བྱང་གནམ་མཚོ་བསྐོར་བའི་མཐོང་ཐོས།(2)

        2012-08-20


བོད་པའི་གོམས་གཤིས་ལྟར་ན།གནས་མཇལ་བ་རྣམས་གནས་དེར་འབྱོར་རེ་བཞིན་རྡོ་མ་ཎི་རེ་བརྩིགས་ན་མ་ཎི་འབུམ་རེ་བཏོན་པའི་ཕན་ཡོན་ཡོད་པས་སོ།དེས་ན་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱི་ཕྱག་སོར་ལས་གྲུབ་པའི་རྡོ་བརྐོས་མ་ཎི་དག་ནི།འཇིག་རྟེན་བྱེད་པོའི་རྣམ་འཕྲུལ་ལས་བལྟམས་པའི་སྒྱུ་རྩལ་གྱི་བང་མཛོད་ཇི་བཞིན་ལྷག་པར་མཛེས།
མཆོད་རྟེན་གྱི་ལྷོ་ངོས་སུ་ཡོད་པའི་གུར་གྱི་མགྲོན་ཁང་དེའི་ཉལ་ཁྲི་རེའི་རིན་གོང་ལ་ནམ་དུས་མི་འདྲ་བའི་དབང་གིས་སྒོར་༣༥ནས་༡༠༠བར་གྱི་ཁྱད་པར་ཡོད་རུང་།མགྲོན་ཁང་དེ་ནི་གླིང་ཕྲན་དེའི་ཐོག་ཆ་རྐྱེན་ཡག་ཤོས་རེད།གནས་དེར་ས་བབ་ཤིན་ཏུ་མཐོ་སྟབས།ནང་ས་ནས་ཕེབས་མཁན་རྣམས་སྐུ་གཟུགས་མི་བདེ་བའི་རིགས་བྱུང་སྐབས།དེར་ཞག་པོར་བཞུགས་ན་འཚམས་པོ་མེད།ཡག་ཤོས་ལ་དེ་ཉིན་འདམ་གཞུང་ངམ་ཡངས་པ་ཅན་བར་ལོག་ཕེབས་ནས།ཞག་པོ་བཞུགས་ན་བརྟན་པ་ཡོད།
གནམ་མཚོར་འབྱོར་བའི་རྗེས།ལམ་སང་རྒྱུག་ཤར་གློད་ན།དབུགས་ཧལ་སྲིད།ང་ཚོ་མོ་ཊ་ནས་བབས་མ་ཐག་དགའ་ཚོར་གྱིས་རང་ལུས་བསྐུལ་ནས་མ་བཞག་པར་གང་སར་ཕར་རྒྱུག་ཚུར་རྒྱུག་མང་པོ་བྱས་སྟབས།རང་གི་སྙིང་ཁ་གཡུག་ཚད་མྱུར་ལ།དབུགས་ཧལ་བ་དང་།མགོ་ན་བ་ལ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་།ཐབས་མེད་པར་མགྲོན་ཁང་ནང་འཛུལ་ནས་ངལ་གསོ་རྒྱག་སྐབས།སྦྱིན་བདག་དེས་ང་ཚོར་གསོལ་ཇ་སྲུབས་མ་ཞལ་དཀར་རེ་གནང་བྱུང་།དེ་བཏུང་བའི་རྗེས་མགོ་ན་བའི་གནས་ཚུལ་རྦད་དེ་དྲག་སོང་།བོད་པ་ཚོའི་ངག་རྒྱུན་ལ་རི་དུག་ལ་ཇ་ཕན་ཞེས་པ་ཤིན་ཏུ་བདེན།མགྲིན་ཁང་ནང་རྒྱ་ཟས་མཆོད་ཀྱང་ཆོག རྒྱ་ཟས་བཟོ་མཁན་གྱི་སྦྱིན་བདག་དེ་སི་ཁྲོན་པའི་དྲོ་བ་ཤ་སྟག་ཡིན་པ་དང་།རིན་གོང་ཚང་མ་གཞན་ལས་ལྡབ་གཅིག་གིས་ཆེ་བ་འདུག འོན
ཀྱང་འགྲུལ་པ་མང་པོ་ཞིག་གིས་དེ་གའི་ཞལ་ལག་ལ་མཉེས་པོ་གནང་གི་འདུག
དགོང་མོའི་མཚམས་སྤྲིན་ཁྲོད་དུ་གནམ་མཚོའི་མཛེས་ལྗོངས་ཤིན་ཏུ་མཛེས་པས་ན།མཚམས་སྤྲིན་གཟིགས་རྒྱུའི་ཆེད་དུ་འགྲུལ་པ་མང་པོ་ཞིག་གནམ་མཚོར་ཞག་པོར་སྡོད་ཀྱི་ཡོད་སྐད་འདུགཉི་མ་ནུབ་ལ་ཉེ་བའི་སྐབས་སུ་ཡུལ་སྐོར་བ་མང་པོ་ཞིག་སྦྲ་གུར་ནས་ཕྱིར་དོན་དེ།མཚོ་འགྲམ་གྱི་རྡོ་སྟེང་དུ་བསྡད་ནས།གནམ་དགུང་དུ་འཁྲིགས་པའི་མཚམས་སྤྲིན་དང་མཚོ་ནང་དུ་གསལ་བའི་སྤྲིན་གཟུགས་ཀྱི་ངོ་མཚར་ལ་ཡོངས་སུ་གཡེངས་ནས་འདུག་པ་དང་།ལ་ལ་བས་ཉི་མ་མཚོ་ནང་དུ་ནུབ་ཚུལ་གསལ་པོ་མཐོང་བའི་ཆེད་དུ།རི་རྩེར་འཛེགས་ནས་ནུབ་ཕྱོགས་ལ་རྒྱང་ལྟ་བྱེད་པའམ་སྣང་།
