ་ཤེས་མགོན་པོ་བེང་ཆེན་ལྕམ་དྲལ་གྱི་ཕོ་བྲང་ཡིན་པར་གསུངས། ཏི་སེའི་ཕྱོགས་བཞི་ན་ཡོད་
པའི་ཞབས་རྗེས་བཞི་ནི་མགོན་པོ་བེང་གིས་གངས་ཏི་སེ་འདི་ཀླུ་ཡུལ་དུ་གདན་འདྲེན་པར་བྱའོ་སྙམ་དུ་བསམས་ནས་རྫུ་འཕྲུལ་གྱིས་ཏི་སེའི་རྐེད་པ་ལ་ཐག་པ་བརྒྱབ་ནས་འཁུར་བར་བརྩམས་པ་ན། རྒྱ་གར་འཕགས་པའི་
ཡུལ་ནས་སྟོན་པ་འཁོར་བཅས་ངང་བའི་རྒྱལ་པོ་བཞིན་
འཕུར་ནས་ཕེབས་ཏེ་ཕྱོགས་བཞིར་ཞབས་རྗེས་རེ་བཀོད་པས་གདན་འདྲེན་མ་ནུས་པར་ལུས་པས། ད་ལྟའང་དེ་
བཞི་ལ་ཏི་སེ་མི་འགྱུར་བའི་གཟེར་བཞི་ཞེས་གྲགས་སོ།།