ཉི་མ་ནུབ་པའི་རྗེས་གནམ་མཚོའི་རྒྱུད་ཀྱི་གནམ་གཤིས་ལམ་སང་གྲང་དུ་འགྲོ་གི་འདུག ཡུལ་
དེར་ཉིན་མོ་དང་མཚན་མོའི་བར་ལ་ཚ་གྲང་གི་ཁྱད་པར་ཆེན་པོ་ཡོད་པའི་སྐོར་སྔ་ས་ནས་ཐོས་མྱོང་བ་ནི་བདེན་པ་རང་རེད།མཚན་མོ་གནམ་དགུང་གི་སྐར་མར་ལྟ་འདོད་ཀྱང་།ཕྱི་ལོགས་ལ་གྲང་ངར་ཆེ་བའི་དབང་གིས།གུར་ནས་དོན་ཏེ་ཕྱིར་འགྲོ་ཕོད་ཀྱི་མི་འདུག ད་ལྟ་གླིང་ཕྲན་དེར
གློག་མེད་སྟབས།དགོང་མོ་ཉལ་སྐབས་མགྲོན་ཁང་ནས་སྣུམ་གློག་ཆུ་ཚོད་ཁ་ཤས་གཏོང་བ་ལས།དེ་བྱིངས་ཀྱི་དུས་ཚོད་ནང་མགྲོན་ཁང་ཚང་མ་ནག་པོ་རེད་འདུག ༢༠༠༤ལོར་བོད་ལྗོངས་ལག
ཐོགས་ཁ་པར་ལས་ཁུངས་ཀྱིས་ཡུལ་དེར་ཁ་པར་བསྡུ་གཏོང་སྲུང་སྐར་འབབ་ཚུགས་ཤིག་བརྒྱབ་པ་རེད།
དགོང་མོ་གཉིད་མ་ཁུག་ན།གུར་གྱི་ཕྱིར་བོད་རིགས་རྣམས་དང་མཉམ་དུ་སྒོར་གཞས་འཁྲབ་ཆོག དེ་ཉིན་དགོང་མོ་ཚང་མར་གཉིད་ཡག་པོ་
བྱུང་མི་འདུག མཚན་མོའི་ཆུ་ཚོད་གསུམ་པ་
ནས་ལྔ་པའི་བར་གྱི་ཆུ་ཚོད་གཉིས་ནང་གཞི་ནས་གཉིད་ཕྲན་བུ་ཞིག་ཁུག་བྱུང་།
ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཐོག་མཚོ་ངོས་ཚང་མ་གསལ་པོ་མི་རིག་ཀྱང་།རྒྱང་དུ་ཡོད་པའི་རི་དང་རི་སུལ་རྣམས་ཀྱི་གཟུགས་དབྱིབས་རབ་རིབ་ཙམ་མཐོང་གི་འདུག ནང་སར་
ཡིན་ན་དེ་དུས་ཉི་མ་ཤར་ཚར་བ་རེད།དེས་ན་ནང་ས་དང་བོད་ལྗོངས་བར་གྱི་ཉི་མ་ཤར་བའི་དུས་ཚོད་ལ་ཁྱད་པར་ཆུ་ཚོད་གཅིག་ལྷག་ཙམ་ཡོད་ངེས་ལགས།མཆོད་རྟེན་གྱི་ལྷོ་ངོས་ན་ཡོད་པའི་མཚོ་འགྲམ་དེ་ནི་ཞོགས་པ་ཉི་མར་ལྟ་ས་ཡག་ཤོས་ཤིག་རེད།ཞོགས་པ་མཚོ་འགྲམ་དུ་ཉི་མ་སྒུག་ནས་སྡོད་སྐབས།ལུས་ལ་གྱོན་ཆས་གང་ཡོད་གོན་ཀྱང་།ད་དུང་འཁྱགས་ནས་བཟོད་མི་ཐུབ་པ་ཞིག་འདུག དེ་ལྟར་ནའང་ཞོགས་པ་སྔ་པོ་
ནས་མཚོ་འགྲམ་དུ་པར་ཆས་བཙུགས་ནས།པར་ལེན་གྱི་གྲ་སྒྲིག་གནང་ནས་བཞུགས་པའི་མི་མང་པོ་རིག་རྒྱུ་འདུག ཞོགས་པའི་ཆུ་ཚོད་བདུན་
པ་ཙམ་དུ་ཡུན་རིང་སྒུག་པའི་ཉི་མ་དེ་དབང་ཕྱོགས་ལྷུན་པོའི་ཕྲག་ཏུ་དལ་མོར་འཕགས་ཤིང་།འོད་སྟོང་གི་ཡན་ལག་སྤྲིན་དང་རི་ཁ་བརྒྱུད་དེ་མཚོ་མོའི་ངོས་ལ་བརྐྱངས་པའི་ཚེ།འགྲུལ་པ་ཚང་མ་རེ་ཞིག་པར་ལེན་གྱི་ལས་ལ་བྲེལ་ནས།གནམ་མཚོའི་གསང་བ་དང་གཞལ་བྱ་ལྐོག་འགྱུར་ཐམས་ཅད་པར་གྱི་ལམ་དུ་འདྲེན་ཁུལ་བྱེད་པ་མང་།
 
  • ལེ་ཚན་སྔོན་མ།:ཐུན་མིན་གྱི་ཧུང་ཡོན་རྫོང་འབྲོག་པའི་སྦྲ་ནག་སྤྲོ་སྐྱིད་གླིང་།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་བྲག་ཕུག་རྩིག་བཟོ།
  • དོ་སྣང་ཆེ་བའི་རྩོམ།